རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་བཟོ་བ་བའི་ཁྲིམས་སོགས་ཀྱི་ཤེས་བྱ་ཚངས་ཐིགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་ན་ཡོད་པའི་རང་སྐྱོང་ཁུལ་དྲུག་སྟེ་མགོ་ལོག རྨ་ལྷོ། ཡུལ་ཤུལ། མཚོ་ནུབ། མཚོ་ལྷོ་དང་མཚོ་བྱང་བཅས་ཀྱི་སློབ་གསོ་དང་རིག་གནས་སོགས་ཀྱི་རང་སྐྱོང་ཡུལ་ཁྲིམས་ཀྱི་ཁྲིམས་བཟོའི་ཆུ་ཚད་དང་གནས་བབ་སོགས་ལ་བརྟག་དཔྱད་བྱས་དུས་གནད་དོན་མི་ཉུང་བ་ཞིག་མཐོང་།

%e7%ab%8b%e6%b3%95-12༡༩༨༤ལོར་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་སྤེལ་བ་རེད། དེའི་རྗེས་སུ་ཁྲིམས་བཟོ་ཆུ་ཚད་བཟང་ངན་ལ་མ་ལྟོས་བར་མི་རིགས་ས་ཁུལ་ནས་ས་གནས་རང་སྐྱོང་དང་རིག་གནས་སློབ་གསོ་ལས་དོན་རང་སྐྱོང་བཅས་ཀྱི་ལས་དོན་ལ་ཁྲིམས་བཟོ་བའི་ཚ་རླབས་འཕྱུར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་༡༩༨༧ལོར་རང་སྐྱོང་སྲོལ་ཡིག་སྤེལ་བ་དང་། རང་སྐྱོང་སྲོལ་ཡིག་ཅེས་བ་ནི་རང་སྐྱོང་ས་གནས་ཀྱི་རྩ་བའི་ཁྲིམས་ལྟ་བུའི་ཡུལ་ཁྲིམས་ཤིག་ཡིན། བཟོ་མཁན་ནི་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཡིན་པ་དང་། རྒྱལ་ཁབ་ཡོངས་སུ་རྩ་ཁྲིམས་ཀྱི་དབང་ཚད་ཀྱིས་ཁྱབ་ཡོད་པ་ཇི་བཞིན་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་གིས་སོ་སོས་དབང་འཛིན་པའི་ས་ཁུལ་ཡོངས་ལ་ཡུལ་ཁྲིམས་ཀྱིས་དབང་ཚད་ཀྱིས་ཁྱབ་ནས་བསྡད་དགོས་བ་ཞིག་ཡིན་དགོས།

༡༩༨༩ལོར་མཚོ་ལྷོ་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ལ་གཞིར་བཞག་སྟེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་གི་ལས་དོན་གྱི་སྒྲིག་ཡིག་ཅེས་བའི་ཡུལ་ཁྲིམས་ཞིག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བཟོས་ཤིང་དེའི་ཕྱི་ལོར་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོག་མཆན་ཐོབ་སྟེ་སྤེལ། བོད་སྐད་ཡིག་ལས་དོན་གྱི་ཡུལ་ཁྲིམས་ཀྱིས་རང་སྐྱོང་སྲོལ་ཡིག་གཞིར་བཟུང་ཞིང་རང་སྐྱོང་ས་ཁུལ་ཀྱིས་སྲིད་ཁྲིམས་དབང་འཛིན་དང་དཔལ་འབྱོར། སློབ་གསོ་དར་སྤེལ་དང་རིག་གནས་རྒྱུན་འཛིན་བཅས་ཀྱི་ཐད་ལ་ནས་བོད་ཡིག་ཇི་ལྟར་བེད་སྤྱོད་བྱེད་པའི་ཡུལ་ཁྲིམས་རང་བཞིན་ཅན་གྱི་རང་སྐྱོང་སྲོལ་ཡིག་གང་འཚམ་ཞིག་གཏན་དབེབས་བྱས་ཡོད། ཁྲིམས་བཟོ་བའི་ཁྲིམས་ཀྱི་དོན་ཚན་༧༥ལྟར་ན།ཡུལ་ཁྲིམས་འདི་དག་ལ་ས་གནས་ཁྲིམས་སྲོལ་གྱི་གོ་གནས་ཡོད།

རེབ་གོང་གིས་༡༩༨༧ལོར་དང་མགོ་ལོག་གིས་༡༩༩༠ལོར། ཡུལ་ཤུལ་གྱིས་༡༩༨༧ལོ་དང་མཚོ་བྱང་མཚོ་ནུབ་ཀྱིས་༡༩༨༧ལོར་སོ་སོའི་ས་ཁུལ་གྱི་རང་སྐྱོང་སྲོལ་ཡིག་གི་ཡུལ་ཁྲིམས་བཟོས་ཤིང་སོ་སོའི་ས་གནས་དང་འཚམ་པའི་བོད་སྐད་ཡིག་ལས་དོན་གྱི་ཡུལ་ཁྲིམས་ཀྱང་དེའི་ཕྱིས་སུ་རབ་དང་རིམ་པ་བྱས་ནས་བཟོས་ཡོད།  ཡུལ་ཁྲིམས་དེ་དག་ཤེས་བསམ་ན་དྲ་ཚིགས་འདིའི་ཁྲིམས་གཞུང་དང་ཡུལ་ཁྲིམས་ཀྱི་ལེ་ཚན་ན་རང་སྐྱོང་ས་ཁུལ་གྱི་ཡུལ་ཁྲིམས་བོད་ཡིག་དང་རྒྱ་ཡིག་གིས་སྟངས་ནས་བཞག་ཡོད་པ་དེར་གཟིགས་རོགས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་བཞུགས་པའི་དུས་སུ་བོད་ཁུལ་ནས་བཟོས་བའི་ཡུལ་ཁྲིམས་དེ་དག་རང་སྐྱོང་ས་ཁུལ་ནས་གང་ལ་གང་འཚམ་གྱི་ལག་བསྟར་བྱས་བ་ཡོད། ཁོང་གཤེགས་པའི་རྗེས་སུ་ཡུལ་ཁྲིམས་དེ་ཚོའང་ཞིང་ལ་གཤེགས་སོང་བ་འདྲ་བར་གྲགས་འགུལ་ཅི་ཡང་མེད་པར་གྱུར་ནས་ལོ་རབས་དང་ལོ་རབས་འགོར། མི་ཡིས་བཟོས་བའི་ཁྲིམས་ལུགས་ནི་གདོས་བཅོས་ཀྱི་ཕུང་བོ་ཞིག་དང་འདྲ་བར་དུས་ནས་དུས་སུ་བརྟག་དཔྱད་དང་བཟོ་བཅོས་བྱེད་དགོས་བ་ཞིག་ཡིན། གནའ་རབས་བོད་ལ་མཚོན་ནའང་ཞལ་ལྕེ་བཅུ་དྲུག་དང་། ཞལ་ལྕེ་བཅོ་ལྔ་ནས་བཅུ་གསུམ་སོགས་དུས་ནས་དུས་སུ་ཁྲིམས་ལ་བཟོ་བཅོས་བྱས་ཡོད། ཀྲུང་གོ་རྒྱལ་ཁབ་ལ་མཚོན་ན་༡༩༥༤ལོ་རྩ་ཁྲིམས་ཐོག་མར་སྤེལ་ཅིང་། དེ་ནས་༡༩༧༥་ལོ་དང་༡༩༧༨ལོར་ཡང་རིག་གནས་གསར་བརྗེ་ཆེན་མོའི་དགོས་མཁོ་དང་བསྟུན་ནས་རྩ་ཁྲིམས་བསྟུད་མར་ཐེངས་གཉིས་ལ་གསར་བཟོ་བྱས། དེ་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་འགྲོས་དང་བསྟུན་ནས་༡༩༨༢ལོ་ཡང་བསྐྱར་རྩ་ཁྲིམས་གསར་བཟོ་བྱས་བ་རེད། ད་ལྟ་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་རྩ་ཁྲིམས་ནི་༡༩༨༢ལོའི་རྩ་ཁྲིམས་ཡིན། སྲིད་གཞུང་གིས་དཔལ་འབྱོར་གྱི་བྱེད་སྒོ་ཐམས་ཅད་བཀོད་འདོམས་དང་དབང་བསྒྱུར་བྱེད་པའི་དཔལ་འབྱོར་ལམ་ལུགས་ནི་ནོར་འཁྲུལ་ཡིན་པ་ཚོར་བའི་རྗེས་སུ། ཀྲུང་གོ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁ་ཕྱོགས་ཚོང་རྭའི་དཔལ་འབྱོར་ལ་ཕྱོགས་པའི་རྒྱུ་མཚན་གྱིས། རྩ་ཁྲིམས་དེ་ཡང་༡༩༨༨ནས་ད་ལྟ་བར་དུ་ཐེངས་༤ལ་འཕྲི་སྣོན་དང་བཟོ་བཅོས་བརྒྱབ།༼༡༩༨༨་དང་༡༩༩༣ལོ། ༡༩༩༩ལོ་དང་༢༠༠༤ལོ་བཅས་ཡིན།༽ དགའ་འོས་བ་ཞིག་ནི་རྒྱལ་ཁབ་དང་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་སྲུང་སྐྱོབ་ལ་ཁག་ཐེག་བྱེད་རྒྱུ་ཡིན་པའི་དོན་ཚན་དེ་༢༠༠༤ལོར་རྩ་ཁྲིམས་བཟོ་བཅོས་བྱེད་སྐབས་རྩ་ཁྲིམས་ཀྱི་ནང་དུ་བཞག ༡༩༧༩ལོར་གཏན་ལ་ཕབ་པའི་ཉེས་ཁྲིམས་དེ་ཡང་༡༩༩༧་ལོར་བཟོ་བཅོས་ཆེན་པོ་བྱས་རྗེས་ད་ལྟ་བར་དུ་ཐེངས་དགུ་ལ་བཟོ་བཅོས་བྱས་བ་དང་ཕལ་ཆེར་ལོ་གཉིས་ཀྱི་ནང་དུ་བཟོ་བཅོས་ཐེངས་རེ་བརྒྱག་གིན་ཡོད། ཉེས་དོན་ཞུ་སྦྱོར་གྱི་ཁྲིམས་ཀྱང་༡༩༧༩་ལོ་ནས་སྤེལ་བ་ནས་བཟུང་དུས་དང་བསྟུན་ནས་བཟོ་བཅོས་ཆེན་པོ་ཐེངས་གཉིས་བྱས་ཡོད་པ་མ་ཟད་དེ་སྐོར་གྱི་ཁྲིམས་འཛིན་འགྲེལ་བཤད་ཀྱང་སྟོང་ལྷག་ལ་བུད་ཡོད།

%e7%ab%8b%e6%b3%9513གོང་གི་ང་ཚོའི་ཡུལ་ཁྲིམས་དེ་དག་བཟོས་བའི་དུས་དང་སྤྱི་ཚོགས་ཀྱི་གནས་སྟངས། བསམ་བློ་གཏོང་སྟངས་སོགས་ད་བར་དང་བསྡུར་ན་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ནི་རྒྱལ་ཁབ་ཀྱི་མདུན་བསྐྱོད་ཀྱི་ཁ་ཕྱོགས་ཀྱང་ཤར་ནས་ནུབ་ལ་འགྲོ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། ང་ཚོའི་རང་སྐྱོང་ས་ཁུལ་གྱི་ཆབ་དཔལ་རིག་གསུམ་གྱི་ལས་དོན་ཐམས་ཅད་ལའང་གོང་གི་འགྱུར་ལྡོག་དང་བསྟུན་ནས་འགྱུར་བ་ཆེན་པོ་བྱུང་དང་འབྱུང་གིན་ཡོད། སྤྱི་ཚོགས་ཀྱི་སྣང་ཚུལ་མང་བོ་སྔར་ནས་བྱུང་མ་མྱོང་བ་དེ་དག་ལའང་འཚམ་པའི་ཡུལ་ཁྲིམས་ཀྱང་ངེས་བར་དུ་བཟོ་དགོས་བ་ནི་གནས་བབ་ཡིན། དཔེར་ན་༢༠༠༠ལོར་རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་ཡིག་གི་ཁྲིམས་བཟོས་བ་ན་བཟུང་སྲིད་གཞུང་གིས་ཁྲིམས་དེ་ཁ་གཡར་ནས་མི་རིགས་རང་སྐྱོང་ས་ཁུལ་གྱི་སྐད་ཡིག་གི་བེད་སྤྱོད་དང་དར་སྤེལ་གྱི་ལས་དོན་ལ་སྔོན་ནས་བྱུང་མ་མྱོང་བའི་ཐེ་གཏོགས་དང་དཀའ་ངལ་མང་པོ་ཞིག་བཟོས་དང་བཟོ་བཞིན་པ་ལྟ་བུའོ། གནད་དོན་འདི་དག་གདོང་ལེན་བྱེད་ཆེད་ཐོག་མར་རང་སྐྱོང་ཁུལ་སོ་སོ་ནས་བཟོས་བའི་ཡུལ་ཁྲིམས་ཁག་འཐུས་ཚང་དུ་ངེས་བར་དུ་གཏོང་དགོས། ཡུལ་དུས་ཀྱི་འགྱུར་ལྡོག་གི་དབང་གིས་ང་ཚོས་༡༩༨༠གྱ་གྲངས་དང་གོ་གྲངས་།སྟོང་ལོའི་འགོ་ལ་བཟོས་བའི་ཡུལ་ཁྲིམས་ཐམས་ཅད་ད་ལྟ་བར་དུ་བཟོ་བཅོས་དང་སྣོན་འཕྲི་མི་བྱེད་པའི་རྒྱུ་མཚན་གང་ཡང་མེད། གཤམ་དུ་ང་ཚོས་ས་གནས་ནས་བཟོས་བའི་ཁྲིམས་ཡིག་ཅིག་ལ་མཉམ་དུ་ལྟ། དཔེར་ན་རྨ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཀྱིས་༡༩༩༤ལོར་བཟོས་བའི་༼རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག༽ནི་ཁྲིམས་བཟོ་དང་ཁྲིམས་འགྲེལ་བཤད་ཀྱི་ཐད་ལ་གནད་དོན་མི་ཉུང་བ་ཡོད་པའི་ཡུལ་ཁྲིམས་ཤིག་ཡིན། རིག་པ་འབྱུང་བའི་གྲོང་ལ་མཚོན་ན་འདི་འདྲའི་གནས་ཚུལ་ལ་གདོང་ལེན་བྱེད་རན་རེད། ཡུལ་ཁྲིམས་དེའི་དོན་ཚན་དང་བོས་ཁྲིམས་ཀྱི་ལུང་འདྲེན་སྐབས་རྩ་ཁྲིམས་འགོ་ལ་བཞག བར་དུ་རྨ་ལྷོ་ཁུལ་གྱི་ཡུལ་ཁྲིམས་བཞག ཐ་མར་རྒྱལ་ཡོངས་ཀྱི་ས་གནས་མི་རིགས་རང་སྐྱོང་གི་ཁྲིམས་བཞག་ནས་ཁྲིམས་ལུང་དྲངས་ཡོད། འདི་ལྟར་ལུང་དྲངས་ན་ཁྲིམས་བཟོ་བའི་ཁྲིམས་ཀྱི་འགྲོ་སྟངས་དང་འགལ་འདུག ཁྲིམས་བཟོའི་གཞུང་ལུགས་ནང་ཁྲིམས་ལུགས་ལ་ཁྲིམས་གོང་རིམ་དང་ཁྲིམས་འོག་རིམ་བཅས་བའི་དབྱེ་སྲོལ་ཡོད་ལ་ལུང་འདྲེན་དང་ཚད་མར་འཛིན་དུས་ཁྲིམས་གོང་འོག་གི་ལམ་རིམ་དེ་སྒྲིག་འཛོལ་བྱེད་མི་རུང་། དེས་ན་རྩ་ཁྲིམས་ཀྱི་རྗེས་སུ་རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་གི་ཐད་ལ་རྩ་ཁྲིམས་ལྟ་བུར་གྱུར་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་དེ་འཇོག་དགོས། དེ་ནས་རྨ་ལྷོའི་རྩ་བའི་ཁྲིམས་སམ་རང་སྐྱོང་སྲོལ་ཡིག་ཟེར་བའི་ཡུལ་ཁྲིམས་དེ་འཇོག་དགོས་བ་ཞིག་རེད། རང་སྐྱོང་ཁྲིམས་བཟོའི་སྲོལ་རྒྱུན་ལྟར་ན་ཡུལ་ཁྲིམས་བཟོ་སྐབས་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་མ་གཏོགས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལུང་འདྲེན་གིན་མེད། དེ་ནས་ཡུལ་ཁྲིམས་དེའི་དོན་ཚན་༡༥དང་༡༦་གཉིས་ཀྱིས་མི་མང་ཞིབ་དཔྱོད་ལས་ཁུངས་ལ་མི་མང་ཞིབ་བཤེར་ལས་ཁུངས་ཞེས་བྲིས་འདུག ཁྲིམས་བཟོ་ལས་ཁུངས་ཞིག་གིས་ཁྲིམས་འཛིན་ལས་ཁུངས་ཀྱི་མིང་བྱང་ཡང་དག་པ་ཞིག་བྲིས་མི་འདུག་པ་འདི་ཡང་བཞད་གད་སློང་བྱེད་ཀྱི་དོན་ཞིག་ལ་འཁུམས། དེ་ལས་ཀྱང་ཚབས་ཆེ་བ་ནི་དོན་ཚན་༡༥་བའི་ཐ་མའི་ཚན་པ་ནང་དུ་༼རྒྱ་ཡིག་དང་ཡང་ན་བོད་ཡིག་མི་ཤེས་པའི་གཏུགས་གཤེར་མི་སྣར་ལས་དེར་ཞུགས་པའི་མི་ག་གེ་མོ་ཞིག་གིས་ལོ་ཙཱ་བྱེད་ཆོག༽ཅེས་བཀོད་འདུག་པ་དེ་ཡིན། ཁྲིམས་བཟོ་ལས་ཁུངས་ཀྱིས་ཡུལ་ལ་ག་གེ་མོ་དང་གང་ཟག་ཆེ་གེ་མོ་ཞེས་བའི་ཐ་སྙད་ལ་གོ་འཛོལ་བྱུང་ན་སྐྱོན་ཆེར་མ་མཐོང་ཡང་། ཁྲིམས་བཤེར་སྐབས་ཀྱི་སྐད་སྒྱུར་ལ་གང་ཟག་ཆེ་གེ་མོ་ཞུགས་ན་ཆོག་ཟེར་ན་དངོས་གནས་ནོར་འཁྲུལ་རེད། བོད་སྐད་མི་ཤེས་བའི་གང་ཟག་ཐམས་ཅད་མི་ག་གེ་མོའམ་ཆེ་གེ་མོ་ཡིན་པས་ཁྱབ་པས་སོ། ཞིབ་ཏུ་བསམ་བློ་བཏང་ན་ཡུལ་ཁྲིམས་དེ་ཡང་ང་ཚོ་བཞིན་མེད་པ་ནས་ཡོད་པ། ཡོད་པ་ནས་འཐུས་ཚང་དུ་འགྲོ་བཞིན་པ་ཞིག་ཡིན་ཕྱིན་ང་ཚོས་དང་བོར་ཡུལ་ཁྲིམས་འདི་དག་ལ་གཅེས་སྤྲས་དང་དོ་སྣང་བྱེད་རྒྱུ་གལ་ཆེ། དེ་ནས་ཚིག་དོན་ལ་སྙིགས་དོར་བཅུད་ལེན་བྱས་ནས་གནས་བབ་དང་ཁྲིམས་བཟོ་བའི་ཁྲིམས་ཀྱི་དབང་ཁྱབ་འོག་བཟོ་བཅོས་དང་འཐུས་ཚང་བྱེད་དགོས། འདི་འདྲའི་ཁྲིམས་བཟོའི་ནོར་འཁྲུལ་རེབ་གོང་གཅིག་པོ་མ་ཡིན་པར་ཆབ་ཆ་དང་མགོ་ལོག་སོགས་རང་སྐྱོང་ཁུལ་གཞན་གྱི་ཡུལ་ཁྲིམས་ནའང་མཐོང་རྒྱུ་མང་བོ་འདུག་པས། ང་ཚོས་ཕྱིས་སུ་ཡུལ་ཁྲིམས་མཉམ་ཀློག་དང་བགྲོ་གླེང་གི་ལེ་ཚན་ཞིག་བཙུགས་ནས་ང་ཚོ་བོད་ཀྱི་ཁྲིམས་བཟོ་བ་དང་ཁྲིམས་ལུགས་ལ་དགའ་ཞེན་ཡོད་མཁན་རྣམས་དང་མཉམ་རུབ་ཀྱིས་བོད་ཀྱི་དེང་སྐབས་ཀྱི་ཡུལ་ཁྲིམས་ཁག་རེ་རེ་བཞིན་་ཀློག་འདོན་དང་ཞིབ་འཇུག བགྲོ་གླེང་བྱས་ཏེ་ཐབས་ཤེས་བཙལ་ནས་བོད་ཀྱི་ཁྲིམས་བཟོའི་གནས་བབ་དང་རང་སྐྱོང་གི་ཆུ་ཚད་མཐོ་རུ་འདེགས་པར་སྐུལ་འདེད་བྱ་རྒྱུ་ཡིན།