མི་སྨྲའི་རྟུལ་ཞུགས་འཛིན་པའི་ཐོབ་ཐང་ཞེས་བ་ནི་གང་ཟག་སུ་ཡིན་རུང་། ཉེན་རྟོག་པ་དང་ཁྲིམས་འཛིན་མི་སྣས་འདྲི་རྩད་བྱེད་སྐབས། དེར་ལན་མི་འདེབས་པར་ཁ་རོག་ཏུ་བསྡད་ཆོག་པའི་ཐོབ་ཐང་ཞིག་ལ་གོ དཔེར་ན་ཁྱེད་རང་ལ་ཉེན་རྟོག་པ་ཞིག་གིས་ཉེས་དོན་རྩད་གཅོད་དང་འབྲེལ་བའི་སྐད་ཆ་དྲིས་ཚེ། ཁྱེད་ཀྱིས་ཁོང་ལ་ལན་མི་སྨྲ་བར་ཁ་རོག་ཏུ་བསྡད་ན་ཁྲིམས་མཐུན་ཡིན་པ་ལྟ་བུའོ། ཐོབ་ཐང་འདི་ལ་༼མི་རན་དཱའི་ཉེན་བརྡ་༽༼Miranda Warning༽ཡང་ཟེར། དེ་ནི་ཨ་རིའི་རྩ་ཁྲིམས་འཕྲི་སྣོན་གྱི་དོན་ཚན་༥་བ་ནང་དུ་གཏན་ཏུ་འཁེལ་བའི་རྩ་དོན་ཞིག་ཡིན། ཨ་མེ་རི་ཀ་ནས་ཉེན་རྟོག་པས་གང་ཟག་ཅིག་ལ་འདྲི་རྩད་བྱེད་པའི་སྔོན་ཏུ་༼ང་ཚོའི་དྲི་བ་ལ་ཁྱེད་ཀྱིས་ལན་མི་འདེབས་པར་ཁ་རོག་ཏུ་འདུག་པའི་ཐོབ་ཐང་ཡོད། གལ་ཏེ་ཁྱེད་ཀྱིས་ལན་བཏབ་པ་ཡིན་ན། ཁྱེད་ཀྱི་ལན་དེ་དག་འབྱུང་འགྱུར་གྱི་དུས་སུ་ཁྱེད་ཉིད་ལ་མི་ཕན་པའི་དཔང་ཚིག་ཏུ་འགྱུར་སྲིད།༽ཞེས་བའི་རྩ་ཚིག་འདི་སྒྲོག་སྦྱངས་བྱས་བའི་རྗེས་སུ་ད་གཟོད་འདྲི་རྩད་བྱེད་དགོས། དེ་ལྟར་མ་བསྒྲགས་ན་ཉེན་རྟོག་པ་ལ་མི་ཕན་པའི་མཇུག་འབྲས་ཡོད།

right-to-silence-1

མི་སྨྲའི་བརྟུལ་ཞུགས་འཛིན་པའི་ཐོབ་ཐང་གི་ལམ་ལུགས་དེ་ནི་དབང་འཛིན་པས་བཙན་ཤེད་ཀྱིས་གྱོད་ཡ་དང་དོགས་གཞི་མི་སྣས་རང་ཉིད་ཀྱིས་ནག་ཉེས་བསགས་པ་ངོས་ལེན་བྱེད་དུ་འཇུག་པར་འགོག་རྒོལ་གྱི་ཆེད་དུ་བཟོས་བའི་ཐབས་ལམ་ཞིག་ཡིན། དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་དོན་ཚན་ཞིག་ཀྱང་ཡིན།  ༢༠༡༢ལོར་རྒྱ་ནག་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ལ་བཟོ་བཅོས་བྱེད་སྐབས། དེའི་དོན་ཚན་༥༠་ཡི་ནང་དུ་གང་ཟག་སུ་དང་སུ་ལའང་བཙན་ཤེད་ཀྱིས་ནག་ཉེས་ངོས་ལེན་བྱེད་དུ་འཇུག་མི་ཆོག་ཅེས་བསྣན་ཡོད། དོན་ཚན་དེས་མི་སྨྲ་བའི་བརྟུལ་ཞུགས་འཛིན་པའི་ཐོབ་ཐང་དང་། བཙན་ཤེད་ཀྱིས་རང་ཉིད་ནག་ཉེས་ཡིན་པར་ངོས་འཛིན་བྱེད་དུ་འཇུག་མི་ཆོག་པའི་རྩ་དོན་ཐོག་དང་བོར་གཏན་ལ་དབབ་པ་རེད།

