%e0%bc%a1 རྔ་བ་ས་ཁུལ་གྱི་དབང་འཛིན་པས་མང་ཚོགས་ལ་ཁྲིམས་ཀྱི་གོ་རྟོགས་སྤེལ་བར་བསྙད་བཏགས་ནས་༼དགོན་པའི་གྱོད་དཔེ་ཀློག་དེབ་༽ཟེར་བ་ཞིག་གྲྭ་བ་རྣམས་ལ་བཀྲམས་ནས་ནན་སྐུལ་གྱིས་སློབ་སྦྱོང་བྱེད་དུ་བཅུག སྲིད་གཞུང་གིས་རྒྱལ་ཁབ་་ཁྲིམས་ལུགས་ཀྱི་ཤེས་བྱ་གལ་ཆེ་བར་བཟུང་ནས་ཁྱབ་སྒྲག་དང་སློབ་སྦྱོང་བྱེད་དུ་འཇུག་པ་ནི་མང་ཚོགས་ལ་ཤིན་ཏུ་ཕན་པའི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་པས་ཁོ་བོས་ནམ་རྒྱུན་འདི་འདྲའི་ལས་གཞི་ལ་རྗེས་སུ་ཡི་རང་བྱེད་གིན་ཡོད།
ཡིན་ནའང་གྱོད་དཔེ་ཀློག་དེབ་འདི་ནི་ཁྲིམས་ཁྱབ་སྒྲག་བྱེད་པ་ལས་ཁྲིམས་བཤིག་པ་ཁྱབ་སྒྲག་བྱེད་པའི་ཀློག་དེབ་ཅིག་ཏུ་མཐོང་བས་ཐ་གཅིག་ཏུ་དགག་པ་བརྒྱག་དགོས་བྱུང་། གང་ཡིན་ཞེ་ན། དེས་རང་རེའི་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ཀྱི་དོན་ཚན་གསུམ་པ་ཉེས་ཆད་ཁྲིམས་ཀྱིས་གཏན་འབེབས་ཀྱི་རྩ་དོན་སྣང་མེད་དུ་བཏང་ཞིང་། སྐབས་བཅོ་བརྒྱད་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཀྲུང་ཨུ་ཚང་འཛོམས་བཞི་བའི་༼ ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བྱེད་པའི་གནད་དོན་སྐོར་གྱི་གྲོས་ཆོད་༽ཞེས་བྱ་བའི་སྲིད་དོན་དབང་འཛིན་ལས་ཁུངས་ཀྱིས་ཁྲིམས་ལས་བརྒལ་བའི་དབང་ཐང་གཏན་འཁེལ་བྱེད་མི་ཆོག་པ་དང་། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་དབང་བསྐུར་མེད་པར་སྤྱི་དམངས་ཀྱི་ཐོབ་ཐང་འཕྲི་བ་དང་འོས་འགན་སྣོན་པའི་བྱ་གཞག་སྤེལ་མི་ཆོག་ཅེས་བའི་རྩ་དོན་དང་རྦད་དེ་འགལ་ཡོད།

རྒྱལ་ཁབ་ཀྱི་གཞུང་དམངས་ཡོངས་ཀྱིས་ཤིན་ཏུ་གཙིགས་སུ་འཛིན་པའི་གོང་གི་གྲོས་ཆོད་གསར་བ་འདི་བྱུང་ནས་ལོ་གཉིས་ཙམ་མ་སོན་པའི་རིང་ལ་རྔ་བ་ས་ཁུལ་གྱི་ཆབ་སྲིད་དབང་འཛིན་པས་གྲོས་ཆོད་དེ་དང་ཉེས་ཁྲིམས་ཀྱི་རྩ་དོན་སྣང་མེད་ཏུ་གཡུགས་ནས་འདི་འདྲའི་ཁྲིམས་ལས་བརྒལ་ཞིང་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་གྲོས་ཆོད་ལ་མངོན་གསལ་གྱིས་ངོ་རྒོལ་བྱས་ཤིང་གཏོར་བཤིག་བཏང་བའི་རྩིང་སྤྱོད་དེ་ངོ་མ་ཧ་ལས་བ་ཞིག་རེད། མི་རིགས་རང་སྐྱོང་ས་ཁུལ་གྱི་ཆབ་སྲིད་དབང་འཛིན་པ་དང་ཁྲིམས་འཛིན་པ་རྣམས་ཁྲིམས་ལ་རྨོངས་ནས་སྒྲིག་ཁྲིམས་བཟོ་བ་དང་ཆབ་སྲིད་འཛིན་སྐྱོང་བྱེད་པ་ནི་མི་རིགས་རང་སྐྱོང་ས་ཁུལ་ན་གནད་དོན་རབ་དང་རིམ་པ་བྱུང་དང་འབྱུང་བཞིན་པའི་རྒྱུ་རྐྱེན་ལྟེ་བ་དེ་ཡིན།
%e0%bc%a2

