༼རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག༽་ཅེས་བྱ་བ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲིམས་བཟོ་ལས་ཁུངས་ཀྱིས་རྨ་ལྷོ་ནས་བོད་སྐད་ཡིག་གི་བེད་སྤྱོད་དར་སྤེལ་གྱི་ཐད་ལ་བཟོས་བའི་ཡུལ་ཁྲིམས་ཞིག་ཡིན། ཁྲིམས་དེ་ནི་༡༩༩༣་ལོར་སྐབས་བཅུ་བའི་རྨ་ལྷོ་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྟེང་དུ་གཏན་ལ་ཕབ་ཅིང་། ལོ་དེའི་ཟླ་༩་བ་ནང་དུ་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་རྗེས། ༡༩༩༤་ལོ་ཟླ་༡་ནས་བཟུང་ལག་བསྟར་བྱས་བའི་ཡུལ་ཁྲིམས་ཞིག་རེད།

རེབ་གོང་གི་གྲོས་ཚོགས་ར་བ།

རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་༡༡༦་དང་། ཁྲིམས་བཟོ་བའི་ཁྲིམས་ཀྱི་དོན་ཚན་༦༦། མི་རིགས་ས་གནས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་༡༩་བཅས་ཀྱི་གཏན་འཁེལ་ལྟར་ན། ། རང་སྐྱོང་ཁུལ་ནས་བཟོསབའི་རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་ལག་བསྟར་སྲོལ་ཡིག་བཅས་ནི་རྒྱལ་ཁབ་ཀྱི་ས་གནས་ཁྲིམས་སྲོལ་གྱི་གྲས་ཡིན། དེའི་རྒྱུ་མཚན་གྱིས་སྲོལ་ཡིག་འདི་ནི་རེབ་གོང་གི་ཡུལ་ཁྲིམས་གཤའ་མ་ཡིན་པས་རྨ་ལྷོ་ཁུལ་གྱི་གཞུང་དམངས་ལ་མཚོན་ན་ཡུལ་ཁྲིམས་འདི་ནི་བོད་སྐད་ཡིག་བེད་སྤྱོད་དང་དར་སྤེལ་བྱེད་པར་ངེས་བར་དུ་སྲུང་བརྩི་བྱེད་དགོས་བའི་ཁྲིམས་ཤིག་ཡིན། ཞིང་ཆེན་སྲིད་གཞུང་དང་ལས་ཁུངས་གང་རུང་གིས་ཁྲིམས་འདི་དང་འགལ་བའི་སྲིད་འཛིན་བྱ་སྤྱོད་སྤེལ་བ་དང་། གང་ཟག་དང་ཚོགས་པ་གང་རུང་གིས་ཁྲིམས་འདི་འགལ་ན་ཡང་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ་ལྟ་བུར་བརྩིས་ཆོག དེས་ཕྱིར་ཡུལ་ཁྲིམས་འདི་རྨ་ལྷོ་ཁུལ་གྱི་ཤེས་ཡོན་པ་རྣམས་ཀྱིས་ངེས་བར་དུ་ཤེས་དགོས་བའི་ཁྲིམས་ཞིག་ཏུ་

