tashi-wangchuk-tibetan

 ཉེ་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་བརྩོན་ལེན་པ་བཀྲ་ཤིས་དབང་ཕྱུག་ལ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་གྱི་ཉེས་འཛུགས་བསམ་འཆར་ཡིག་ཆ་ཁ་གསབ་ཅིག་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་ལ་ཕུལ་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་བཀྲ་ཤིས་དབང་ཕྱུག་གཞུང་གཏུག་བྱེད་དགོས་པའི་རེ་འདུན་བཏོན་ཡོད། ད་ལོ་ཟླ་༦་པའི་ཚེས་༢༥ཡས་མས་སུ། ཡུལ་ཤུལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དེ་འདྲའི་ཉེས་འཛུགས་བསམ་འཆར་ཡིག་ཆ་ཐོག་མ་དེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་ལ་ཕུལ་བ་ཡིན་མོད། ཟླ་གཅིག་ཙམ་གྱི་རྗེས་སུ་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་དེ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་བསྐྱར་དུ་བརྩད་གཅོད་གཏོང་བར་ཕྱིར་མངགས་བྱས། ཉེས་ཁྲིམས་གཏུག་བཤེར་གྱི་ཁྲིམས་ཀྱི་དོན་ཚན་༡༧༡གི་ནང་གསེས་ཚན་པ་༢་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་ཁྲིམས་ཡིག་གི་དོན་ཚན་༣༨༠ལྟར་ན། ཉེས་འཛུགས་ཀྱི་དཔང་རྟགས་མི་ཚང་བའམ་དོན་དངོས་མི་གསལ་ཞིང་ཉེས་དོགས་པ་གཞན་ལྷག་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་ན་གྱོད་གཞི་ཕྱིར་བརྩད་གཅོད་ལས་ཁུངས་ལ་བརྩད་གཅོད་ཁ་གསབ་བྱེད་པར་མངགས་དགོས་ཞེས་འཁོད་ཡོད་པ་དང་། དེའི་དོན་ཚན་༣༨༢་ནང་དུ་བརྩད་གཅོད་ལས་ཁུངས་ཀྱིས་ཟླ་བ་གཅིག་གི་ནང་ནས་ཁ་གསབ་བརྩད་གཅོད་ཚར་དགོས་བའི་གཏན་འཁེལ་ལྟར། ད་ལོའི་ཟླ་བརྒྱད་པའི་ཚེས་༢༥ཉིན་ཡུལ་ཤུལ་ཁུལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁ་གསབ་བརྩད་གཅོད་ཀྱི་དཔང་རྟགས་དང་བཅས་ཉེས་འཛུགས་བསམ་འཆར་ཡི་གེ་ཡང་བསྐྱར་ཞིབ་དཔྱོད་ལས་ཁུངས་ལ་ཕུལ་ཡོད་སྐད། ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་དོན་ཚན་༡༦༩ལྟར་ན། ཡུལ་ཤུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཟླ་བ་གཅིག་གམ་རིང་ན་ཟླ་བ་གཅིག་དང་ཕྱེད་ཀའི་ནང་རྒྱལ་ཁབ་ཀྱི་ཚབ་བྱས་ནས་བཀྲ་ཤིས་དབང་ཕྱུག་ལ་ཉེས་འཛུགས་ཀྱི་གཞུང་གཏུག་བྱེད་པའམ་ཡང་ན་ཉེས་བ་མེད་པའམ་ཡང་བ་དང་ཉེས་འཛུགས་ཀྱི་དཔང་རྟགས་མི་ཚང་བའི་རྐྱེན་གྱིས་ཞུ་གཏུག་མི་བྱེད་པའི་ཐག་གཅོད་བྱེད་དགོས། ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་དོན་ཚན་༡༧༡གི་ཚན་པ་༢་བ་དང་མི་མང་ཞིབ་དཔྱོད་ཁང་གི་ལས་དོན་ཁྲིམས་ཡིག་གི་དོན་ཚན་༤༠༡་དང་༤༠༣། ༤༠༤་དང་༤༠༦་གི་ནང་དུ་གསལ་བོར་གཏན་འཁེལ་བ་ལྟར། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བརྩད་གཅོད་མཇུག་འབྲས་ཀྱི་དཔང་རྟགས་འཐུས་ཚང་མིན་པར་བསམ་ན་ཡང་བསྐྱར་བདེ་འཇགས་ལས་ཁུངས་ལ་ཐེངས་གཅིག་མངགས་ནས་བརྩད་གཅོད་བྱེད་དུ་འཇུག་པའམ་ཡང་ན་ཉེས་འཛུགས་ཀྱི་དཔང་རྟགས་མི་ཚང་བས་ཞུ་གཏུག་མི་བྱེད་པའི་ཐག་གཅོད་བྱེད་ཆོག

དེའི་ཕྱིར། ཟླ་གཅིག་ནས་ཕྱེད་ཀ་ནང་ཡང་ན་དམིགས་བསལ་གྱི་གནས་ཚུལ་གང་མང་སོགས་ཀྱིས་ཉིན་༡༢༠་ནང་ནས་བཀྲ་ཤིས་དབང་ཕྱུག་ལགཞུང་གཏུག་བྱེད་མིན་གྱི་ཐག་གཅོད་tashi-wangchuk-aཐ་མ་དེ་བྱེད་དགོས། ཉེས་དོན་གཏུག་བཤེར་ལ་བརྒྱུད་རིམ་གསུམ་ཡོད་པ་ནི། སྤྱི་བདེ་ལས་ཁུངས་ཀྱིས་བརྩད་གཅོད་ཀྱི་བརྒྱུད་རིམ་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་ཞིབ་བཤེར་གྱི་བརྒྱུད་རིམ། ཁྲིམས་ཁང་གིས་ཁྲིམས་བཤེར་གྱི་བརྒྱུད་རིམ་བཅས་གསུམ་ཡིན། བཀྲ་ཤིས་དབང་ཕྱུག་གི་གྱོད་གཞི་ད་ལྟ་ཞུ་གཏུག་ཞིབ་བཤེར་གྱི་བརྒྱུད་རིམ་ནང་དུ་ཐོན་ཡོད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་གྱི་རྗེས་སུ་གཞུང་གཏུག་གི་ཐག་བཅད་ན་གྱོད་གཞི་འདི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁྲིམས་བཤེར་བྱེད་དགོས། འོན་ཀྱང་། ཉེས་ཁྲིམས་གཏུག་བཤེར་གྱི་དོན་ཚན་༢༤་ལྟར་ན། ཉེས་དོན་བརྩད་གཅོད་དང་ཞིབ་བཤེར་སོགས་ཀྱི་དབང་ཁྱབ་ནི་ཉེས་འཛུགས་ཀྱི་ཉེས་དོན་བསགས་སའི་སྤྱི་བདེ་ལས་ཁུངས་དང་མི་མང་ཞིབ་དཔྱོད་ལས་ཁུངས་ལ་ཡོད་པ་དང་། ཁྲིམས་བཤེར་ཀྱང་དེ་བཞིན་ནོ། དེས་ན། བཀྲ་ཤིས་དབང་ཕྱུག་གི་གྱོད་གཞིར་དབང་ཁྱབ་ཀྱི་གནད་དོན་ཡོད་པ་དང་ཁོ་བོས་བལྟས་ན་བཀྲ་ཤིས་དབང་ཕྱུག་གིས་ཉེས་དོན་བསགས་ས་པེ་ཅིན་ཡིན་པས། ཡུལ་ཤུལ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཁྲིམས་ཡིག་གི་དོན་ཚན་༣༦༢ལྟར་གྱོད་གཞི་འདི་པེ་ཅིན་གྲོང་ཁྱེར་མི་མང་ཞིབ་དཔྱོད་ཁང་གི་ཡན་ལག་ལས་ཁུངས་ལ་བསྐྱལ་ནས་ཞུ་གཏུག་ཞིབ་བཤེར་བྱེད་དུ་འཇུག་དགོས་སྙམ། རྒྱུ་མཚན་ནི་བཀྲ་ཤིས་དབང་ཕྱུག་ལ་ཉེས་འཛུགས་བྱེད་པའི་དོན་དངོས་བྱུང་ས་པེ་ཅིན་ཡིན་ལ་ཡུལ་ཤུལ་མིན་པས་མ་ཟད། བརྙན་འཕྲིན་བཟོ་རོགས་ཀྱི་ལས་ཁང་སྟེ་ཨ་རིའི་དུས་བབ་ཀྱི་ཡན་ལག་ལས་ཁུངས་ཀྱང་པེ་ཅིན་ན་ཡོད་པས། པེ་ཅིན་གྱི་འབྲེལ་ཡོད་ཁྲིམས་འཛིན་ལས་ཁུངས་ཀྱིས་གྱོད་དོན་འདི་ཁྲིམས་བཤེར་བྱས་ན་སྤྱིར་བཏང་གི་ཁྲིམས་ཀྱི་བརྒྱུད་རིམ་དང་མཐུན་པར་སྙམ། ཡུལ་ཤུལ་ཁྲིམས་འཛིན་ལས་ཁུངས་ལ་དམིགས་བསལ་གྱི་ཆ་རྐྱེན་ཡོད་པ་མ་གཏོགས་་གྱོད་གཞི་འདི་དང་དུ་ལེན་པའི་དབང་ཁྱབ་མེད།

རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ནག་ཉེས་ནི་ཅི་ཞིག་ཡིན་ཞེ་ན།

ཉེས་ཁྲིམས་ཀྱི་དོན་ཚན་༡༠༣ཡི་ཚན་པ་༢་བའི་གཏན་འཁེལ་ལྟར་ན། རྒྱལ་ཁབ་ཁ་གཏོར་བ་དང་མི་རིགས་གོང་བུ་གཅིག་གྱུར་གྱི་མཐུན་སྒྲིལ་གཏོར་བཤིག་བྱེད་པ་དམིགས་ཡུལ་ལ་བཟུང་ནས་བསམ་བཞིན་དུ་ཡིག་འཁྱམ་བཀྲམས་པ་དང་། པར་བསྐྲུན་བརྙན་ལེན་བྱེད་པ། གཏམ་བཤད་སྤེལ་བ་སོགས་ཀྱི་སྦྱོར་བ་བརྩམས་ནས་མང་ཚོགས་ལ་རྒྱལ་ཁབ་ཁ་ཐོར་བར་ངན་སྐུལ་བྱས་བ་ཞིག་ལ་ཟེར། ཉེས་ཁྲིམས་ཀྱི་གཞུང་བཤད་ལྟར་ན། ཉེས་མིང་འདི་བདེན་པར་གྲུབ་དགོས་ན་བསམ་པ་ཀུན་སློང་ངན་པའི་སྟེང་སྦྱོར་བ་ཁ་བྲལ་གྱི་ངན་སྐུལ་དངོས་སུ་བརྩམས་ཡོད་པའི་ཆ་རྐྱེན་གཉིས་ཚང་དགོས། ཁ་བྲལ་གྱི་ཀུན་སློང་ངམ་བསམ་ཚུལ་ཙམ་ཡོད་པས་ནག་ཉེས་འདི་ཚད་མར་གྲུབ་མི་ཐུབ། ཉེས་ཁྲིམས་ཀྱི་གཞུང་ནས་ནག་ཉེས་འདི་རིགས་ལ་བསམ་སྦྱོར་གྱི་ཉེས་བ་ཟེར། རྒྱལ་ཁབ་ཁ་བྲལ་དང་མི་རིགས་མཐུན་སྒྲིལ་གྱི་གོང་བུ་ཐོར་ཞིག་གི་མཇུག་འབྲས་བྱུང་ཡོད་མེད་ལ་མི་བལྟ་བར་དེའི་ལས་ལ་ཞུགས་པ་ཙམ་གྱིས་ཉེས་བ་འདི་བསགས་ཚར། ཉེས་ཁྲིམས་ནང་ནག་ཉེས་ཀྱི་གྲུབ་ཆ་སྟེ་བསམ་