བོད་བསྒྱུར། མཁའ་འགྲོ་རྒྱལ།

ཉིན་དེའི་ཞོགས་པར་ང་རང་སློབ་གྲྭར་འགྲོ་འཕྱི་བས་དགེ་རྒན་ཧན་མེར་གྱིས་བཀའ་བཀྱོན་གནང་བར་ཞེད་སྣང་སྐྱེ་བཞིན་སོང་། ལྷག་པར་དུ་ཁོང་གིས་ང་ཚོར་དབྱེ་ཚིག་གི་དྲི་བ་གནང་རྒྱུར་གསུངས་ཡོད་ཀྱང་། ངས་དྲིས་ལན་ཡིག་འབྲུ་གཅིག་ཀྱང་འདེབས་མི་ཤེས་པས་སློབ་གྲྭར་མ་ཕྱིན་པར་ཕྱི་རོལ་ཏུ་རྩེད་འཆམ་ལ་འགྲོ་སྙམ།ཨེ་མ། ནམ་ཟླ་ནི་ཅི་འདྲའི་དྲོ་ཞིང་འཇམ་ལ་ནམ་མཁའ་ནི་ཅི་འདྲའི་དྭངས་གསལ་གཡའ་དག་པ་ཞིག་རེད་ཨང་། ལྗོན་པའི་ཚལ་ན་འཇོལ་མོས་འགྱུར་ཁུག་སྙན་པའི་གླུ་དབྱངས་སྒྲོག་ཅིང་།

ཤིང་ཆ་འདྲ་གཏུབ་བཟོ་གྲྭའི་ལྟག་རྒྱབ་ན་པྲུཤཡ་དམག་མིས་དམག་རྩལ་སྦྱོང་བཞིན་འདུག་པ་དེ་ནི་དབྱེ་ཚིག་གི་འཇུག་ཚུལ་ལས་ཡིད་འཕྲོག་ཅིང་སྤྲོ་སྣང་སྐྱེ་བ་ཞིག་རེད། ཡིན་ན་ཡང་། ངས་ད་དུང་རང་གཅུན་བྱེད་ཐུབ་པས། མྱུར་དུ་སློབ་གྲྭའི་ཕྱོགས་སུ་རྒྱུགས་ནས་སོང་། གྲོང་སྡེའི་གཞུང་ལས་ཁང་བརྒྱུད་ནས་འགྲོ་སྐབས། ངས་གསལ་བསྒྲགས་སྦྱར་བྱང་ཞིག་གི་མདུན་དུ་མི་མང་པོ་ཡོད་པ་མཐོང་བྱུང་། ཉེ་བའི་ལོ་གཉིས་རིང་ལ་གཏམ་ངན་སྣ་ཚོགས་ཏེ་གཡུལ་ལས་ཕམ་ཟིན་ཟེར་བ་དང་། དམག་བསྡུ་གཡུལ་སྐྱོད་དགོས་ཟེར་བ། དེ་བཞིན་བཀོད་འདོམས་ཁང་གི་བཀའ་རྒྱ་སྣ་ཚོགས་སྦྱར་བྱང་དེའི་ངོས་སུ་གསལ་བསྒྲགས་བྱས་ཡོད་པ་རེད། དེ་ལྟ་ནའང་ངས་དོན་རྐྱེན་ཅི་འདྲ་ཞིག་བྱུང་བ་ཡིན་ནམ་སྙམ་བཞིན་གོམ་པའི་འདེགས་འཇོག་མཚམས་མ་བཞག་པར་དེའི་ཕྱོགས་སུ་བསྐྱོད། མགར་བ་ཧྭ་ཞི་ཐེ་ཡང་ཁོའི་དགེ་ཕྲུག་དང་ལྷན་དུ་དེར་འཚང་ཁ་བརྒྱབས་ནས་བསྒྲགས་ཡིག་ལ་ལྟ་བཞིན་འདུག ཁོས་ང་ཚོགས་ར་ནས་རྒྱུག་འགྲོ་བ་མཐོང་འཕྲལ་ང་ལ། བུ་ཆུང་། ཁྱོད་རྒྱུན་

