༡ བཙན་ཤེད་ཀྱིས་རང་ཉིད་ཉེས་ཅན་ཡིན་པ་ངོས་ལེན་བྱེད་དུ་འཇུག་པ།

9-confession-master1050

གལ་སྲིད་ཁྱེད་དང་ཁྱེད་ཀྱི་གཉེན་ཉེ་དུ་གྲོགས་པོ་བཅས་ལ་ཉེན་རྟོག་པ་དང་བརྩད་གཅོད་མི་སྣས་རྡུང་རྡེག་དང་འཇིགས་སྐུལ་བྱས་ནས། བཙན་ཤེད་ཀྱིས་རང་ཉིད་ཉེས་ཅན་ཡིན་པར་ངོས་ལེན་བྱེད་དུ་བཅུག་ན་དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན། ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་དོན་ཚན་༥༠་ལྟར་ན་བརྩད་གཅོད་པས་ཉེས་དོན་དོགས་ཡོད་མི་སྣར་ཚ་འདྲི་དང་འཇིགས་བསྐུལ་བ། མགོ་སྐོར་དང་བསླུ་བྲིད་བཏང་ནས་དཔང་རྟགས་འཚོལ་བསྡུ་བྱེད་མི་ཆོག་ཅིང་། གང་ཟག་སུ་དང་སུ་ལ་ཡང་བཙན་ཤེད་ཀྱིས་ཁོ་རང་ཉེས་ཅན་ཡིན་པར་ངོས་ལེན་བྱེད་དུ་བཅུག་མི་ཆོག་ཅེས་གཏན་ལ་འཁེལ་ཡོད་པ་མ་ཟད། ད་ལོའི་སྤྱི་ཟླ་༡༠་བའི་ཚེས་༡༣་ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། རྒྱལ་ཁབ་བདེ་འཇགས་པུའུ། ཁྲིམས་འཛིན་པུའུ་བཅས་ལས་ཁུངས་ལྔ་ཡིས་ལྷན་ཏུ་བཏབ་པའི་བཀའ་རྒྱ་སྟེ་༼ཁྲིམས་བཤེར་ལྟེ་བར་བཟུང་ནས་ཉེས་དོན་གཏུག་བཤེར་གྱི་ལམ་ལུགས་གཏིང་ཟབ་དུ་བཅོས་བསྒྱུར་བྱེད་པའི་བསམ་འཆར༽ཞེས་པའི་དོན་ཚན་ལྔ་བ་ཡི་ནང་དུ། ཚ་འདྲི་གཏན་འགོག་བྱེད་པ་དང་གང་ཟག་སུ་དང་སུ་ལའང་བཙན་ཤེད་ཀྱིས་རང་ཉིད་ནག་ཉེས་ཅན་ཡིན་པར་ངོས་ལེན་བྱེད་དུ་བཅུག་མི་ཆོག་ཅེས་གཏན་ལ་ཕབ་པ་ལྟར་ན། ཉེན་རྟོག་པའམ་རྒྱལ་ཁབ་བདེ་འཇགས་ཀྱི་ལས་བྱེད་པས་ཉེས་དོན་དོགས་ཡོད་མི་སྣར་རྡུང་རྡེག་དང་ཚ་འདྲི་བྱས་ན་མི་འགྲིག གལ་སྲིད་ཚ་འདྲི་

བྱས་ནས་མ་བཟོད་པར་རང་ཉིད་ལ་མི་ཕན་པའི་དཔང་ཚིག་སོགས་བཤད་ཡོད་ན། ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་དོན་ཚན་༥༨་དང་གོང་གི་༼བསམ་འཆར།༽གྱི་དོན་ཚན་༥་བ་ལྟར། འཛིན་བཟུང་ཆོག་མཆན་དང་ཞུ་གཏུག་ཞིབ་བཤེར་དང་ཁྲིམས་བཤེར་བཅས་ཀྱི་སྐབས་བཅས་སུ་འབྲེལ་ཡོད་མི་སྣར་སྙན་སེང་ཞུས་ནས་དཔང་ཚིག་དེ་དག་ནུས་མེད་ཏུ་བཏང་ཆོག རང་ཉིད་ལྟ་རྟོག་ཁང་དུ་ཡོད་ན། དེ་གར་གནས་བསྡོད་བྱེད་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་མི་སྣར་རང་ཉིད་ལ་འཇིགས་སྐུལ་དང་རྡུང་རྡེག་བྱས་པའི་གནས་ཚུལ་གང་མགྱོགས་ངང་སྙན་ཞུ་བྱེད་དགོས།