པའི་ཀུན་སློང་དང་སྦྱོར་བའི་ལས། སྦྱོར་བ་བོ་དང་གནོད་པའི་ཡུལ་བཅས་གྲུབ་ཆ་བཞི་ཡི་ཆ་རྐྱེན་མ་ཚང་ན་ནག་ཉེས་སུ་ངོས་མི་འཛིན་པས། ནག་ཉེས་འདི་ཚད་མར་གྲུབ་དགོས་ན་དང་བོ་ནི་ཀུན་སློང་ངམ་བསམ་པ་ནང་ན་བསམ་བཞིན་དུ་རྒྱལ་ཁབ་ཁ་བྲལ་དང་མི་རིགས་མཐུན་སྒྲིལ་གཏོར་བཤིག་གི་དམིགས་པ་དེ་ཡོད་དགོས། གཉིས་བ་ནི་པར་བསྐྲུན་དང་བརྙན་འཕྲིན་སོགས་བརྒྱུད་ནས་ཁ་བྲལ་གྱི་སྦྱོར་བ་དངོས་སུ་སྤེལ་བའམ་སྤེལ་ཏུ་འཇུག་པ་ལ་མཐུན་རྐྱེན་བསྐྲུན་པ་སོགས་ཀྱི་དོན་དངོས་མངོན་སུམ་དུ་ཡོད་པ། གསུམ་པ་ནི་སྦྱོར་བ་བོ་རང་ཉིད་ལོ་ན་སྨིན་ཅིང་དབང་བོ་ཚང་བའམ་རང་གི་བྱ་བྱེད་སྤྱོད་པ་རང་རྐྱ་ཐུབ་པའི་སྒོ་ནས་སྦྱོར་ནུས་བ་ཞིག་ཡིན་དགོས། བཞི་བ་ནི་སྦྱོར་བའི་ལས་དེ་ཡིས་ཉེས་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་ཡུལ་ཏེ་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་ཐེབས་པ་བཅས་ཡིན། ཆ་རྐྱེན་འདི་བཞི་བོ་ཡོངས་སུ་མ་ཚང་ན་ཉེས་མིང་གི་ཐ་སྙད་འདི་ཚད་མར་གྲུབ་མེད། རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་་ཆད་པ་གཅོད་སྟངས་ནི། ཉེས་ཅན་དཀྱུས་མར་ལོ་ལྔའམ་དེ་མན་གྱི་དུས་ཅན་བཙོན་འཇུག་དང་ཡང་ན་བཀག་བཙོན་ནམ་དམ་འདོམས་ཀྱི་ཆད་པ་སོགས་གཅོད་སྲིད། ནག་ཉེས་ཚབས་ཆེན་ཅན་ལ་ལོ་ལྔ་ཡན་གྱི་དུས་ཅན་བཙོན་འཇུག་སྟེ་ལོ་ལྔ་ཡན་དང་ལོ་བཅོ་ལྔ་མན་གྱི་བཙོན་འཇུག་བྱེད་སྲིད། དེ་མིན་ཟུར་གྱི་ཆད་པ་ཆབ་སྲིད་ཐོབ་ཐང་བཙན་འགོག་གི་ཆད་པའང་གཅོད་སྲིད། རང་རེའི་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ལྟར་ན་ནག་ཉེས་འདི་ནི་ཤིན་ཏུ་ཚབས་ཆེ་བ་དང་ཆད་པ་ཤིན་ཏུ་ལྗིད་པའི་ནག་ཉེས་ཞིག་ཡིན།

བོད་ཀྱི་གཏམ་དཔེར། རྒྱལ་བོའི་རྒྱལ་ས་མ་བདེ་ན། སྤྲང་བོའི་ཉལ་ས་མི་བདེ་ཟེར་བ་ལྟར་རྒྱལ་ཁབ་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་བཏང་ན་དེའི་མཇུག་འབྲས་ནི་ཤིན་ཏུ་སྐྱི་གཡའ་བ་ཞིག་ཡིན་པས་དེའི་ཐད་ཀྱི་སྦྱོར་བ་ལ་ནན་འགོག་བྱེད་པ་ནི་རྒྱལ་ཁབ་ཀྱི་འོས་འགན་ཡིན། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལ་བརྟེན་ནས་རྒྱལ་ཁམས་རྒན་མོ་གསེར་ཁུར་ལྟ་བུ་ཞིག་བཟོས་དགོས་བ་བདེན། ཡིན་ནའང་། རྒྱལ་ཁབ་བཙུགས་པ་ནས་བཟུང་འཛིན་སྐྱོང་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཉེས་མིང་འདི་བེད་ལོག་སྤྱད་ཏེ་བོད་དང་རྒྱ་རིགས་འདུས་བའི་མི་མང་ས་ཡ་བྱེ་བ་མང་པོར་མ་ཉེས་ཁ་གཡོགས་ཀྱིས་་སྡུག་སྦྱོང་དང་མནར་གཅོད་བྱས་བའི་ལོ་རྒྱུས་ཡོད། རིག་གསར་གྱི་སྐབས་སུ་དེ་ལས་ཀྱང་ཚབས་ཆེ། དེའི་བག་ཆགས་རྐྱེན་བྱས་ཏེ་བོད་ཀྱི་ས་ཁུལ་དང་དར་རྒྱས་ཞན་པའི་ས་ཁུལ་དག་གི་འཛིན་སྐྱོང་དང་ཁྲིམས་འཛིན་མི་སྣ་མང་བོ་ཞིག་གོམས་སྲོལ་རྙིང་བ་དང་བསམ་བློ་རྙིང་བ་ཡི་རྒྱ་ལས་གྲོལ་མ་ཐུབ་པར་མུ་མཐུད་དུ་ཁྲིམས་འགལ་གྱིས་ཉེས་མིང་འདི་དག་བེད་ལོག་སྤྱད་ནས་ས་གནས་མང་ཚོགས་ལ་སྡུག་སྦྱོང་དང་མནར་གཅོད་བྱེད་ཀྱིན་ཡོད། བསམ་ངན་གྱི་བྱ་སྤྱོད་འདི་དག་གིས་རྩ་ཁྲིམས་ནང་གཏན་ཏུ་འཁེལ་བའི་གང་ཟག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་མ་ཟད། རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་ཐབས་ལམ་ཡང་དག་པ་དེ་ལའང་བགེགས་དང་བར་ཆད་ཀྱང་བྱེད་གིན་ཡོད།

རྒྱལ་ཁབ་ཀྱིས་སྤེལ་བའི་རྩ་ཁྲིམས་སྔ་གཞུག་བཞི་ཡོད་པ་ཐམས་ཅད་ཀྱི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་བེད་སྤྱོད་ཀྱི་ཐོབ་ཐང་ལ་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱས་ཡོད། རང་རྒྱལ་གྱི་ཆེས་གདུག་རྩུབ་ཆེ་བའི་དུས་ཡུན་ནང་གི་རྩ་ཁྲིམས་སྟེ་རིག་གནས་གསར་བརྗེ་ཆེན་མོའི་སྐབས་ཀྱི་རྩ་ཁྲིམས་ཀྱི་ནང་དུའང་༼རིགས་སོ་སོའི་མི་རིགས་ལ་རང་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་པའི་ཐོབ་ཐང་ཡོད།༽ཞེས་བའི་རྩ་ཁྲིམས་ཀྱི་དགོངས་པ་རྒྱུན་སྐྱོང་བྱས་ཡོད། རྩ་ཁྲིམས་དེ་དག་གི་དགོངས་པ་ལ་བརྟེན་ནས་ང་ཚོས་སྔོན་རབས་པ་རྣམས་ཀྱི་གསར་བརྗེའི་གཞུང་ལུགས་སྣ་ཚོགས་བོད་ཡིག་ལ་བསྒྱུར་ཐུབ་ཡོད་པ་མ་ཟད། ཚན་རིག་དང་དཔལ་འབྱོར་སོགས་ཀྱི་རིག་པ་མཐའ་ཡས་བ་ཞིག་བོད་ཀྱི་རིག་གནས་ནང་དུ་དབོར་འདྲེན་བྱས། ཆུ་ངོགས་གཏམ་རྒྱུད་གཙོས་བའི་རྒྱ་ནག་གི་སྒྲུང་ཆེན་བཞིའི་ཡིད་དབང་འཕྲོག་པའི་བོད་འགྱུར་ལ་གཟིགས་དང་། ལང་ཚོའི་རྦབ་ཆུ་ལ་ཉོན་དང་། འདི་ཐམས་ཅད་ནི་རྩ་ཁྲིམས་ཀྱིས་རིགས་སོ་སོའི་མི་དམངས་ལ་སྤྲད་པའི་ཐོབ་ཐང་ལས་བཞད་པའི་མེ་ཏོག་སྣ་བརྒྱ་ཡིན། ཡིན་ནའང་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་རུ་ཕྱིན་པ་དང་ཁྲིམས་སྐྱོང་གིས་རམ་འདེགས་བྲལ་བའི་ཚོང་རའི་དཔལ་འབྱོར་གྱི་ལམ་ལ་མུན་ནག་མདའ་འཕེན་ལྟར་ཞུགས་པས། སྤྱི་ཚོགས་རིང་ལུགས་ཀྱི་རྣམ་དག་གི་ལྷག་བསམ་དང་མི་རིགས་འདྲ་མཉམ་དང་ཡར་རྒྱས་ཀྱི་དམིགས་ཡུལ་མང་བོ་ཞིག་རྒྱ་རིགས་གཙོས་བའི་འབྱོར་ལྡན་དབང་དྲག་ཁ་ཤས་ཀྱིས་བཅོམ། རིགས་སོ་སོའི་མི་མང་ལ་དབང་བའི་ཐོབ་ཐང་དང་རང་དབང་དེ་ཡང་འབྱོར་ལྡན་དབང་དྲག་དེ་དག་གིས་སྟོབས་བསྐྱེད་ཆེད་རྒྱལ་ཁབ་བདེ་འཇགས་ལ་ཁ་གཡར་ནས་བཙན་གྱིས་འཕྲོག་བཅོམ་བྱས། འདོད་སྲེད་ལ་ཚད་མེད་པར་མུ་མཐུད་ནས་འཕྲོག་བཅོམ་བདེ་བླག་ཡོང་ཆེད་དབང་དྲག་འབྱོར་ལྡན་འདི་དག་གིས་རྒྱལ་ཁབ་ཕྱི་ནང་གི་རིག་གནས་བ་ལ་ལར་ལྐོག་བརྔན་སྤྲད་ནས་༼་马戎དང་胡鞍钢་ལྟ་བུ་༽ཡང་དག་རྩ་ཁྲིམས་ཀྱིས་རྒྱུན་མ་ཆད་པར་གཏན་ཏུ་འཁེལ་བའི་མི་རིགས་སྲིད་བྱུས་ལ་ཐོ་འཚམ་བྱེད་དུ་བཅུག ཁོང་ཚོས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩ་མེད་དུ་བཟོ་ཆེད་རིག་གཏེར་དང་སྒོར་གཏེར་བཙུགས་ནས་རྒྱལ་ཁབ་ཀྱི་སྲིད་བྱུས་དང་ཁྲིམས་ལུགས་སོགས་གྲངས་ཉུང་མི་རིགས་ལ་གནོད་པའི་ཕྱོགས་སུ་ཁ་ལོ་བསྒྱུར་ཐུབ་བྱས། མཐོང་སོང་ངམ། རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་ཡིག་གི་ཁྲིམས་ལུགས་ལ་རྒྱལ་ཡོངས་ནས་ལོག་སྤྱོད་བྱེད་པ་དེ་མཐོང་སོང་ངམ། སློབ་ཆུང་སློབ་མའི་སློབ་དེབ་སྟེང་གི་བོད་ཡིག་ལོ་རེ་ནས་ལོ་རེར་ཇེ་ཉུང་དུ་འགྲོ་བའི་གནས་ཚུལ་དག་མཐོང་སོང་ངམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཁྲིམས་ལུགས་ལོག་སྤྱོད་བྱས་ནས་རེབ་གོང་དང་ཆབ་ཆ་དང་ཡུལ་ཤུལ་སོགས་ཀྱི་སྐད་གཉིས་སློབ་གསོ་རྩ་མེད་ཏུ་གཏོང་འདོད་པའི་ལྐོག་ཇུས་འདི་དག་མཐོང་སོང་ངམ། མེ་མེད་ན་དུ་བ་མི་འབྱུང་། མཐོང་ཆོས་ཀྱི་དུ་བ་འདི་དག་ནི་ཁེ་ཕན་དང་དབང་དྲག་ཚོགས་པ་དེ་དག་གིས་རྒྱལ་ཁབ་ཀྱི་ཁྲིམས་ལོག་སྤྱོད་བྱས་ནས་རིགས་སོ་སོའི་མི་མང་གི་ཐོབ་ཐང་མེར་བསྲེགས་པ་ལས་བྱུང་བ་ཞིག་མ་ཡིན་ནམ། བསམ་སྦྱོར་ངན་པ་འདི་དག་ནི་རྒྱལ་ཁབ་དང་ཁྲིམས་ལུགས་ལས་བྱུང་བ་ཞིག་མ་ཡིན་པར། འདི་ནི་མི་མངོན་པའི་དབྱིངས་ན་ཡོད་པའི་ཁེ་ཕན་ཚོགས་པ་ཁ་ཤས་ཀྱིས་ཁེ་ཕན་གྱི་ཆེད་དུ་ང་ཚོ་ཕ་མ་ལྟར་བྱམས་ཞིང་བརྩེ་བའི་སྣོད་བཅུད་དང་རིག་གནས་ཀྱི་སྲོག་གཅོད་པར་འོང་བ་ཡིན་པའི་སྦྱོར་བ་ཡིན། དེ་ཡང་གཏམ་དཔེར། སྒོམ་ཆེན་ཕྱག་རྒྱ་ཤིག་གིས་བཤིག རྒྱལ་ཁབ་རྒྱལ་ཁྲིམས་རྒྱུ་ཡིས་བཤིག་ཟེར་བ་ཅིས་མི་བདེན། ད་ལྟ་ང་ཚོས་རིག་པ་སྒྲིམ་ནས་གདོང་ལེན་མ་བྱས་ན་མི་འགྱངས་བར་ང་ཚོས་ཕ་སྐད་བཤད་མི་ཤེས་བའི་སྐབས་སུ། ང་ཚོས་ནམ་ཡང་ཅིའི་ཕྱིར་བཤད་མི་ཤེས་བའི་རྒྱུ་མཚན་དཔག་མི་ཐུབ་ལ་དཔག་འདོད་ཀྱང་འབྲལ། འདི་འདྲའི་དུས་ངན་ཞིག་ལ། བཀྲ་ཤིས་དབང་ཕྱུག་གིས་རྩ་ཁྲིམས་ལག་ཏུ་བཟུང་ནས་ལམ་ལ་ཆས། འཛིན་སྐྱོང་གཏུག་བཤེར་གྱི་ཁྲིམས་ལག་ཏུ་བཟུང་ནས་ལམ་ལ་ཆས། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་བཟུང་ནས་ལམ་ལ་ཆས། ཁོ་འགྲོ་ས་ནི་ཁྲིམས་འདི་དག་བཟོ་སའི་གནས་ཡིན། ཁོ་འགྲོ་ས་ནི་༡༩༤༩ལོར་རྒྱལ་ཁབ་གསར་བ་དབུ་བརྙེས་བ་ནས་བཟུང་རྒྱལ་ཁབ་ཀྱི་གཙོ་འཛིན་རིམ་པས་༧རྒྱལ་བ་པཎ་ཆེན་གཙོས་བའི་བོད་མི་ཡོངས་ལ་བོད་ཀྱི་རང་སྐྱོང་གི་ཐོབ་ཐང་ཁས་ལེན་བྱེད་ས་དེ་ཡིན། ཁོ་འགྲོ་དོན་ནི་བོད་ཀྱི་ས་ཁུལ་ན་བོད་ཡིག་སྦྱངས་སའི་སློབ་གྲྭ་དང་འཛིན་གྲྭ་ཞིག་མི་རྙེད་པའི་རྒྱུ་མཚན་དང་བོད་པ་ཞིག་གིས་རྒྱ་ཡིག་སྦྱངས་དགོས་ན་ངེས་བར་དུ་བོད་ཡིག་འདོར་དགོས་བའི་རྒྱུ་མཚན་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་འདྲི་བར་སོང་བ་ཡིན། རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ནང་དུ་བོད་ཡིག་བཀོལ་ཆོག་པའི་ཐོབ་ཐང་གསལ་ལྷང་ངེར་བྲིས་ཡོད་མོད། དངོས་ཡོད་ཀྱི་གནས་ཚུལ་ནང་བོད་ཀྱི་སྐད་ཡིག་གང་སར་བེད་སྤྱོད་བྱེད་མི་ཆོག་པའི་རྒྱུ་མཚན་ཇི་ཡིན་པ་དེ་ཆེས་མཐོའི་་མི་མང་ཁྲིམས་ཁང་ལ་འདྲི་བར་སོང་བ་ཡིན། ཆེས་མཐོའི་་སློབ་གསོ་ལས་ཁུངས་ལ་བོད་ཡིག་གི་ཆེད་ལས་སློབ་གྲྭ་ཆེན་མོ་ཞིག་ད་ལྟ་བར་དུ་འཛུགས་མ་ཐུབ་པའི་་རྒྱུ་མཚན་གང་ཡིན་འདྲི་བར་སོང་བ་ཡིན། རྒྱལ་ཁབ་ཀྱི་མགྲིན་ཚབ་ལྟ་བུར་གྱུར་ཡོད་པའི་བརྙན་འཕྲིན་ལས་ཁུངས་དང་བདེན་རྫུན་འབྱེད་སའི་ལྟེ་གནས་ཆེས་མཐོ་ཁྲིམས་ཁང་གིས་ཁྲིམས་ཀྱི་བརྒྱུད་རིམ་ཙམ་ལ་ཁག་བཞག་ནས་ཁོང་ལ་སྒྲ་སྐད་འབྱིན་པའི་གོ་སྐབས་ཤིག་ཀྱང་མ་བྱིན་པར་ཕྱིར་བསྐྲད། ཐོབ་ཐང་རྩོད་མཁན་ཞིག་ལ་མཚོན་ན་པེ་ཅིན་ནི་ཡིད་སྐྱོ་བའི་གྲོང་ཁྱེར་ཞིག་ཡིན། ཁོའི་གནམ་བདེ་སྒོ་མོ་ཆེའི་རྡོ་གཅལ་སྟེང་དུ་སྤོས་བའི་གོམ་སྒྲ་ཡོད་ཚད་ནི་སྡུག་བསྔལ་དང་སེམས་གཅོང་གི་སྨྲེ་ངག་ཁོ་ནར་གྱུར། ཁོང་གིས་༼སྐད་ཡིག་གི་ཆེད་དུ་ངས་ཪང་ཤིའང་བྱེད་ཐུབ།༽་ཟེར། འུ་ཐུག་ཐབས་ཟད་ཅི་བྱ་གཏོལ་མེད་དུ་གྱུར་ནས། ཁོས་ཉེན་ཁ་ལ་མ་འཛེམས་པར་ཨ་རིའི་དུས་བབ་ལ་འབྲེལ་གཏུག་བྱས། རྒྱུན་ལྡན་གྱི་ཤེས་བྱ་ལ་མི་རྨོངས་བའི་གང་ཟག་ཅིག་ཡིན་ན་རྒྱལ་ཁབ་ཀྱི་ས་ཐོག་ནས་ཨ་ཪིའི་གསར་ལམ་བརྒྱུད་དེ་རང་རྒྱལ་གྱི་སྐྱོན་མཚང་བརྗོད་པ་ནི་ཆེས་ཉེན་ཁ་ཆེ་ལ་འཇིགས་སུ་རུང་བའི་ལས་ཞིག་ཡིན་པ་སུས་མི་ཤེས། རིག་གནས་གསར་བརྗེའི་སྔ་གཞུག་གི་སྐབས་སུ་འདི་འདྲའི་བྱ་བ་ལས་ན་ལམ་སེང་སྲོག་གཅོད་གིན་རེད། དེའི་འཇིགས་སྐྲག་དང་ཞེད་སྣང་ད་ལྟ་བར་དུ་ང་ཚོའི་སེམས་ཀྱི་ནང་ན་གྲིབ་མ་ལྟར་ལུས་ཡོད། ཡིན་ནའང་བཀྲ་ཤིས་དབང་ཕྱུག་ནི་འཇིགས་པ་མེད་པའི་སྐྱེས་བུ་ཞིག་ཡིན། ཁོང་ནི་རྒྱལ་ཁབ་ཀྱི་ཁྲིམས་བཤིག་པ་ལ་འཇིགས་པ་མེད་པའི་སྐྱེས་བུ་ཞིག་མ་ཡིན་པར་རྒྱལ་ཁབ་ཀྱི་ཁྲིམས་སྲུང་བ་ལ་འཇིགས་པ་མེད་པའི་སྐྱེས་བུ་ཞིག་ཡིན་པས། ཁོང་གིས་ཨ་རིའི་དུས་བབ་ཀྱི་གསར་ལམ་བརྒྱུད་ནས་བོད་ཀྱི་ས་ཁུལ་གྱི་ཁྲིམས་བཤིག་པའི་གནས་ཚུལ་རྣམས་གླིང་ལ་བསྒྲོགས། དོན་དམ་པར་བཤད་ན་ཁོང་གིས་སྒྲོག་འདོད་པའི་ཡུལ་ནི་རང་རེའི་རྒྱལ་ཁབ་ཀྱི་རིགས་སོ་སོའི་མི་མང་ཡིན།  ཟླ་བ་འགའ་ཤས་ཀྱི་་རྗེས་སུ་ཡུལ་ཤུལ་ཁུལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་བཀྲ་ཤིས་དབང་ཕྱུག་འཛིན་བཟུང་བྱས།༼མུ་འགོད།༽