ཆགས་ཡོད། ཡུལ་དུས་ཀྱི་དབང་གིས་ཁྲིམས་དེ་བཟོ་སྐབས་འཐུས་མི་ཚང་ཞིང་གོ་འཛོལ་མང་བ། གནད་ལ་མི་འཁེལ་བའི་གནད་དོན་མང་བོ་ཞིག་ལྷག་འདུག་པས། རྨ་ལྷོའི་ཁུལ་གྱི་ཡོན་ཏན་པ་དང་ཁྲིམས་བཟོ་བ་རྣམས་ཀྱིས་བཟོ་བཅོས་ཐབས་ལམ་སྤྱད་ནས་བཟོ་བཅོས་བྱེད་དགོས་བར་མཐོང་།   སྐད་ཡིག་ཐོབ་ཐང་སྐོར་གྱི་ཡུལ་ཁྲིམས་འདིའི་བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཀྱི་ཚིག་ལ་བརྟག་དཔྱད་བྱས་ན། འདི་ནི་ཐོག་མར་རྒྱ་ཡིག་གི་སྟེང་ནས་བཟོས་ཞིང་། ཕྱིས་སུ་བོད་ཡིག་ལ་བསྒྱུར་བའི་ཁྲིམས་ཤིག་ཡིན། བོད་ཁུལ་གྱི་ཡུལ་ཁྲིམས་ཞིག་ཡིན་ཚེ། དེས་སོ་སོའི་ས་གནས་ཀྱི་རིག་གནས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས། ལོ་རྒྱུས་ཀྱི་སྲོལ་རྒྱུན་སོགས་ཀྱི་རྩམ་དྲི་མཚོན་དགོས་་བའི་ཁྲིམས་ཞིག་ཡིན་དགོས། རྨ་ལྷོའི་བོད་སྐད་ཡིག་ལས་དོན་གྱི་ཡུལ་ཁྲིམས་སུ་རྒྱ་དྲི་མ་གཏོགས་རྩམ་དྲི་ཡེ་ནས་མི་འདུག་པའི་རྒྱུ་མཚན་ཡང་ཁྲིམས་འདི་གདོད་ནས་བཟོས་དུས་རྒྱ་ཡིག་གི་སྟེང་ནས་བཟོས་བའི་རྒྱུ་མཚན་རེད། བོད་རང་སྐྱོང་ས་ཁུལ་གྱི་ཡུལ་ཁྲིམས་བཟོ་སྐབས་ཀྱི་གནད་དོན་ཆེ་ཤོས་ནི་ཡུལ་ཁྲིམས་དེ་དག་བོད་ཡིག་གིས་མི་བཟོ་བར་རྒྱ་ཡིག་གི་སྟེང་ནས་བཟོ་བ་དང་། བཟོས་བའི་ཡུལ་ཁྲིམས་དེ་ཡང་ཁྲིམས་ཁང་སོགས་ནས་བཀོལ་སྤྱོད་དང་ལུང་འདྲེན་སོགས་ཡེ་ནས་མི་བྱེད་པར་བག་ལ་ཉལ་བར་འཇོག་ཅིང་། དུས་དང་བསྟུན་ནས་འཕྲི་བསྣོན་ཡང་གཏན་ནས་མི་བྱེད་པ། ཁྲིམས་བཟོ་མཁན་གྱིས་རང་ཁྲིམས་རང་གིས་མི་བཟོ་བར་མི་རིགས་གཞན་གྱི་ཁྲིམས་བཟོ་ལ་ལད་བཟློས་བྱེད་པར་དགའ་བའི་ལེ་ལོ་དང་སྒྱིད་ལུག་གི་གཤིས་ཀ་བཅས་ཡིན།

16

རིག་གནས་ཀྱི་མེ་རོ།

བོད་རང་སྐྱོང་ས་ཁུལ་ཞིག་གིས་རྒྱ་ཡིག་བེད་སྤྱད་ནས་བོད་སྐད་ཡིག་གི་དར་སྤེལ་གྱི་ལས་དོན་ལ་ཁྲིམས་བཟོ་བའི་ལས་སྟངས་འདི་གད་མོ་སློང་བའི་གནས་ཞིག་ཡིན་པ་མ་ཟད། མི་རིགས་རང་ཉིད་ཀྱིས་མི་རིགས་རང་གི་རང་སྐྱོང་དབང་ཐང་དང་སྐད་ཡིག་ཐོབ་ཐང་འཕྲོ་བརླག་དང་ཁྱད་གསོད་བྱས་བའི་གནད་དོན་ཞིག་ཡིན། ལྷག་ཏུ་བོད་ཀྱི་མཁས་བ་མང་བའི་རེབ་གོང་ནས་ཡུལ་ཁྲིམས་འདི་ལྟར་བཟོས་ན་གནད་དོན་ཆུང་ཆུང་ཞིག་མ་རེད།

