༄༅།། ན་མོ་རང་དབང་ཡ། ཐོབ་ཐང་གི་ཁྲིམས་རྣམས་ལ་སྐྱབས་སུ་མཆིའོ། རྒྱ་ནག་སྐད་དུ刑事诉讼权利21要决བོད་སྐད་དུ་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ཞུ་སྦྱོར་སྐབས་སུ་སོ་སོར་དཔག་པའི་ཐོབ་ཐང་གི་ཁྲིམས་ལ་བརྟེན་ནས་བསྲུང་བར་བྱ་བའི་ཐབས་ལམ་མྱུར་གྲོལ་ཉེར་གཅིག་མ་བཞུགས་སོ།
ཨོྃ་དཀར་ནག་ལས་འབྲས་ལ་ཕྱག་འཚལ་ལོ།

༡༽ རྒྱལ་ཁབ་ཉེན་རྟོག་སྒོ་ཁར་ཐོན་ནས།
སྒོ་ནི་རྡུང་ཞིང་མིང་ནས་འབོད་དུས།
ལམ་སང་སྒོ་ཆུང་མ་འབྱེད་བརྟག་སྟེ།
དཔང་རྟགས་ཡིག་ཆ་ཚང་མིན་བལྟ་དགོས།

montra-6

༢༽ ཉེན་རྟོག་བརྩད་གཅོད་པ་ཡི་གནས་ཚུལ།
ཕྲ་ཞིང་ཞིབ་པ་ཐམས་ཅད་ཅི་རིགས།
མ་ལུས་ཡི་གེར་གསལ་བོར་བྲིས་ནས།
རང་གི་ཉེ་དུ་ནང་མིར་སྤྲོད་དགོས།

༣༽ ཀུ་ཤུ་ཁ་པར་ལ་སོགས་ཡོད་ན།
གནས་ཚུལ་བྱུང་རིམ་དཔར་ལ་བཏབ་སྟེ།
ས་སྒང་ཕྱོགས་བཅུའི་དྲ་རྒྱ་སོ་སོར།
ཁ་མེད་མིག་མེད་སྤེལ་ནས་བཀྲམ་དགོས།

༤༽ ཉེན་རྟོག་མི་སྣས་དྲག་ཤུལ་བཙན་གྱིས།
འཇུས་ཤིང་ཁྲིད་ནས་འགྲོ་བའི་སྐབས་སུ།
ཡར་མར་སྐད་ཆ་མང་བོ་མ་བཤད།
རྒྱ་སྐད་ཡག་པོ་མི་ཤེས་གསུང་དང་།

༥༽ ཁྲིམས་མཁན་ཉེན་རྟོག་དབང་དྲག་རྣམས་ལ།
རྒོལ་དང་གཙེས་སོགས་སྦྱོར་བ་མ་བརྩམས།
འཇིགས་དང་ཞུམ་གྱི་སྣང་བའང་མེད་པར།
བག་ཕེབས་གསོང་བོའི་ཐབས་ཚུལ་བསྟེན་དགོས།

mantra3

༦༽ བཀག་ཉར་འཛིན་བཟུང་བྱེད་པའི་དུས་སུ།
ཁྲིམས་མཐུན་ཆོག་མཆན་ཡོད་མེད་དྲིས་ནས།
ཁྲིམས་འཛིན་ལས་ཁུངས་འགན་འཛིན་མིང་རྟགས།
ས་ཡིག་ཡོད་མེད་ཞིབ་ཏུ་བལྟ་དགོས།

༧༽ བཙན་འགུགས་སྐད་ཆ་འདྲི་བའི་དུས་ནི།
དུས་ཚོད་ཉི་ཤུ་རྩ་བཞི་རང་ཡིན།
བཀག་ཉར་སོགས་ཀྱི་ཆོག་མཆན་མེད་པར།
གློད་དུས་གསལ་བཤད་ཡི་གེ་ལེན་དགོས།

༨༽ ཁྲིམས་མཁན་དྲི་བ་རྒྱ་རྙིའི་སོ་ཡིན།
དེའི་ལན་འདེབས་དུས་ཤིན་ཏུ་ཟོན་ཞིང་།
ཧེ་བག་ཐེ་ཚོམ་སོམ་ཉིའི་གནད་ལ།
མི་དྲན་བརྗེད་ངེས་ཁག་འཇོག་བྱེད་དགོས།

༩༽ ཉེན་རྟོག་པ་ཡིས་ཁྲིམས་ལྟར་ཐོག་མར།
གང་གི་ཐོབ་ཐང་ཀློག་འདོན་བྱེད་དུས།
ཉིད་ལ་ཁྲིམས་རྩོད་པ་དང་སྐད་སྒྱུར།
མྱུར་ཏུ་དགོས་བའི་འདུན་པ་བཤད་དགོས།

handcuffs1

༡༠༽ སྤྱི་བདེའི་བཀཀ་ཉར་ཁང་དང་བསྡུར་ན།
ལྟ་རྟོག་དོ་དམ་ཁང་ནི་རབ་ཡིན།
གང་མགྱོགས་ལྟ་རྟོག་དོ་དམ་ཁང་ལ།
བསྐྱལ་དང་གནས་སྤོར་བྱེད་པར་འབད་དགོས།

