སྙིང་ཉེ་བའི་དྲ་གྲོགས་རྣམ་པར་ཞུ་རྒྱུར།

མུ་འབྲེལ་འགུལ་རིས་གློག་བརྙན་༼ ཚེ་རིང་གི་གཏམ་རྒྱུད།༽

རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་སྐོར་གྱི་ཁྲིམས་ལུགས་བོད་མི་བྱིངས་ལ་མཚམས་སྦྱོར་བྱེད་བདེ་བའི་ཆེད་དུ། ཁྲིམས་གླིང་དང་སྒྱུ་རྩལ་གྱི་ཡོན་ཏན་གྱིས་ཕྱུག་པའི་བོད་ཀྱི་ན་གཞོན་ཁ་ཤས་མཉམ་རུབ་བྱས་ཏེ། ཚེ་རིང་གི་གཏམ་རྒྱུད་ལས་ཁྲིམས་ལུགས་སྦྱང་བ་ཞེས་པའི་མུ་འབྲེལ་འགུལ་རིས་གློག་བརྙནཆུང་ཆུང་ཞིག་བཟོས་ཡོད་ཅིང་། ཁྲིམས་གླེང་དྲ་ཚིགས་བརྒྱུད་ནས་ཁྱེད་ཅག་གི་སྤྱན་ལམ་དུ་བསྟར་འབུལ་བྱེད་རྒྱུ་ཡིན།

ང་ཚོས་ལས་གཞི་འདི་ལ་དགའ་ཚོར་ཆེན་པོ་བྱུང་ཡོད་པ་མ་ཟད། གལ་ཆེན་དོན་ཆེན་ཞིག་ལ་ཡང་བརྩིས་ཡོད། རྒྱུ་མཚན་ནི་མུ་འབྲེལ་འགུལ་རིས་གློག་བརྙན་ཆུང་ཆུང་འདི་ནི་བོད་ཕྱི་ནང་གི་ཁྲིམས་ལུགས་དང་སྒྱུ་རྩལ་གྱི་ཆེད་ལས་བ་ཁ་ཤས་འདུས་ཏེ་མཉམ་རུབ་ཀྱིས་བཟོས་ཤིང་། རང་གི་མི་རིགས་ལ་ཁྲིམས་ལུགས་དང་ཐོབ་ཐང་གི་ཤེས་བྱ་ཁག་ཐབས་ལམ་སྣ་ཚོགས་དང་གོ་བདེ་བ། སྤྲོ་བ་བསྲིངས་པའི་སྒོ་ནས་ངོ་སྤྲོད་བྱེད་པའི་ལས་གཞི་ཞིག་ཡིན་པས་སོ། ལས་གཞི་འདིའི་མིང་ལ་༼ཁྱེད་ཀྱི་ཐོབ་ཐང་ཤེས་དགོས།༽ཟེར་ཞིང་། ཁྱོན་བསྡོམས་ལེའུ་ལྔ་ཡོད། ང་ཚོས་ཁྲིམས་གླེང་དྲ་ཚིགས་བརྒྱུད་ནས་བདུན་ཕྲག་རེར་ལེའུ་གཅིག་རེ་གཏོང་གིན་ཡིན། དྲ་གྲོགས་རྣམ་པ་དུས་ལྟར་ཁྲིམས་གླེང་གི་དྲ་ཚིགས་ལ་ཕེབས་ནས་གློག་བརྙན་འདིར་གཟིགས་པར་སྤྲོ་བསམ་འཁོལ་བའི་ངང་ནས་དགའ་བསུ་ཞུ། 

ཁྲིམས་གླེང་དྲ་ཚིགས་ཀྱིས་སྤྱི་ལོ་༢༠༡༧་ལོའི་ཟླ་དང་བོའི་ཚེས་༨་ཉིན་སྤེལ།