དེ་ནས་བརྗོད་བྱའི་ནང་དོན་དང་བརྗོད་བྱེད་ཚིག་གི་ཐད་ནས་བལྟས་ན། ཁྲིམས་འདི་ལའང་ནོར་འཁྲུལ་མི་ཉུང་བ་ཞིག་མཆིས། ཁྲིམས་དེའི་དོན་ཚན་དང་བོ་ནང་དུ་རྒྱབ་རྟེན་གྱི་ཁྲིམས་ཡིག་ལུང་འདྲེན་སྐབས། རྩ་ཁྲིམས་ཀྱི་རྗེས་སུ་རྨ་ལྷོ་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ལུང་དྲངས། དེ་ནས་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་དེ་ལུང་དྲངས། ཁྲིམས་ལ་མཚོན་ན་གོ་རིམ་མཐོ་དམའ་ཡོད་པས། ཁྲིམས་ཡིག་ལུང་འདྲེན་དུས་ངེས་བར་དུ་ཁྲིམས་ཀྱི་གོ་རིམ་ལྟར་ལུང་འདྲེན་དགོས། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་རིགས་མཚུངས་ཀྱི་ཁྲིམས་ཡིན་པ་དང་། ཁྲིམས་འདི་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་ལ་དབབ་ཅིང་རྩ་ཁྲིམས་ཀྱི་མི་རིགས་རང་སྐྱོང་གི་དགོངས་པ་དེ་གསལ་བར་བསྟན་པའི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཤིག་ཡིན་ལ། རང་སྐྱོང་ས་ཁུལ་གྱིས་རང་སྐྱོང་གི་ཡུལ་ཁྲིམས་བཟོ་སྐབས་ཁྲིམས་འདི་ལམ་སྟོན་ལྟ་བུའི་ཁྲིམས་ཡིན་པས། རྨ་ལྷོ་ཁྲིམས་བཟོ་ལས་ཁུངས་ཀྱིས་ཁྲིམས་འདི་ངེས་བར་དུ་རྨ་ལྷོ་རང་སྐྱོང་སྲོལ་ཡིག་གི་སྔུན་ལ་བཞག་ནས་ལུང་དྲངས་ན་ད་གཟོད་ཁྲིམས་བཟོའི་གནས་ལུགས་དང་མཐུན། ཡུལ་ཁྲིམས་དེའི་དོན་ཚན་༡༥་ཡི་ནང་དུ་མི་དམངས་ཞིབ་དཔྱོད་ལས་ཁུངས་ལ་མི་དམངས་ཞིབ་བཤེར་ལས་ཁུངས་ཞེས་བྲིས་འདུག ཁྲིམས་བཟོ་ལས་ཁུངས་ཀྱིས་བཟོས་བའི་ཁྲིམས་ཡིག་གི་ནང་དུ་ཁྲིམས་འཛིན་ལས་ཁུངས་ཀྱི་མིང་བྱང་བྲིས་ནོར་ཐེབས་ན་དངོས་གནས་མི་མཛེས། དེའི་མི་ཚད་དོན་ཚན་དེའི་མཇུག་ཏུ་༼རྒྱ་ཡིག་དང་ཡང་ན་བོད་ཡིག་མི་ཤེས་པའི་གཏུག་གཤེར་མི་སྣར་ལས་དེར་ཞུགས་པའི་མི་ག་གེ་མོ་ཞིག་གིས་ལོ་ཙཱ་བྱེད་ཆོག༽ཅེས་བྲིས་ཡོད། ཁྲིམས་འཛིན་སྐད་སྒྱུར་གྱི་ལས་ནི་ཆེད་ལས་བས་བྱེད་ཐུབ་པ་དང་བྱ་དགོས་བ་ཞིག་ཡིན་པ་མ་གཏོགས། མི་ཆེ་གེ་མོ་སུ་དང་སུས་ཀྱང་བྱེད་ཐུབ་པ་ཞིག་ག་ལ་ཡིན།

ད་ལྟའི་རྒྱལ་ཁབ་ཀྱི་ཆབ་སྲིད་འགྱུར་འགྲོས་དང་གྲངས་ཉུང་མི་རིགས་སྲིད་ཇུས་ཀྱི་གནས་སྟངས་ལ་བལྟས་ན། གྲངས་ཉུང་མི་རིགས་ཀྱི་ས་གནས་རང་སྐྱོང་གི་ཆུ་ཚད་ཇེ་ཞན་ཏུ་འགྲོ་དང་འགྲོ་བཞིན་ཡོད། འདི་འདྲའི་ཐབས་རྡུགས་ཀྱི་དུས་འདིར། ང་ཚོས་གོ་སྐབས་དམ་འཛིན་བྱས་ནས་ཡུལ་ཁྲིམས་འཐུས་ཚང་དང་ལས་སུ་རུང་བ་ཞིག་གཏན་འབེབས་བྱས་ཏེ། ཡུལ་ཁྲིམས་དེ་དག་་གནད་ལ་འཁེལ་བའི་ལག་བསྟར་མ་བྱས་ན། རྗེས་སུ་འདི་འདྲའི་གོ་སྐབས་ཡོད་མེད་ལ་ཧེ་བག་ཆེན་པོ་གདའ། ཞང་ཡོན་མགྲོན་ཁང་གིས་བོད་སྐད་བཤད་མི་ཆོག་པའི་བརྡ་སྦྱོར་གྱི་གནད་དོན་དེ་ལ་ང་ཚོས་རྒྱལ་ཁ་ཞིག་ལོན་སོང་ཞེས་དགའ་ཀྲོག་ཀྲོག་ངང་ནས་མི་འདུག་པར། དེ་ནི་༼བོད་སྐད་ཡིག་གི་དགྲ་བོ་ཐོན་ཐལ་༽ཞེས་བོས་བའི་ཉེན་བརྡ་ཞིག་ལ་བརྩིས་ནས། དེ་འགོག་གི་ལས་ལ་མགོ་ལ་མེ་ཤོར་བ་ལྟར་གདོང་ལེན་བྱེད་པའི་སྐུལ་མར་བལྟ་དགོས།