༢ ལོ་ན་མ་སྨིན་པའི་གཞོན་ནུའི་གྱོད་གཞི།

20131026_cnp001_0ལོ་ན་མ་སྨིན་པ་སྟེ་རང་ལོ་༡༨་མན་གྱི་ཉེས་ཅན་དོགས་ཡོད་མི་སྣའམ་གྱོད་ཡ་ཡིན་ན། ཁྲིམས་འཛིན་ལས་ཁུངས་ཀྱིས་ཉེས་དོན་གཏུག་བཤེར་གྱི་དམིགས་བསལ་གྱི་བརྒྱུད་རིམ་བརྒྱུད་ནས་བརྩད་གཅོད་དང་ཁྲིམས་བཤེར་སོགས་བྱེད་དགོས། མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ལོ་ན་མ་སྨིན་པའི་གཞོན་ནུ་ལ་འཛིན་བཟུང་གི་ཆོག་མཆན་འགོད་དུས། ཐོག་མར་གཞོན་སྐྱེས་དེ་དང་ངོ་ཐུག་ནས་སྐད་ཆ་དྲིས་ཏེ། ཁོང་གི་དག་སེལ་ཁྲིམས་རྩོད་པའི་བསམ་འཆར་ཅི་ཡིན་ལ་གསན་དགོས། གལ་ཏེ་ལོ་ན་མ་སྨིན་པའི་གཞོན་ནུ་ལ་དག་སེལ་པ་མེད་ན། ཁྲིམས་འཛིན་ལས་ཁུངས་ཀྱིས་ངེས་པར་དུ་དག་སེལ་ཁྲིམས་རྩོད་པ་ཞིག་གཏན་འཁེལ་བྱེད་དགོས།

འདྲི་རྩད་དང་ཁྲིམས་བཤེར་བྱེད་དུས། ལོ་ན་མ་སྨིན་པའི་གཞོན་ནུའི་ཁྲིམས་ཚབ་སྟེ་གཉོར་སྐྱོང་བྱེད་མཁན་ངེས་བར་དུ་གམ་ན་ཡོད་དགོས། གཉོར་སྐྱོང་བྱེད་མཁན་གམ་ཏུ་ཡོང་མི་ཐུབ་ན་གཞོན་ནུ་དེའི་གཉེན་ཉེ་དུ་གམ་དུ་ཡོང་ན་ཡང་ཆོག ལོ་ན་མ་སྨིན་པའི་གཞོན་ནུ་བཀག་ཉར་དང་འཛིན་བཟུང་བྱས་ཚེ་དམིགས་བསལ་གྱི་ཁང་མིག་ནང་དུ་བཀག་ཉར་བྱེད་དགོས་ལ། ལོ་ན་སྨིན་པའི་དར་མ་སོགས་དང་ལྷན་དུ་བཀག་མི་ཆོག

གལ་སྲིད་གཞོན་ནུ་དེ་ལ་ལོ་གཅིག་མན་གྱི་ཁྲིམས་ཐག་གཅོད་སྲིད་ན། ཆ་རྐྱེན་ལྡན་པའི་ཉེས་འཛུགས་མི་བྱེད་པའི་བརྒྱུད་རིམ་ལ་བརྟེན་ནས་གུ་ཡངས་སུ་གཏོང་བའི་ཐབས་ལམ་ཡོད། གལ་ཏེ་གཞོན་ནུ་དེ་ལ་ཁྲིམས་ཐག་ལོ་ལྔ་མན་ལ་བཅད་པ་ཡིན་ན། གཞོན་ནུ་དེའི་ཁྲིམས་བཤེར་དང་འབྲེལ་བའི་ཡིག་ཆ་ཚང་མ་ཕྱིར་བསྒྲགས་མི་བྱེད་པར་གསང་ཉར་བྱ་དགོས། གཏན་འཁེལ་དེ་དག་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་དོན་ཚན་༢༦༦་ནས་༢༧༦་ཡི་ནང་དུ་ཡོད།

༣ སྐད་བསྒྱུར་མཁོ་སྤྲོད་མ་བྱས་པའི་གནད་དོན།

56499ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་དོན་ཚན་༩་བས། ཁྲིམས་འཛིན་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་དོགས་ཡོད་མི་སྣ་དང་གྱོད་ཡ་ལ་འདྲི་རྩད་དང་ཁྲིམས་བཤེར་གྱི་སྐབས་སུ། དེའི་སྐད་བསྒྱུར་གྱི་ཐོབ་ཐང་ལ་ཁག་ཐེག་བྱེད་དགོས་པ་དང་། མི་རིགས་རང་སྐྱོང་གི་ས་ཁུལ་ནས་འདྲི་རྩད་དང་ཁྲིམས་བཤེར་སོགས་བྱེད་དུས། ས་ཁུལ་དེའི་ཐུན་མོང་གི་སྐད་ཡིག་བེད་སྤྱོད་བྱས་ནས་འདྲི་རྩད་དང་ཁྲིམས་བཤེར་བྱེད་དགོས་ཞེས་གཏན་ལ་འཁེལ་ཡོད། ཁྲིམས་འཛིན་དང་བརྩད་གཅོད་ལས་ཁུངས་ཀྱིས་ཐོབ་ཐང་དེ་དག་ཁག་ཐེག་མ་བྱས་བར་འདྲི་རྩད་དང་ཁྲིམས་བཤེར་བྱས་ན་དེ་ནི་བརྒྱུད་རིམ་དང་འགལ། ༼སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་ལག་ལེན་བྱེད་པའི་བརྒྱུད་རིམ།༽ཞེས་བའི་ཁྲིམས་སྲོལ་གྱི་དོན་ཚན་༡༡་གི་ནང་དུ་༼སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་ལག་ལེན་བྱེད་སྐབས། ས་གནས་དེ་གའི་ཐུན་མོང་བེད་སྤྱོད་ཀྱི་སྐད་ཡིག་མི་ཤེས་བའི་དོ་བདག་ལ་སྐད་བསྒྱུར་མཁོ་སྤྲོད་བྱེད་དགོས། གྲངས་ཉུང་མི་རིགས་སམ་མི་རིགས་སྣ་མང་འདུས་སྡོད་ཀྱི་ས་གནས་ནས། ས་ཆ་དེའི་ཐུན་མོང་བེད་སྤྱོད་ཀྱི་སྐད་ཡིག་ལ་བརྟེན་ནས་འདྲི་རྩད་བྱེད་དགོས། ཕྱི་རོལ་ལ་སྤེལ་བའི་ཁྲིམས་ཡིག་གི་ཁྱབ་བསྒྲགས་ཀྱང་ས་དེ་གའི་ཐུན་མོང་གི་སྐད་ཡིག་གི་སྟེང་ནས་སྤེལ་དགོས།༽ཞེས་པ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཉེས་དོན་གཏུག་བཤེར་གྱི་སྒྲིག་ལམ་ཚོད་ལྟ་མའི་དོན་ཚན་༡༩༨་ཀྱི་ནང་དུ་མི་དམངས་ཞིབ་དཔྱོད་ཁང་གིས་སྐད་བསྒྱུར་མཁོ་སྤྲོད་ཀྱི་འོས་འགན་གཏན་ལ་ཕབ་ཡོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་འགྲེལ་བཤད་ཀྱི་དོན་ཚན་༧༦་དང་༨༡་གི་ནང་དུ་དཔང་མི་དང་གྱོད་ཡ་ལ་སྐད་བསྒྱུར་མཁོ་སྤྲོད་མ་བྱས་པར་ལོན་པའི་དཔང་ཚིག་དང་གྱོད་ཡའི་གསལ་བཤད་ནི་གྱོད་གཞི་ཐག་གཅོད་པའི་བདེན་དཔང་དུ་བྱ་མི་རུང་ཞེས་གཏན་དུ་འཁེལ་ཡོད་པ་ལྟར། གལ་སྲིད་ཉེས་དོན་དོགས་ཡོད་མི་སྣ་དང་གྱོད་ཡ། དཔང་མི་བཅས་ལ་སྐད་བསྒྱུར་མཁོ་སྤྲོད་བྱས་མེད་ཚེ། གོང་གི་ཁྲིམས་ཡིག་ལུང་དྲངས་ནས་རང་ཉིད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས། ཁྲིམས་ཁང་གིས་དོ་བདག་གི་སྐད་ཡིག་གི་ཐོབ་ཐང་ལ་སྣང་མེད་བཏང་ནས་ཁྲིམས་བཤེར་བྱས་ཏེ་ཁྲིམས་ཐག་བཅད་ན། དོ་བདག་གིས་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་དོན་ཚན་༢༢༧་ལྟར་སྐད་བསྒྱུར་མཁོ་སྤྲོད་བྱས་མེད་པའི་རྒྱུ་མཚན་གྱིས་གོང་རིམ་ཁྲིམས་ཁང་ལ་གོང་གཏུག་ཞུ་ཆོག ཁྲིམས་ཀྱི་ནུས་བ་ཐོན་ཟིན་པའི་ཁྲིམས་བཅད་ཡིན་ན། དོ་བདག་གིས་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་དོན་ཚན་༢༤༢་ལྟར་སྐད་སྒྱུར་མེད་པ་ལ་ཁག་བཞག་ནས་ཡང་བཤེར་གྱི་རེ་བ་ཞུ་ཆོག