གོང་དུ་ངེད་ཀྱིས་གླེང་བ་བཞིན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ཀྱི་དོན་ཚན་གསུམ་པ་ཉེས་ཆད་ཁྲིམས་ཀྱིས་གཏན་འབེབས་ཀྱི་རྩ་དོན་ནི། གང་ཞིག་ཉེས་བ་ཡིན་པ་དང་དེ་ལ་དཔག་པའི་ཆད་པ་ཇི་ལྟར་གཅོད་དགོས་བ་དེ་ཉེས་ཁྲིམས་ཀྱི་ནང་དུ་མངོན་གསལ་གྱི་གཏན་འཁེལ་ཡོད་དགོས་བའི་རྩ་དོན་ཞིག་ལ་གོ ཉེས་བ་དང་ཆད་པ་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁོ་ན་ལ་བརྟེན་ནས་གཏན་འབེབས་བྱེད་དགོས་བས་ཉེས་ཆད་ཁྲིམས་ཀྱི་རྩ་དོན་ཡང་ཟེར། ། རྒྱ་སྐད་ཀྱིས་༼罪刑法定原则༽ཟེར་ཞིང་དབྱིན་ཇིའི་སྐད་དུ་༼no penalty without a law ༽ཟེར།

དེ་ཡང་ཞིབ་ཚགས་སུ་བཏང་ནས་བརྗོད་ན།

བྱ་བྱེད་གང་ཞིག་ཉེས་ཁྲིམས་དང་འགལ་ཞིང་དེ་ལ་དཔག་པའི་ཆད་པ་ཇི་ལྟར་གཅོད་པ་ནི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བརྒྱུད་པའི་ཁྲིམས་ལུགས་ཀྱིས་ཐག་གཅོད་དགོས་བ་མ་གཏོགས་ས་གནས་སྲིད་གཞུང་གིས་བྱུང་རྒྱལ་ངང་བྱ་བྱེད་འདི་དང་འདི་ལ་ཉེས་ཆད་འདི་དང་འདི་གཅོད་གིན་ཡིན་ཟེར་བའི་དབང་ཆ་གཏན་ནས་མེད། ཁྲིམས་ལུགས་ཀྱི་ཉེས་བ་དང་ཆད་པ་གཏན་འཁེལ་བྱས་བའི་རྗེས་སུ་ཡུལ་དུས་ཀྱི་དབང་གིས་དེའི་ནང་དུ་ཁ་མི་གསལ་ཞིང་ཧེ་བག་གི་གནད་དོན་མཆིས་ན་དེ་གསེད་བཀྲོལ་བྱེད་མཁན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། བླ་མེད་ཁྲིམས་འཛིན་ལས་ཁུངས་སྟེ་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་ཡིན། དེ་ལས་གཞན་པའི་ལས་ཁུངས་ལ་ཉེས་ཁྲིམས་འཕྲི་སྣོན་དང་གསེད་དཀྲོལ་གྱི་དབང་ཐང་མེད།

གྱོད་དཔེ་ཀློག་དེབ་འདིའི་དོན་ཚན་གཉིས་ཡི་ནང་དུ་མི་མང་ཚོགས་སར་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་འཕྱར་ན་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་གྱི་ནག་ཉེས་སུ་བརྩིས་ནས་ཁྲིམས་ཆད་གཅོད་རྒྱུ་ཡིན་ཟེར། འོན་ཀྱང་།  རྒྱལ་ཁབ་ཀྱི་ཉེས་ཁྲིམས་ཀྱི་དོན་ཚན་༡༠༣་པ་ཡི་ཚན་པ་༢ ལྟར་ན་གང་ཟག་ཅིག་གིས་མང་ཚོགས་ལ་བྱ་བྱེད་ཀྱི་སྟེང་ནས་སྐུལ་སློང་བྱས་ཏེ་རྒྱལ་ཁབ་ཁ་འཐོར་བར་བྱེད་པའི་སྦྱོར་དངོས་རྗེས་གསུམ་གྱི་བྱ་སྤྱོད་བརྩམས་པ་དེ་ལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ནག་ཉེས་ཟེར། དེའི་ཉེས་ཆད་ནི་ལོ་ལྔ་མན་གྱི་དུས་ཅན་བཙོན་འཇུག་ཡིན་པ་དང་ནག་ཉེས་ཤིན་ཏུ་ཚབས་ཆེ་ན་ལོ་ལྔ་ཡན་གྱི་དུས་ཅན་བཙོན་འཇུག་ཡིན།