བོད་སྐད་ཡིག་གི་བཀོལ་སྤྱོད་ཀྱི་ཁྱབ་ཡུལ་ཀྱང་སྙན་ངག་དང་གྲུབ་མཐའ་ཁོ་ནར་འཁོར་ནས་མི་འདུག་པར། ཁྲིམས་དོན་འདུས་བའི་སྤྱི་ཚོགས་ལས་དོན་གྱི་ནང་དུ་གང་ཐུབ་ཅི་ཐུབ་ཀྱིས་བེད་སྤྱོད་བྱས་ན་སྐད་ཡིད་འདི་ད་གཟོད་ཡུན་གནས་ཡོང་ཐུབ། གལ་སྲིད་ང་ཚོས་ཡུལ་ཁྲིམས་སྣང་མེད་དུ་བསྐྱུར་ནས། དེ་ལས་མཐོ་བའི་རང་སྐྱོང་དང་ཐོབ་ཐང་གི་ཐབས་ལམ་གཞན་ནས་བཙལ་བའམ། གོང་མ་དཔོན་པོ་རྣམས་ལ་ཞུ་བ་འཐེན་ནས་གནམ་ནས་ཐོབ་ཐང་ཞིག་ལྷུང་ཨེ་ཡོང་ཞེས་རེ་ལྟོས་འཆས་ནས་བསྡད་ན། ང་ཚོའི་ད་ཡོད་ཀྱི་གྲུབ་འབྲས་དང་རྒྱལ་ཁའང་ཤོར་ཉེན་ཆེ་བས། མི་རིགས་སྐད་ཡིག་གི་ཐོབ་ཐང་ཁྲིམས་ཐོག་ནས་ཇི་ལྟར་རྩོད་དགོས་བའི་གནད་དེ་ཤེས་ན་ལེགས། བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་ཤར་སྐྱབས་མགོན་སྐུ་ཕྲེང་གོང་མར་མཛད་པའི་མྱ་ངན་གདུང་འབོད་ནང་དུ་༼ཀྱེ་ཧུད་དགེ་ལེགས་གཏེར་ཆེན་ཉིན་མོར་བྱེད༎ ཞི་དབྱིངས་ཆུ་ལྷའི་ཕང་བར་ཡོངས་ནུབ་པས༎ གསེར་ལྗོངས་ཡངས་པའི་མཁའ་ལ་མུན་པའི་ཀླུང་༎ འཁྲིགས་པས་སྐྱེ་རྒུ་མྱ་ངན་རྒྱ་མཚོར་སིམ།།༽ཞེས་བྲིས་ཡོད་པ་ལྟར། ང་ཚོས་རེབ་གོང་གི་ཉི་མ་གཉིས་བ་སྟེ་བོད་ཀྱི་སྐད་ཡིག་འདི་རྒྱ་ཀླུང་ལ་མི་ནུབ་པ་ཞིག་ཅིས་ཀྱང་བྱ་དགོས། ཉི་མ་ཉག་གཅིག་འདི་བསྲུང་མ་ནུས་ན་རེབ་གོང་གསེར་མོ་ལྗོངས་ཀྱི་མུན་པ་བསྐལ་བ་ནས་བསྐལ་བར་སངས་མི་ཐུབ།

གཤམ་དུ་སྦྱར་ཡོད་པ་ནི་རེབ་གོང་གི་བོད་སྐད་ཡིག་གི་ཡུལ་ཁྲིམས་ཀྱི་དྲ་ཐག་ཡིན། མཁྱེན་ལྡན་རྣམ་པས་དེ་ལ་ལན་འགར་གཟིགས་ནས་བསམ་ཚུལ་དང་སྐྱོན་ཡོན་ཅི་ཡོད་ཁྲིམས་གླེང་བརྒྱུད་ནས་བགྲོ་གླེང་གནང་བར་འཚལ།

http://tb.tibet.cn/2010zf/flfg/201011/t20101124_774701.htm