ཉེས་དོན་གཏུག་བཤེར་ནི་རྒྱལ་ཁབ་ཀྱི་དབང་དྲག་འོག་ཉེས་དོན་འབྲེལ་ཐོགས་མི་སྣ་མཉམ་ཞུགས་བྱས་ནས་ནག་ཉེས་སུན་འབྱིན་དང་ཉེས་མེད་དཀར་འདོན་བྱེད་པའི་ལས་ཚུལ་ཞིག་ལ་གོ བོད་ལ་མཚོན་ན་སྔ་རབས་སྐབས་སུ་ཞུ་བཞེས་བདེན་རྫུན་དང་བཟུང་བཀྱིག་ཁྲིམས་ར་སོགས་ཀྱི་ཞལ་ལྕེ་ཡོད་པ་དེ་དག་དེང་གི་ཉེས་དོན་ཞུ་སྦྱོར་གྱི་ལམ་ལུགས་ཀྱི་དགོངས་པ་དང་ཅུང་ཟད་མཐུན། རྒྱ་ནག་ལ་མཚོན་ནའང་སྔ་རབས་ནས་གཞུང་གིས་ཉེས་དོན་ཞུ་སྦྱོར་གྱི་ལས་ཐམས་ཅད་དང་ལེན་བྱེད་པའི་སྲོལ་ཡོད། བཙན་པོ་སྲོང་བཙན་སྐབས་ཀྱི་དགེ་བཅུ་དང་ཞལ་ལྕེ་འདུས་བའི་ཁོད་སོ་དྲུག་གི་ཁྲིམས་དང་རྒྱ་ནག་གི་ཐང་རྒྱལ་རབས་ཀྱི་ཐང་ཁྲིམས་བཅས་ནི་སྐབས་དེ་བོད་དང་རྒྱ་ནག་གནའ་རབས་ཀྱི་ཁྲིམས་ལུགས་ཀྱི་ཕུལ་བྱུང་ཚབ་མཚོན་ཡིན་ཟེར། ཡིན་ནའང་ད་ལྟ་ཞུ་སྦྱོར་རམ་གཏུག་བཤེར་གྱི་ཁྲིམས་ཀྱི་གཞུང་ལུགས་དང་ལྟ་གྲུབ་ནི་༡༨༩༠གོ་གྲངས་ནང་རྒྱ་ནག་གི་ཁྲིམས་རིག་ཆེད་གཉེར་བས་ཡུ་རོབ་དང་འཇར་པན་སོགས་ནས་དབོར་འདྲེན་བྱས་པའི་ཁྲིམས་གཞུང་དག་གཞིར་བཟུང་བྱས་སྟེ་གསར་བཟོ་བྱས་བ་ཞིག་རེད། དཔེར་ན་དག་སེལ་དང་ཚབ་གཉེར་གྱི་ལམ་ལུགས་ལྟ་བུར་མཚོན་ན་བོད་དང་རྒྱ་ནག་གི་གནའ་བོའི་ཁྲིམས་གཞུང་ན་འདིའི་སྐོར་གཏན་འཁེལ་བྱས་མེད། དེ་ནི་ནུབ་ཕྱོགས་པའི་ཉེས་དོན་ཞུ་སྦྱོར་གྱི་སྐབས་སུ་གསར་གཏོད་བྱས་བ་ཞིག་རེད།

༡༩༤༩ལོ་རྗེས་སུ་རྒྱ་ནག་གིས་ཨུ་རུ་སུ་༼དེའི་སྐབས་སུ་སུའུ་ལུན་ཟེར༽ཞེས་བའི་རྒྱལ་ཁབ་དེ་ལས་ཉེས་ཁྲིམས་དང་དེའི་ཞུ་སྦྱོར་སྐོར་གྱི་ཁྲིམས་ཀྱི་གཞུང་ལུགས་སོགས་ནང་འདྲེན་བྱས་ཤིང་༡༩༧༩ལོར་ཉེས་དོན་གཏུག་བཤེར་གྱི་ཁྲིམས་གཏན་ཏུ་འཁེལ། ཁྲིམས་དེའང་༡༩༩༦ལོ་དང་༢༠༡༢ལོར་བཟོ་བཅོས་ཆེན་པོ་ཐེངས་གཉིས་ཙམ་བརྒྱབ་ཡོད། ཁྲིམས་དེ་ནང་དུ་ཆ་རྐྱེན་གང་འདྲ་ཞིག་གི་འོག་ནས་གང་ཟག་གི་ཐོབ་ཐང་ལ་རྒྱལ་ཁབ་ཀྱིས་ཚད་འཛིན་དང་བཟུང་བཀྱིག་བྱེད་ཆོག་པ་སོགས་ཀྱི་དོན་ཚན་དང་བརྒྱུད་རིམ་ཕྲ་ཞིབ་ངང་བཀོད་ཡོད་པས་རྒྱ་ནག་ནང་ཞུ་སྦྱོར་གྱི་ཁྲིམས་འདི་ལ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སམ་རྩ་ཁྲིམས་ཆུང་ངུ་ཞེས་འབོད་གིན་ཡོད།