ཉེས་དོན་གཏུག་བཤེར་གྱི་ཁྲིམས་ལྟར་ན། ཉེས་འཛུགས་བྱེད་མཁན་གྱིས་ཉེས་འབྲེལ་གྱི་དཔང་རྟགས་འཚོལ་བསྡུད་བྱེད་དགོས་བ་ལས། དོགས་གཞི་བ་དང་གྱོད་ཡ་ལ་རང་ཉིད་ནག་ཉེས་ཡིན་པར་སྒྲུབ་པའི་འོས་འགན་མེད་ལ། དེའི་སྐོར་གྱི་དཔང་རྟགས་མཁོ་སྤྲོད་བྱེད་པའི་འོས་འགན་ཡང་མེད། དེས་ཕྱིར་ཉེན་རྟོག་པ་དང་ཁྲིམས་འཛིན་པས་གང་ཟག་ཅིག་ལ་འཇིགསབསྐུལ་དང་མནར་གཅོད་བྱས་ཏེ་ནག་ཉེས་ངོས་ལེན་བྱེད་དུ་བཅུག་ན་དེ་ནི་ཁྲིམས་དང་འགལ་ཞིང་། དེ་ལས་བྱུང་བའི་དཔང་རྟགས་ནི་ཚུལ་མིན་གྱི་དཔང་རྟགས་ཡིན་པས་ཁྲིམས་དེ་དོན་ཚན་༥༤་ལྟར་དྲུངས་ནས་ཕྱུང་ཆོག

right-to-silence-4

ཡིན་ནའང་ཁྲིམས་དེའི་དོན་ཚན་༡༡༨་ལྟར་ན། ཉེས་དོན་དོགས་གཞི་བས་འདྲི་རྩད་པར་ལན་འདེབས་དུས་ངེས་བར་དུ་དྲང་བོ་དྲང་བཞག་གི་སྒོ་ནས་ལན་འདེབས་དགོས་ཞེས་གཏན་ལ་དབབ་ཡོད། དཔེར་ན་འདྲི་རྩད་པར་ཁྱེད་ཀྱི་རུས་མིང་དང་བསྡོད་གནས་སོགས་ཀྱི་གནས་ཚུལ་སྦ་གསང་མི་བྱེད་པར་བཤད་དགོས་བ་ལྟ་བུ་ཡིན། ཡང་དག་པའི་མི་སྨྲའི་བརྟུལ་ཞུགས་འཛིན་པའི་ཐོབ་ཐང་གི་ནང་དུ། ཉེས་ཅན་དོགས་གཞི་བས་རྫུན་སྨྲས་ན་སྐྱོན་ཏུ་མི་འཛིན་མོད། རྒྱ་ནག་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱིས་ཉེས་དོགས་པས་རྫུན་བཤད་ཆོག་པ་ལ་མངོན་སུམ་དུ་བཀག་ཡོད། དེའི་རྒྱུ་མཚན་གྱིས་རྒྱ་ནག་རྒྱལ་ཁབ་ལ་ངེས་དོན་གྱི་མི་སྨྲའི་བརྟུལ་ཞུགས་འཛིན་པའི་ཐོབ་ཐང་ཡོད་མེད་སྐོར་ལ་རྩོད་པ་ཆེན་པོ་ལྷག་ཡོད། གང་ལྟར་བདག་གི་བསམ་ཚུལ་ནི་འདྲི་རྩད་ཀྱི་སྐབས་སུ། ཉེས་དོགས་པས་ནག་ཉེས་དངོས་དང་ནག་ཉེས་བསགས་ཚུལ་སོགས་ཀྱི་གནས་ཚུལ་ལ་ཧེ་བག་དང་སོམ་ཉི་སོགས་མཆིས་ན། ཐད་གར་འདྲི་རྩད་པ་ལ་ལན་མི་འདེབས་པར་ཐོག་མར་ཁྲིམས་རྩོད་པར་གྲོས་བསྡུར་བྱེད་དགོས་བ་དང་། རང་ཉིད་ཀྱི་མིང་དང་བསྡོད་གནས་སོགས་ཀྱི་གནས་ཚུལ་སོགས་དྲང་བོ་དྲང་བཞག་ངང་བཤད་ན་ལེགས། འདིའི་སྐབས་སུ་སྐད་བསྒྱུར་ལ་ཁག་འཇོག་པ་ནིའང་ཤིན་ཏུ་གལ་ཆེ་བའི་གནད་ཞིག་ཡིན་པས་རྗེས་སུ་ཞིབ་ཏུ་བཤད་པར་བྱ།