ཉེས་ཁྲིམས་ཀྱི་དོན་ཚན་དེའི་ནང་དུ། ༧རྒྱལ་བ་རིན་པོ་ཆེའི་སྐུ་པར་འཕྱར་བ་ཙམ་གྱིས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་བ་ཡིན་ཞེས་ཟུར་ཙམ་ཡང་གླེང་མེད་པ་མ་ཟད་རྒྱལ་ཡོངས་མི་དམངས་ཚོགས་ཆེན་དང་དེའི་རྒྱུན་ལས། ཆེས་མཐོ་ཁྲིམས་འཛིན་ལས་ཁུངས་སོགས་སུ་གང་གིས་ཀྱང་མངོན་གསལ་དོད་པོས་ངང་སྤྱི་དམངས་ཀྱིས་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་འཕྱར་ན་ཉེས་ཁྲིམས་ཀྱི་ཆད་པ་གཅོད་འོས་བའི་ཁ་བྲལ་ངན་སྐུལ་གྱི་ནག་ཉེས་བྱ་སྤྱོད་ཡིན་ཞེས་གསེད་བཀྲོལ་ལམ་འགྲེལ་བཤད་བྱས་མེད། ༧སྐུ་མདུན་གྱི་གོ་གནས་དང་མཚོན་དོན་ཐད་ལ་རྒྱལ་ཁབ་ཀྱིས་ཆབ་སྲིད་རང་བཞིན་ཅན་གྱི་གདེང་འཇོག་བྱས་ཡོད་མོད། ཁྲིམས་ལུགས་སྟེ་ཉེས་ཁྲིམས་རང་བཞིན་ཅན་གྱི་གཏན་འཁེལ་བྱས་མེད་པས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མ་བརྒྱུད་པར་༧སྐུ་མདུན་གྱི་སྐུ་པར་འཕྱར་བ་ཙམ་གྱིས་ནག་ཉེས་སུ་བརྩི་བ་ནི་ཉེས་ཁྲིམས་དང་འགལ་ཡོད་པ་མ་ཟད། རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་འཆར་སྣང་དང་ཡང་རྨང་ནས་འགལ་ཡོད།  

ཉེས་ཆད་ཁྲིམས་ཀྱིས་གཏན་འབེབས་ཀྱི་རྣམ་གཞག་ནི་ཉེས་ཁྲིམས་ཀྱི་རྩ་དོན་ཞིག་ཡིན་པ་ལ། རྒྱལ་ཁབ་རྩ་ཁྲིམས་ཀྱིས་ཁས་བླངས་བའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་གྱི་ཡ་གྱལ་ཞིག་ཀྱང་ཡིན། རྒྱལ་ཁབ་ཀྱི་སྲིད་འཛིན་ཞི་གྱིན་ཕིན་གྱིས་ཀྱང་རྒྱལ་ཁབ་ཁྲིམས་སྐྱོང་གི་འཆར་སྣང་གི་མཚམས་སྦྱོར་འབྲེལ་བཤད་ཀྱི་ནང་དུ་ས་གནས་ཁྲིམས་བཟོའི་དབང་ཆའི་ཚད་བཟུང་ནས་ཁྲིམས་བཟོ་རང་བཞིན་ཅན་གྱི་ས་གནས་ཡིག་ཆ་བཀག་འགོག་བྱེད་དགོས་ཞེས་བཤད་ཡོད་པ་བཞིན། རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་དབང་འཛིན་རིམ་པས་དབང་ཐང་ལས་བརྒལ་ཏེ་རྩ་དོན་དང་གསུང་བཤད་འདི་དག་སྣང་མེད་དུ་བཞག་ནས་སྔར་ནས་དོར་ཟིན་པའི་ཉེས་དོན་རིགས་འགྲེའི་ལམ་ལུགས་བེད་སྤྱོད་བྱས་ཏེ་ཁྲིམས་བཟོའི་རང་བཞིན་ཅན་གྱི་དབང་འཛིན་ཡིག་ཆ་སྤེལ་བ་ནི་རིག་གནས་གསར་བརྗེའི་སྐབས་ཀྱི་ཐབས་ངན་་རོ་ལངས་བརྒྱབ་པ་དང་གཅིག་མཚུངས་རེད། དེའི་ཕྱིར། རྔ་བ་ཁུལ་གྱི་འབྲེལ་ཡོད་དབང་འཛིན་པས་ཉེས་ཁྲིམས་དང་ཁྲིམས་སྐྱོང་འཆར་སྣང་ལྟར་གྱོད་དཔེ་དེ་དག་ངེས་པར་དུ་ཕྱིར་བསྡུ་བྱེད་དགོས།