ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི་ཏང་ཨུ་དང་སྲིད་གཞུང་གིས་དེ་གའི་བོད་མི་རྣམས་དུས་འཁོར་དབང་ཆེན་ཞུ་བར་སོང་བའམ་དུས་དབང་ལ་རྟེན་འབྲེལ་འདུ་འཛོམས་སོགས་བྱས་ན། བྱ་སྤྱོད་དེ་ནི་སྤྱི་ཚོགས་བདེ་འཇགས་དོ་དམ་གྱི་ཁྲིམས་ཀྱི་དོན་ཚན་༥༥་དང་། ཉེས་ཁྲིམས་ཀྱི་དོན་ཚན་༡༠༣་དང་༢༩༦་བཅས་ལ་འགལ་ཡོད་པས་དེར་བསྟུན་གྱིས་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བརྡ་སྦྱོར་ཞིག་དེ་གའི་བོད་མིའི་དུད་ཁྱིམ་རེ་རེར་འཇིགས་བསྐུལ་གྱི་སྒོ་ནས་བཏང་འདུག།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དབང་འཛིན་ལས་ཁུངས་ཀྱི་བརྡ་སྦྱོར་དེ་ནི་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་ཡོད་པའི་བརྡ་སྦྱོར་ཞིག་རེད།གང་ཡིན་ཞེ་ན། རང་རེའི་རྒྱལ་ཁབ་ཀྱི་སྤྱི་དམངས་ཞིག་ལ་མི་ལུས་དང་རྒྱུ་ཟོག་གི་ཆད་པ་གཅོད་དགོས་ན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་ལ་ཕབ་པའི་ཁྲིམས་ལ་འདི་འདྲའི་ཆད་པ་གཏན་འཁེལ་བྱེད་པའི་དབང་ཆ་ཁོ་ན་ཡོད་པ་མ་གཏོགས། རང་སྐྱོང་ཁུལ་དང་རྫོང་ཞིག་ལ་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་ཚོད་འཛིན་པ་དང་། ཕྱི་བསྐྱོད་ལམ་ཡིག་ནུས་མེད་དུ་བཟོ་བ་སོགས་ཐོབ་ཐང་གི་ཆད་པ་གཅོད་པའི་ཁྲིམས་དང་སྲིད་ཇུས་གཏན་ལ་དབབ་པའི་དབང་ཆ་རྩ་བ་ཉིད་ནས་མེད། ས་གནས་དབང་འཛིན་ལས་ཁུངས་ཀྱིས་ཨུ་ཚུགས་མཐར་སྐྱེལ་དང་ཁྲིམས་ལ་རྨོངས་བའི་སྒོ་ནས་ཉེས་ཁྲིམས་ཀྱིས་སྔ་མོ་ནས་དོར་ཟིན་པའི་རིགས་འགྲེ་ལམ་ལུགས་༼类推主义༽བེད་སྤྱད་དེ་སྤྱི་དམངས་ལ་གནོད་པའི་སྲིད་ཇུས་གཏན་འཁེལ་བྱས་ཤིང་ལག་བསྟར་བྱས་ན། ཁོང་ཚོའི་བྱ་སྤྱོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་༣༧་དང་འགལ་ཞིང་། ཉེས་ཁྲིམས་ཀྱི་དོན་ཚན་༢༣༨་ཀྱི་སྤྱི་དམངས་ཁྲིམས་འགལ་གྱིས་བཟུང་བཀྱིག་བཀག་ཉར་བྱས་བའི་ཉེས་མིང་གྲུབ་པས་ཉེས་ཁྲིམས་ཀྱི་ནག་ཉེས་བསགས་པའི་བྱ་སྤྱོད་ཅིག་ཀྱང་ཡིན། དེ་ལ་དཔག་པའི་ཉེས་ཆད་ནི། བརྡ་སྦྱོར་ཡིག་ཆ་གཏན་འཁེལ་དང་ལག་བསྟར་བྱེད་མཁན་གྱི་འགན་འཛིན་ལ་ལོ་གསུམ་མན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཆོག་ལ། གལ་ཏེ་གནས་ཚུལ་ཚབས་ཆེན་ཡིན་ན་ནི་བདེ་ཆེན་ཁུལ་གྱི་སྲིད་གཞུང་གི་འབྲེལ་ཐོགས་ལས་བྱེད་དཔོན་རིགས་ལ་ལོ་གསུམ་ཡན་དང་ལོ་བཅུའི་མན་གྱི་བཙོན་འཇུག་གི་ཆད་པའང་བཅད་ཆོག

ཁྲིམས་དང་འགལ་བའི་བརྡ་སྦྱོར།

