ང་ཚོ་ཨ་མདོ་བ་ཕལ་ཆེ་བས་རང་ཉིད་ཀྱི་ཕུགས་འདུན་དང་དགའ་སྡུག་སོགས་ཀྱི་སེམས་ཚོར་སྙན་ངག་ལ་བཅོལ་ནས་རྨ་ཁ་དང་ན་ཚ་དེ་ཡིས་སྨན་བཅོས་བྱེད་ཁུལ་བྱས། དེ་ནི་བོད་ཀྱི་དེང་རབས་སྙན་ངག་པ་སོགས་ཀྱི་༼དངོས་རྫས་མ་ཡིན་པའི་རིག་གནས་ཤུལ་རྫས་༽ལས་སྐྱེས་ཤིང་མཆེད་པའི་སེམས་གཤིས་ཤིག་ཡིན་རྒྱུ་རེད་བསམ། མི་རིགས་འདིའི་མི་རབས་ནས་མི་རབས་སུ་བརྒྱུད་པའི་གོད་ཆག་དང་མྱངས་བའི་ངོ་ཚ་ཡོད་དོ་ཅོག་སྙན་ངག་གིས་ཞི་བའམ་ཞིག་གསོ་བྱེད་ནུས་ན། འཇར་པན་ནི་ད་ལྟ་སྙན་ངག་གིས་ཁྱབ་པའི་རྒྱལ་ཁབ་ཅིག་ཆགས་ཡོད་རྒྱུ་རེད། ཡིན་ནའང་དེ་ལས་ལྡོག་སྟེ་འཇར་པན་ནི་སྟོབས་འབྱོར་གྱིས་བརྟས་ཤིང་སྙན་ངག་གིས་དབུལ་བའི་རྒྱལ་ཁབ་ཅིག་ཡིན། ཉམ་དམའ་བའི་མི་རིགས་ཤིག་ལ་སྙན་ངག་མི་མཛའ་བ་ནི་ས་སྒང་འདིའི་མི་གཞན་གྱིས་ཤེས་ཤིང་ང་ཚོས་ཧ་མ་གོ་བའི་གསང་བ་ཞིག་ཡིན། ཞག་རྩི་ཡོད་མེད་ལ་མ་ལྟོས་བར་བར་སྣང་ནས་སྙན་ངག་གི་བཙན་མཁར་ཞིག་བཞེངས་བ་ལས་ང་ཚོས་མིག་མཐོང་ལག་ཟིན་གྱི་ཐབས་ལམ་ཞིག་བཙལ་ནས་ལུས་སྟོབས་རྒྱས་བར་བྱ་དགོས། སྟོབས་འབྱོར་ལས་བྱུང་བའི་སྙན་ངག་ནི་གླིང་སྒྲུང་ལྟ་བུ་ཡིན།

དེས་ན་ང་ཚོས་སྟོབས་འབྱོར་འཕེལ་བྱེད་ཀྱི་ཟ་མ་རིན་པོ་ཆེ་གང་ནས་འཚོལ་དགོས་ཞེ་ན། ངས་བལྟས་ན་ང་ཚོ་ཁྲིམས་ལུགས་ཀྱི་ལམ་ལ་ཆས་ཏེ་ཁྲིམས་ལུགས་ཀྱི་ཤ་མར་ཟོས་ན་ད་གཟོད་མི་རིགས་འདིའི་ལུས་སྟོབས་ཡང་བསྐྱར་རྒྱས་སྲིད། གནའ་བོ་རོམ་གྱི་བསམ་བློ་བ་ཕེ་ཁྲོལ་ནུ་ཡོག་སུས་༼Petronius༽ཁྲིམས་ལུགས་ནི་བག་ལབ་དང་མར་ཕྱུར་ཡིན་ཞེས་ལོ་ངོ་སྟོང་ཕྲག་ཡན་ལ་ལུང་བསྟན་ཡོད་པས། ང་ཚོས་ད་ལྟ་ཁྲིམས་ལུགས་ཞེས་བ་དེ་འོ་སྐོལ་གྱི་བསམ་པའི་ཀློང་གི་གཏེར་ནས་གདན་དྲངས་ཏེ་ལྟོ་གོས་གཏམ་གསུམ་སོགས་སྒྲུབ་བྱེད་ཀྱི་ཐབས་ལམ་ཞིག་ལ་བཀོལ་དགོས། རང་རིགས་ཀྱི་བགྲེས་སོང་ཕལ་ཆེ་བས་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་ལ་ཡིད་ཆེས་མེད་ཅེས་བརྗོད་ན་དེ་ལ་ཁག་མེད། ཁོང་ཚོའི་ལོ་རྒྱུས་ནི་རྒྱ་ནག་རྒྱལ་ཁབ་ཆེས་ཁྲིམས་མེད་ལུགས་མེད་ཀྱི་དུས་ངན་ལ་ཁེལ་ཡོད་ལ་ཁོང་རྣམ་པ་ཚོ་ལོ་རྒྱུས་དེ་དེད་ནས་ཚུར་ཡོང་བ་རེད། ཡིན་ནའང་ང་ཚོ་གཞོན་རབས་ཚོ་རྒན་པ་རྣམས་ཀྱི་འཇིགས་དོགས་ཀྱི་གྲིབ་མ་ནང་དུ་མི་གནས་བར་སོ་སོའི་སྐབས་དང་འཚམ་པའི་ཐོབ་ཐང་དང་བདེ་སྐྱིད་ལ་བརྩོན་ལེན་བྱེད་པ་ནི་ལྷན་སྐྱེས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན། རྒྱ་ནག་རྒྱལ་ཁབ་ཀྱི་རྟོགས་སད་ཤེས་ཡོན་པ་དང་སྒོས་སུ་ཁྲིམས་རིག་སྨྲ་བའི་སྡེ་དག་གིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་མི་ལོ་སུམ་ཅུ་ལྷག་ལ་ཧུར་ཐག་འབད་ཐག་བྱས་བའི་རྐྱེན་གྱིས་ད་ལྟ་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པ་རྩ་ཁྲིམས་ཀྱི་དོན་ཚན་ནང་ཚུད་ཡོད་པ་མ་ཟད། ཁྲིམས་ཐམས་ཅད་ཀྱི་ནང་དུ་ཁྱབ་བརྡལ་ཏུ་འགྲོ་དང་འགྲོ་བཞིན་པ་དང་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བ་དང་བོད་ཡུལ་ཁྲིམས་ཀྱིས་སྐྱོང་བ་སོགས་སྔར་ནས་དར་མ་མྱོང་བའི་སྲིད་ཇུས་ཀྱང་ལག་བསྟར་དང་གཏན་འཁེལ་བྱེད་བཞིན་བདའ། འདི་དག་ནི་ང་ཚོས་འཚོལ་དགོས་བའི་གླགས་ཡིན།

རྒྱ་ནག་ལ་མཚོན་ན་དེང་རབས་རང་བཞིན་ཅན་གྱི་ཁྲིམས་ཞེས་བ་དེ་དར་ནས་མི་ལོ་བཞི་ཅུ་ད་དུང་འགོར་མེད། མན་ཇི་འཇམ་དབྱངས་གོང་མའི་རྒྱལ་རབས་མཇུག་རྫོགས་པའི་སྐབས་སུ་རྒྱ་རིགས་ཁྲིམས་རིག་པས་ནུབ་ཕྱོགས་ཀྱི་ཁྲིམས་ལུགས་འཇར་པན་བརྒྱུད་ནས་རྒྱ་ནག་ཏུ་ནང་འདྲེན་བྱས། ལྕགས་ཕོ་ལོ་གསར་བརྗེ་ནས་རྒྱལ་དམངས་ཚོགས་པས་སྲིད་དབང་ཡོངས་སུ་ཟིན་པའི་བར་ལ་རྒྱ་ནག་ལ་ནུབ་ཕྱོགས་ཀྱི་སྲོལ་དང་མཐུན་པའི་ཁྲིམས་ཡང་དག་ཅིག་དར་མྱོང་སྐད། དེ་ནས་ཅཱང་ཅེ་ཧྲི་སོགས་ཀྱི་ཁྲིམས་ཀྱི་གླགས་བལྟས་ནས་དབང་ཆ་གཅིད་བསྡུད་ཀྱི་སྲིད་དབང་བཙུགས་པ་དང་དུས་ཕྱིས་སུ་གུང་ཁྲན་ཏང་གིས་ཀྱང་དེ་ལྟར་བགྱིས་ཏེ་དབང་ཆ་གཅིག་བསྡུད་ལ་མཱར་ལེའི་གོས་གསར་ཞིག་གཡོགས་ནས་སྲིད་དབང་བསྐྱངས་བས་ནུབ་ཕྱོགས་པའི་ཁྲིམས་ཚད་མའི་ལྟ་བ་ཡོངས་སུ་བོར། རིག་གནས་གསར་བརྗེ་ཆེན་མོ་སོགས་ཀྱིས་ཁྲིམས་ལུགས་ཀྱི་ལྟ་བ་དང་བྱེད་སྒོ་ཡོངས་རྫོགས་རྨེག་མེད་དུ་བཏང་། དེ་དག་གི་རྒྱུ་མཚན་ནམ་རྒྱུ་རྐྱེན་གཙོ་བོའང་དབང་ཆ་གཅིག་བསྡུད་ལ་ཐུག་ཡོད་པ་ད་ལྟ་མངོན་སུམ་ཚད་མར་གྱུར་ཡོད། ༡༩༧༩ལོ་ནས་བཟུང་རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཆབ་སྲིད་དར་ཞིང་དེ་དང་སྡོང་ནས་ཁྲིམས་སྒྲིག་གི་སྲིད་བྱུས་དར། སྐབས་དེར་༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་དང་བོད་ཀྱི་མཁས་བ་རྒྱང་གཟིགས་ཅན་དག་གིས་ཁྲིམས་ཀྱི་ཆ་རྐྱེན་ལ་བརྟེན་ནས་བོད་ཀྱི་རིག་གནས་ཀྱི་ཉམ་ཐག་པའི་མེ་རོ་གསོས། ད་ལྟ་ང་ཚོས་མུ་མཐུད་ནས་ཁྲིམས་ལ་བརྟེན་ནས་རིག་གནས་ཀྱི་མེ་ཁ་དེ་སྲུང་དགོས།

ཉེ་བའི་ཆར་སྲིད་གཞུང་གིས་ཨ་མདོ་ས་ཁུལ་གྱི་བོད་རིགས་རྣམས་ཀྱིས་༢༠༡༦ལོ་ནས་བཟུང་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རྒྱུགས་གཞི་བོད་ཡིག་གི་སྟེང་ནས་ལེན་ཆོག་པའི་བཀའ་ཁྱབ་སྤེལ་པས་བོད་ཀྱི་རིག་གནས་བའི་སྡེ་ལ་ལམ་ཁ་གསར་བ་ཞིག་བཟོས་སོང་། མི་ལོ་སྟོང་ཕྲག་རིང་ལ་ང་ཚོས་ཆོས་བཤད་ནས་ཡོན་བླངས། བརྒྱ་ཕྲག་རིང་ལ་སྙན་རྩོམ་བྲིས་ནས་ར་བཟི་སྟེ་བསྡད། ད་ལྟ་ང་ཚོའི་ཡོན་ཏན་པར་ཁས་འཆེས་བ་རྣམས་ཀྱིས་ཁྲིམས་སྦྱངས་ནས་ཀུན་དགའ་དོན་འགྲུབ་རེ་བཙལ་ན་མི་ཆོག་རྒྱུ་ཅི་ལ་མེད། རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། ལམ་ལུགས་ཀྱི་ལྷ་སྐུ་གོང་ལ་བཤམས། དངོས་ཡོད་ཀྱི་ཤ་མར་ད་ལྟ་མཆོད་ན་ང་ཚོའི་Image result for road in tibetལུས་སྟོབས་རྒྱས་ནས་ཅི་ཡང་བྱར་རུང་། དེ་མིན་པར་ལྟ་བ་ཡི་རླུང་འགེམས་ནས་བསྡད་ན་མི་རིགས་གཞན་དག་གི་དཔལ་ཡོན་གྱི་རྒྱ་མཚོའི་དཀྱིལ་ནས་ང་ཚོ་ལྟོགས་གྲིར་ཤི་ཉེན་ཡོད། ཁྲིམས་ལུགས་ནི་གོ་སླ་ལ་སྦྱངས་ནའང་སྤྲོ་བ་འཕེར་བ། སྦྱངས་ཚར་ནས་བཀོད་སྤྱོད་བྱེད་དུས་ཡོང་འབབ་སྙན་ངག་བྲིས་བ་ལས་བརྒྱ་འགྱུར་གྱིས་མང་བ། སྲིད་དབང་གི་རྗེ་བོར་འགྱུར་སླ་བ། དཔལ་འབྱོར་གྱི་གླགས་ལ་བལྟ་མཁས་བ། རིག་གནས་ཀྱི་མཁར་དབང་སྲུང་ཤེས་བ་སོགས་དགེ་མཚན་སྙན་ངག་པས་ཀྱང་བརྗོད་མི་ཚར་བ་ཞིག་ཡོད། ཉེས་ཁྲིམས་ནི་ཉེས་བ་དང་ཆད་པ་བརྗོད་པའི་ཁྲིམས། དམངས་ཁྲིམས་ནི་ཟོང་ཟོག་གི་ཐོབ་ཐང་དང་འབྲེལ་བའི་ཁྲིམས། རྩ་ཁྲིམས་ནི་སྲིད་དབང་བཀོད་འདོམས་དང་དབང་ཐང་བགོ་བཤའ་བྱེད་པའི་ཁྲིམས། ལྟོས། ཇི་འདྲའི་ལས་སླ་བའི་ཁྲིམས་རིག་པ་རེད། ལེ་ལོ་ཕྱི་བཤོལ་མེད་པར་ཁྲིམས་སྦྱངས་ནས་སང་ལོ་གནངས་ལོའི་ཁྲིམས་འཛིན་རྒྱུགས་གཞི་ལ་གྲ་སྒྲིག་བྱོས། ངེད་དྲ་ཚིགས་ནས་དེའི་སྐོར་གྱི་བོད་ཡིག་གི་ཁྲིམས་ལུགས་ཡིག་ཆ་དང་སྦྱངས་དེབ་སོགས་གང་ནུས་ཀྱིས་འཚོལ་བསྡུད་བྱས་ནས་ཁྱེད་རྣམ་པའི་མཐོང་ལམ་དུ་བསྟར་འབུལ་བྱེད་རྒྱུ་ཡིན།

ད་ལྟ་ཁྲིམས་སྦྱངས་སྐབས་སྟབས་བདེ་ཞིག་བཟོས་ཡོད་པ་དེ་ནི་བཙན་ཤུགས་ཀྱིས་མཱར་ལེ་རིང་ལུགས་སྦྱངས་ནས་ཁྲིམས་ལ་གཤག་བཅོས་བྱེད་མི་དགོས། ཁྲིམས་ཀྱི་གཉུག་གཤིས་དེ་རྟོགས་ཆེད་ཀྱཱང་ལཱ་གུ་དང་མོན་ཐི་སི་ཁོ་དང་རྗ་ཧྥིར་སུན་སོགས་ཀྱི་གཞུང་ལུགས་ལའང་སྦ་གསང་མེད་པར་སྦྱངས་ན་ཁྲིམས་དང་མི་འགལ་བས་ཕྱིས་སུ་ཁྲིམས་བཤད་དུས་མཁས་བ་དེ་དག་གི་ཟེར་སྒྲོས་རེ་ལུང་དྲངས་ཡོང་སྐབས་སྤུན་ཟླ་རྒྱ་རིགས་རྣམ་པའང་སྐུ་ཉིད་ཀྱི་ཡོན་ཏན་ལ་ཧ་ལས་ཤིང་ཡ་མཚན་པ་བྱེད་གིན་རེད། དེའི་སྟབས་ཀྱིས་ནུབ་ཕྱོགས་པའི་ཤེར་རྟོག་རིག་པའི་གནས་ལའང་བྱང་ཕྱན་ཆུད་ངེས་ཡིན། ཁྲིམས་ནི་དགེན་བསོད་ནམས་ཚེ་རིང་གཙོས་བའི་རྒན་རབས་རྣམས་ཀྱི་ངག་གི་འཇིགས་སུ་རུང་བའམ་ཞེ་མུར་བའི་དབང་བསྒྱུར་གྲལ་རིམ་གྱི་ཡོ་བྱད་ཙམ་མ་ཡིན་པར་དེ་ནི་ང་ཚོ་འགྲོ་བ་མིའི་ལོ་རྒྱུས་དང་བསྟུན་ནས་འགྲོགས་ཡོང་བའི་མི་སྣང་བའི་བཤེས་གྲོགས་ཤིག་ཡིན་པའི་ངེས་ཟིན་ཀྱང་རྙེད་ཐུབ། རིམ་གྱིས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཟེར་བའི་གཏམ་དཔེ་དེ་ནང་གི་གསེར་ཞེས་བའི་ཐ་སྙད་དེ་ལ་གོ་བ་མི་ཚེ་གང་བོར་ལེན་རྒྱུ་ཡོད།