༡༡༽ ཉེན་རྟོག་བསམ་མེད་རྒྱ་ཡན་དག་གིས།
གཅེར་རྡུང་མནར་གཅོད་ཚ་འདྲི་བྱས་བའི།
རྨ་ཁ་ལ་སོགས་དཔང་རྟགས་ཡོད་ན།
འཕྲད་དུ་ཞིབ་དཔྱོད་མི་སྣར་སྟོན་དགོས།

༡༢༽ ཁྲིམས་འཛིན་ཡིག་ཆ་ཐོ་ཡིག་རྣམས་ལ།
རྣལ་དུ་ཕབ་ཞིང་ཞིབ་ཏུ་བལྟས་ནས།
རང་གིས་མིང་རྟགས་གང་སར་འགོད་དུས།
ཧ་ཅང་ཤིན་ཏུ་ཡིད་གཟབ་གནང་དགོས།

༡༣༽ ཁྲིམས་དཔོན་ཀུན་སྙོམས་གཤིན་རྗེ་ཆོས་རྒྱལ།
ཉེས་འཛུགས་ཞིབ་དཔྱོད་ནག་པོ་གཤེད་ཡིན།
དག་སེལ་ཁྲིམས་རྩོད་ཆོས་སྐྱོང་སྲུང་མ།
ཁྲིམས་རའི་ཞིང་གི་བཀོད་པ་ཤེས་དགོས།

༡༤༽ བཟུང་བཀྱིག་བཀག་ཉར་བྱས་བའི་སྐབས་སུ།
གཏའ་གྲོལ་ཁྲིམས་ཀྱི་ཆ་རྐྱེན་ཚང་ན།
གློད་དང་གནས་ཁང་ལྟ་རྟོག་སོགས་ཀྱི།
ཐབས་ཚུལ་ཡང་བོར་བརྗེ་རེས་བྱས་ཆོག།

jailbars

༡༥༽ ཁྲིམས་རར་ལེགས་ཉེས་རྩོད་འབྱེད་བྱེད་སྐབས།
ངོ་རྟགས་གཏམ་དང་དཔང་རྫས་ཐམས་ཅད།
ལེགས་པར་བརྟགས་ཤིང་དཔྱད་པ་བཏང་ནས།
ཉེས་མེད་ཉེས་ཡང་དག་འབུད་བྱེད་དགོས།

༡༦༽ འཁྲུན་ཆོད་བཅད་དང་ཁྲིམས་ཀྱི་རྒྱས་བཏབ།
གང་གི་བློ་དང་མོས་ངོར་འགལ་ན།
དུས་ཡུན་མ་བརྒལ་ཁྲིམས་ཁང་གོང་མར།
གོང་གཏུག་བྱེད་པའི་གོ་སྐབས་འཛིན་དགོས།

༡༧༽ བཙུན་པའི་ཆོས་གོས་སྔགས་པའི་ལྕང་ལོ།
བཙན་གྱིས་ཕུད་ཀྱང་འབྲེག་པའི་ཁྲིམས་མེད།
རྩ་ཁྲིམས་འདུལ་ཁྲིམས་གསང་སྔགས་དམ་ཚིག
དྲངས་ནས་ཆོས་གོས་རལ་བ་སྐྱོབས་དགོས།

༡༨༽ ཁྲིམས་མཁན་ལས་ཀྱི་དཀྱིལ་འཁོར་ནང་ན།
ལས་འབྲས་བསྣོག་ཅིང་ལྐོག་ཟ་བྱས་ཤིང་།
རྒྱུ་འབྱོར་ཁེ་ཉེན་འབྲེལ་ཐོགས་མཆིས་ན།
གོང་ལ་ཞུས་ནས་ཁྲིམས་སར་ཕུད་དགོས།

༡༩༽ ཁྲིམས་ཆོད་མཐའ་མས་ལས་ངན་བསོད་ཟད།
ནག་ཆེན་གཏེ་བོར་སྲོག་ཆད་བཅད་ཚེ།
སྔར་སྲོལ་བསད་པ་སྟོང་གི་ཞལ་ལྕེ།
ཆོས་ཁྲིམས་ཞུ་ནས་ཐར་ཐབས་བྱེད་དགོས།

༢༠༽ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
ཁྲིམས་ལ་བརྟེན་ནས་སྐྱོང་རྒྱུ་ཟེར་ན།
ཆབ་འབངས་མགོ་ནག་བོད་མི་རྣམས་ཀྱིས།
ཁྲིམས་ཀྱི་ཤེས་བྱའང་གང་འཚམ་ཤེས་དགོས།

༢༡༽ ཆུ་ལས་ཆུ་བུར་བྱུང་བའི་དཔེ་བཞིན།
དགེ་སྡིག་ལས་ལས་སྲིད་པའི་ཁྲིམས་བྱུང་།
མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད།
ཁྲིམས་མེད་རང་དབང་ཐོབ་པར་གྱུར་ཅིག

ཉེས་འདུལ་ཁྲིམས་ཀྱི་རྣམ་གཞག་ནང་གི

དགོས་བའི་བསླབ་བྱ་ཉི་ཤུ་རྩ་གཅིག

mantra2