ཁྲིམས་འདིའི་དགོངས་དོན་ནམ་རྩ་དོན་གཙོ་བོ་ནི་ཁྲིམས་འཛིན་ཀྱི་དབང་ཆ་ཆེད་དུ་འཛིན་པ་དང་། ཁྲིམས་ཀྱི་དབང་ཆ་ཆེད་འཛིན་བྱེད་སྐབས་སྤྱི་བདེ་དང་ཞིབ་དཔྱོད་དང་ཁྲིམས་ཁང་བཅས་ལས་ཁུངས་གསུམ་གྱིས་རང་རྐྱ་ཐུབ་པའི་སྒོ་ནས་ཆེད་འཛིན་བྱེད་པ་དེར་གང་ཟག་དང་ཚོགས་པ་སུ་གང་གིས་ཀྱང་ཐེ་གཏོགས་བྱེད་མི་ཆོག ཉེས་ཅན་དོགས་གཞི་མི་སྣ་དང་གྱོད་ཡ་ལ་དག་སེལ་གྱི་ཐོབ་ཐང་ཡོད་ཅིང་མི་མང་ཁྲིམས་ཁང་གི་འཁྲུན་བཅད་མ་བརྒྱུད་པར་མི་སུ་དང་སུ་ལའང་ཉེས་ཅན་ཏུ་ཐག་གཅོད་མི་རུང་བ། ཁྲིམས་མཐུན་གྱི་བདའ་འདེད་མི་རུང་བའི་གནས་ཚུལ་འོག་བདའ་འདེད་མི་བྱེད་པ་བཅས་ཀྱི་རྩ་དོན་ཡོད། ཉེས་དོན་ཞུ་གཏུག་གི་དབང་ཁྱབ་ནི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཉེས་དོན་གྱོད་གཞི་དང་ལེན་བྱེད་སྐབས་སོ་སོའི་དབང་ཆ་ཡི་ཁྱབ་ཁོངས་དང་ཁྲིམས་ཁང་གི་ཁྲིམས་བཤེར་དང་བོའམ་ཐོག་མའི་སྐབས་ཀྱི་དབང་ཆའི་ཁྱབ་ཁོངས་དག་ལ་ཟེར། དེ་ལ་དང་ལེན་གྱི་དབང་ཁྱབ་དང་ཁྲིམས་བཤེར་གྱི་དབང་ཁྱབ་གཉིས་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་ཐམས་ཅད་ཀྱི་བརྩད་གཅོད་དང་ལེན་ལ་དབང་ཁྱབ་ཡོད་པ་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་གྱོད་གཞི་བརྩད་གཅོད་དང་ལེན་གྱི་དབང་ཁྱབ་ཡོད།མི་མང་ཞིབ་དཔྱོད་ལས་ཁུངས་ལ་ལྐོག་ཟ་བརྔན་སྤྲོད་དང་གཞུང་གི་ལས་སྣེས་དབང་ཆ་བེད་ལོག་སྤྱད་པའི་ཉེས་གཞི། རྒྱལ་ཁབ་གཞུང་གི་ལས་སྣེས་དབང་ཆ་སྤྱད་ནས་ཁྲིམས་འགལ་གྱི་བཟུང་བཀྱིག་དང་ཚ་འདྲི། ཤ་འཁོན་ལེན་པ་དང་ཁྲིམས་འགལ་བསྔོག་བཤེར་གྱི་སོགས་ཀྱི་ཉེས་གཞི་ལ་བརྩད་གཅོད་དང་ལེན་གྱི་དབང་ཁྱབ་ཡོད། མི་མང་ཁྲིམས་ཁང་གིས་སྒེར་གཏུག་གི་གྱོད་གཞི་ཐད་ཀར་དང་ལེན་བྱེད་པའི་དབང་ཁྱབ་ཡོད། ཁྲིམས་བཤེར་གྱི་དབང་ཁྱབ་ནི་ཁྲིམས་བཤེར་དང་བོའམ་ཐོག་མའི་སྐབས་སུ་ཁྲིམས་ཁང་གང་གིས་ཁྲིམས་བཤེར་བྱ་རྒྱུ་དེ་ལ་གོ དབྱེ་ན་གསུམ་ཡོད་ཏེ་བང་རིམ་གྱི་དབང་ཁྱབ་དང་ས་ཐོག་གི་དབང་ཁྱབ། ཆེད་འཛིན་གྱི་དབང་ཁྱབ་བཅས་གསུམ་ཡོད། གཞི་རིམ་མི་མང་ཁྲིམས་ཁང་གིས་ཐུན་མོང་ངམ་སྤྱིར་བཏང་གི་ཉེས་དོན་ལ་ཁྲིམས་བཤེར་ཐོག་མ་བྱེད་པའི་དབང་ཁྱབ་ཡོད་པ་དང་། འབྲིང་རིམ་ཁྲིམས་ཁང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་གྱོད་གཞི་དང་ཕྱི་རྒྱལ་མི་སེར་གྱི་ཉེས་དོན། ཚེ་བཙོན་དང་སྲོག་ཆད་གཅོད་ཉེན་གྱི་ཉེས་དོན་གྱོད་གཞི་སོགས་ལ་ཁྲིམས་བཤེར་ཐོག་མ་བྱེད་པའི་དབང་ཁྱབ་ཡོད། མཐོ་རིམ་ཁྲིམས་ཁང་གིས་སོ་སོའི་ཞིང་ཆེན་དེ་ན་སྐད་གྲགས་ཆེ་བའི་ཉེས་དོན་ལ་ཁྲིམས་བཤེར་ཐོག་མའི་དབང་ཁྱབ་ཡོད། ཆེས་མཐོ་ཁྲིམས་ཁང་གིས་རྒྱལ་ཡོངས་རང་བཞིན་ཅན་གྱི་ཉེས་དོན་ལ་ཁྲིམས་བཤེར་ཐོག་མའི་དབང་ཁྱབ་ཡོད་པ་དང་དེས་སྲོག་ཆད་ཀྱི་མཐའ་མའི་བསྐྱར་ཞིབ་བྱེད་པའི་དབང་ཁྱབ་ཀྱང་ཡོད། གོང་གི་དེ་དག་ནི་བང་རིམ་གྱི་དབང་ཁྱབ་ཡིན།

ས་ཐོག་གི་དབང་ཁྱབ་ཅེས་བ་ནི་ཉེས་དོན་བྱུང་སའི་ཁྲིམས་ཁང་གིས་ཉེས་དོན་དེར་ཁྲིམས་བཤེར་དང་བོའི་དབང་ཁྱབ་ཡོད་པ་དེ་ལ་གོ ཆེད་འཛིན་གྱི་དབང་ཁྱབ་ནི་དམག་དང་མཚོ་འགག ལྕགས་ལམ་སོགས་ཀྱི་ཁྲིམས་ཁང་གིས་སོ་སོའི་ལས་དང་འབྲེལ་བའི་གྱོད་གཞི་ལ་ཁྲིམས་བཤེར་གྱི་དབང་ཁྱབ་ཡོད་པ་དེ་ལ་གོ་དགོས། ཉེས་དོན་ཞུ་གཏུག་གི་སྐབས་སུ་ཞུ་སྦྱོར་བདེ་བླག་ཡོང་ཆེད་སྤྱི་བདེ་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་དགོས་མཁོའི་དབང་གིས་དྲག་ཤུལ་ཐབས་ཚུལ་བཀོད་ངེས་ཡིན། དྲག་ཤུལ་ཐབས་ཚུལ་ནི་ཉེས་ཅན་དོགས་གཞི་མི་སྣ་དང་གྱོད་ཡ་སོགས་ཀྱི་གང་ཟག་གི་ལུས་ཀྱི་དབང་ཐང་ལ་དུས་ངེས་ཅན་ནང་ཚད་འཛིན་དང་བཟུང་བཀྱིག་བྱེད་པའི་དྲག་ཤུལ་གྱི་ཐབས་ཚུལ་ལ་གོ་དགོས། དེ་ལ་དབྱེ་ན་ལྔ་ཡོད།༡་འབོད་འགུགས།༢གཏའ་གྲོལ།༣བསྡོད་གནས་ལྟ་རྟོག༤བཀག་ཉར།༥འཛིན་བཟུང་བཅས་ཡིན། དཔེར་ན་བཀག་ཉར་དང་འཛིན་བཟུང་ལྟ་བུར་མཚོན་ན་དེ་ནི་ཞུ་སྦྱོར་བདེ་བླག་ཡོང་བར་བཀག་བཀྱིག་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ཐབས་ལམ་ཞིག་ཡིན་པ་མ་གཏོགས་ཉེས་ཆད་དངོས་མིན་པས་ཉེས་མེད་ཅོག་བཞག་སོགས་ཀྱི་ལྟ་གྲུབ་ཀྱང་འདི་ལས་བྱུང་བ་རེད། དྲག་ཤུལ་ཐབས་ཚུལ་ཞིབ་ཏུ་ཕྱིས་སུ་གསལ་བར་བརྗོད་པར་བྱ།

དེ་ནས་ཚབ་གཉེར་གྱི་སྐོར་ལ་ཁྲིམས་མཐུན་གྱི་ཚབ་གཉེར་དང་མངག་བཅོལ་གྱི་ཚབ་གཉེར། བཀའ་མངགས་ཀྱི་ཚབ་གཉེར་བཅས་གསུམ་ཡོད། ལོ་ན་མ་སོན་པའི་གཞོན་ནུའི་ཉེས་དོན་དང་དབང་བོ་མ་ཚང་བས་བསགས་པའི་ཉེས་དོན་སོགས་དེ་དག་གི་གཉེན་ཉེ་དུ་ཡིས་ཚབ་བྱས་ནས་ཞུ་སྦྱོར་བྱེད་པ་དེ་ལ་ཁྲིམས་མཐུན་གྱི་ཚབ་གཉེར་ཟེར། མངག་བཅོལ་ཚབ་གཉེར་ནི་གྱོད་ཡ་དང་གྱོད་བདག་གིས་མངག་བཅོལ་ལྟར་ཞུ་སྦྱོར་ལ་ཞུགས་པ་དེར་ཟེར། བཀའ་མངགས་ཚབ་གཉེར་ནི་ཁྲིམས་ཁང་གིས་གནས་ཚུལ་ངེས་ཅན་འོག་ཁྲིམས་རྩོད་པ་སོགས་ལ་བཀའ་བསྒོས་ནས་དོ་བདག་གི་ཞུ་སྦྱོར་ཚབ་གཉེར་བྱེད་པ་དེ་ལ་གོ་དགོས། ཁྲིམས་རྩོད་དག་སེལ་པ་མང་ཆེ་ཤོས་ནི་མངག་བཅོལ་ཚབ་གཉེར་བ་ཡིན་པ་དང་། དབང་སྐྱོན་དང་གཞོན་ནུའི་ཕ་མ་ཉེ་དུ་རྣམས་ནི་ཁྲིམས་མཐུན་ཚབ་གཉེར་བ་ཡིན། དག་སེལ་གྱི་རྩ་དོན་ནི་ཉེས་དོགས་པ་དང་གྱོད་ཡར་ཕན་པའི་དཔང་རྟགས་གཞིར་བཟུང་ནས་དེ་དག་ཉེས་མེད་དང་ཉེས་ཡང་། ཆད་པ་མི་དགོས་བའམ་ཡང་བ་སོགས་སྒྲུབ་ནས་ཉེས་དོགས་པ་དང་གྱོད་ཡ་ཕན་དང་སྡོང་གྲོགས་བྱེད་པའི་ཉེས་དོན་ཞུ་སྦྱོར་སྐབས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གལ་ཆེ་བའིརྩ་དོན་ཞིག་ཡིན། དེ་སྐོར་ཡང་རྗེས་སུ་ཞིབ་པར་བགྲོ་གླེང་བྱེད་གིན་ཡིན། འཕྲོས་ལུས་གྱི་དམངས་དོན་གྱོད་གཞི་ནི་གྱོད་ཡས་ནག་ཉེས་བསགས་སྐབས་གཞུང་དང་སྒེར་ལ་དཔལ་འབྱོར་གྱི་གྱོང་རག་ཡོད་ན་དེར་ཞིབ་དཔྱོད་ལས་ཁུངས་དང་སོ་སོ་མི་བདག་གིས་ཞུ་མཆིད་འོག་གུན་ཚབ་ཇི་ལྟར་སྤྲོད་པའི་འཕྲོས་ལུས་གྱི་གྱོད་གཞི་ཁྲིམས་བཤེར་སོགས་ལ་གོ གོང་སྨྲོས་ནི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་ནང་དོན་མདོར་བསྡུས་ཙམ་ཡིན། ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་རྩ་དོན་དང་འགྲོ་སྟངས་ཀྱི་སྐོར་ལ་བདག་གིས་ཕྱིས་སུ་མུ་མཐུད་ནས་རབ་དང་རིམ་པའི་སྒོ་ནས་མཚམས་སྦྱོར་བྱེད་རྒྱུ་ཡིན་པས། མཁྱེན་འདོད་རྣམས་དྲ་ཚིགས་འདིར་ཕེབས་ནས་བགྲོ་གླེང་བྱེད་པར་དགའ་བསུ་ཞུ།