རྒྱལ་ཁབ་ཀྱི་ཉེས་ཁྲིམས་ཀྱི་རྩ་བའི་རྩ་དོན་ལྟར་ན། ཉེས་པ་ཞིག་བདེན་པར་གྲུབ་དགོས་ན། དེའི་ཆ་རྐྱེན་དང་རྣམ་པ། དེ་ལ་དཔག་པའི་ཆད་པ་དང་བཅས་པ་ཉེས་ཁྲིམས་ཀྱི་ཁྲིམས་གཞུང་གི་ནང་དུ་གཏན་འཁེལ་གསལ་བོར་ཡོད་དགོས། བྱ་སྤྱོད་ཅིག་ཉེས་ཁྲིམས་ཀྱི་ཁྲིམས་གཞུང་ནང་ནས་ནག་ཉེས་སུ་རྩིས་མེད་ན་ནག་ཉེས་མིན། རྩ་དོན་འདི་ལ་ཉེས་ཆད་ཁྲིམས་ཀྱིས་གཏན་འབེབས་ཀྱི་རྩ་དོན་ཟེར་ཞིང་། ༼罪刑法定原则༽འདི་ནི་འགྲོ་བ་མིའི་ཐོབ་ཐང་ཞིག་ཀྱང་ཡིན་པ་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ནང་དུ་གསལ་བར་བཀོད་ཡོད། དེས་ན་སྤྱི་དམངས་ཤིག་གིས་དུས་འཁོར་དབང་ཆེན་ཞུས་པའི་བྱ་སྤྱོད་ནི་ཉེས་ཁྲིམས་དང་འགལ་བ་ཞིག་ཡིན་དགོས་ན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་ལ་ཕབ་པའི་ཉེས་ཁྲིམས་ཀྱི་ཁྲིམས་གཞུང་གི་ནང་དུ་། དུས་དབང་ཞུས་ན་ཁྲིམས་འགལ་ཡིན་ཚུལ་གྱི་རྣམ་པ་དང་ཆད་པ་བཅས་ངེས་བར་དུ་ཁ་གསལ་བར་འགོད་དགོས། དེ་ལྟར་གཏན་འཁེལ་བྱས་མེད་རུང་། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་འགྲེལ་བཤད་ཀྱི་ནང་དུ། དུས་དབང་ནི་ཁྲིམས་འགལ་གྱི་ཆོས་སྤྱོད་ཡིན་པའི་འགྲེལ་བཤད་ཅིག་གཞི་ནས་བཏོན་ཡོད་ན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབང་འཛིན་ལས་ཁུངས་ཀྱིས་ཁྲིམས་དང་འགྲེལ་བཤད་དེ་རྒྱབ་རྟེན་བྱས་ཏེ། ད་གཟོད་དུས་འཁོར་དབང་ཆེན་བཀག་འགོག་བྱེད་པའི་བརྡ་སྦྱོར་སྤེལ་ནས་ལག་བསྟར་བྱས་ན་ཁྲིམས་དང་མཐུན། ཡིན་ནའང་དོན་དངོས་སུ་དུས་དབང་ཞུས་ན་ཁྲིམས་འགལ་ཡིན་པ་མིག་སྔར་གྱི་ཉེས་ཁྲིམས་ཀྱིས་གཏན་འཁེལ་བྱས་མེད་ལ། ཆེས་མཐོ་ཁྲིམས་འཛིན་ལས་ཁུངས་ཀྱིས་དེའི་སྐོར་གྱི་ཁྲིམས་འཛིན་འགྲེལ་བཤད་ཀྱང་བཏོན་མེད། དེའི་ཕྱིར། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གཞུང་དང་དབང་འཛིན་ལས་ཁུངས་ཀྱི་བརྡ་སྦྱོར་འདི་ནི་ཁྲིམས་ཀྱི་གཞི་མེད་ཅིང་། དེ་གའི་མང་ཚོགས་ལ་འཇིགས་སྐུལ་བའི་ཆེད་དུ་སྤེལ་བའི་ཁྲིམས་འགལ་གྱི་སྲིད་འཛིན་བྱ་སྤྱོད་ཅིག་ཡིན་ཕྱིན། མང་ཚོགས་རྣམས་ཀྱིས་བརྡ་སྦྱོར་དེ་ལ་དོ་སྣང་དང་ངོས་ལེན་མི་བྱེད་པར་བློ་སེམས་བདེ་བོའི་ངང་དུས་འཁོར་གྱི་བཀའ་དབང་ཞུས་ནས་འདུག་པའམ་རྟེན་འབྲེལ་གྱི་ཚོགས་འཁོར་བཏང་ནས་འདུ་འཛོམས་བྱས་ན་ཉེས་སྐྱོན་ཅི་ཡང་མེད། གལ་སྲིད་དབང་འཛིན་ལས་ཁུངས་ཀྱིས་སྤྱི་དམངས་ཤིག་གི་ལམ་ཡིག་དང་ཐོབ་འོས་པའི་སྤྱི་ཚོགས་ཁེ་ཕན་སོགས་དུས་དབང་ལ་ཞུགས་པའི་དབང་གིས་མེད་པར་བཟོས་པའམ་གནོད་འཚེ་བཏང་བ་ཡིན་ན། སྲིད་འཛིན་ལས་ཁུངས་ཀྱིས་སྤྱི་དམངས་དེའི་ཁྲིམས་མཐུན་གྱི་ཐོབ་ཐང་ལ་གནོད་འཚེ་བྱས་པ་ཡིན་པས། སྤྱི་དམངས་དེས་རྒྱལ་ཁབ་ཀྱི་སྲིད་འཛིན་གཏུག་བཤེར་གྱི་ཁྲིམས་༼行政诉讼法དང་རྒྱལ་ཁབ་ཀྱིས་གུན་ཚབ་སྤྲོད་པའི་ཁྲིམས་༼国家赔偿法བཅས་ལ་བརྟེན་ནས་ཁྲིམས་ཁང་ནས་ཞུ་གཏུག་བྱས་ཏེ་དཔོན་ངན་གྱི་སྤྱོད་ངན་ཡོ་བསྲང་ཐེར་འདོན་བྱེད་པ་དང་། རང་ཉིད་ཀྱི་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱས་ན་འདི་འདྲའི་སྲིད་འཛིན་སྤྱོད་ངན་གྱི་རྒྱུན་གཅོད་ཐུབ།