དུ་སློབ་གྲྭར་འགྲོ་བ་ཤིན་ཏུ་སྔ་བས་དེ་འདྲའི་མགྱོགས་པོར་བརྒྱུགས་ནས་ཅི་བྱེད་ཟེར། ངའི་སེམས་ལ་ཁོས་ཀུ་རེ་རྩེ་བ་ཡིན་ཤས་ཆེ་སྙམ་ནས་དབུགས་ཧལ་ཧལ་དུ་དགེ་རྒན་ཧན་མེར་གྱི་སྒོ་རའི་ནང་བརྒྱུགས་ནས་སོང་བ་ཡིན། ནམ་རྒྱུན་ལྟར་ན་སློབ་ཁྲིད་ཀྱི་མགོ་བརྩམས་པའི་ཚེ། སྐད་ཅོར་ལ་སོགས་པའི་འུར་སྒྲས་ཁེངས་པ་སྟེ། ཅོག་ཙེ་ཁ་ཕྱེ་བའམ་ཁ་རྒྱག་པའི་སྒྲ་དང་། ཚང་མ་འུར་ཟིང་ལ་སྐྲག་ནས་རྣ་བ་བཀབ་སྟེ་སྐད་གསང་མཐོན་པོས་ཀློག་འདོན་བྱེད་པའི་སྒྲ། དེ་མིན་དགེ་རྒན་གྱིས་ཁ་རོག་སྡོད། ཁ་རོག་སྡོད་ཅེས་ཁྲིད་དབྱུག་གིས་ཅོག་ཙེ་བརྡུངས་པའི་སྒྲ་སོགས་ཕྱི་རོལ་གྱི་སྲང་ལམ་དུའང་ཐོས་ཐུབ། ངས་ཀྱང་སྐད་ཅོར་རྒྱག་པའི་སྐབས་དེ་དང་བསྟུན་ནས་ཁ་རོག་ལ་རང་གི་སྡོད་གནས་སུ་འགྲོ་བསམས་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཉིན་དེར་གཟའ་ཉི་མའི་ཞོགས་པ་དང་འདྲ་བར་འཇམ་ཐིང་ངེར། ཁ་ཁུ་སིམ་མེར་གནས་འདུག ངས་སྒེའུ་ཁུང་ཕྱི་ནས་ནང་དུ་བལྟས་པ་ན། སློབ་གྲོགས་ཚང་མ་རང་གི་སྡོད་གནས་སུ་བསྡད་ཡོད་པ་དང་། རྒན་ཧ་མེར་གྱིས་འཇིགས་སུ་རུང་བའི་ཁྲིད་དབྱུག་དེ་མཆན་འོག་ཏུ་བཅུག་ནས་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་པ་མཐོང་བྱུང་། སྐབས་དེར་ངའི་ངོ་གདོང་དམར་པོར་གྱུར་ཅིང་། སེམས་སུ་འཇིགས་ཡེར་བ་ཞིག་བྱུང་བའི་ཚུལ་ནི་ཁྱོད་ཚོས་ཤེས་ཐུབ་པ་ལྟར་ཡིན་ནོ། ཡིན་ནའང་སྐྲག་སྣང་སྤུ་ཙམ་ཡང་སྐྱེ་དགོས་དོན་མི་འདུག དགེ་རྒན་ཧན་མེར་གྱིས་ང་མཐོང་ཕྲལ་བྱམས་བརྩེ་ལྡན་པའི་ངང་ནས་མར་སྡོད་དང་བུ་ཆུང་ཧྥོ་ལང་ཧྲི། སློབ་ཁྲིད་འགོ་འཛུགས་རྒྱུ་ཡིན་ཞེས་ཟེར། ང་རང་རྐུབ་སྟེགས་ཀྱི་སྟེང་ནས་ཕར་ལྡིང་སྟེ་བསྡད་པ་དང་། ངའི་སེམས་ཅུང་ཇེ་བདེར་སོང་བས། དེ་རིང་དགེ་རྒན་གྱིས་མཛེས་པའི་གཟབ་གོས་ལྗང་མདོག་ཅན་ཞིག་མནབས་ཡོད་ལ། ལྟེབ་ཉེས་ཤོར་བའི་མགུལ་ཆིངས་ཤིག་དཀྲིས་ཤིང་། དར་ཟབ་ནག་པོའི་མཐའ་རྒྱན་གྱི་ཞྭ་མོ་ཞིག་མནབས་ཡོད་པ་གཞི་ནས་མཐོང་བྱུང་། གཟབ་གོས་དེ་དག་ནི་སློབ་གྲྭར་གཟིགས་རྟོག་པ་སླེབས་ནས་ལྟ་ཞིབ་བྱེད་སྐབས་དང་། ཡང་ན་བྱ་དགའ་གནང་སྐབས་སུ་མ་གཏོགས་མི་གྱོན། དེ་ཉིན་སློབ་ཁང་དུའང་རྒྱུན་གཏན་མ་ཡིན་པའི་རྣམ་པ་ཛ་དྲག་ཅིག་གིས་ཁེངས་འདུག དེ་བས་ཡ་མཚན་པ་ཞིག་ལ་རྒྱུན་དུ་སྟོང་པར་ལུས་པའི་གྲལ་མཇུག་གི་རྐུབ་སྟེགས་སྟེང་གྲོང་སྡེའི་ནང་གི་མི་འགའ་བསྡད་ཡོད་ལ། ཁོ་ཚོའང་ངེད་ཅག་དང་འདྲ་བར་གྲག་འགུལ་ཅི་ཡང་མེད་པར་བསྡད་འདུག ཁོ་ཚོའི་གྲལ་དུ་བགྲེས་པོ་ཧོ་སུག་ཡོད་ལ་ཁོས་ཞྭ་མོ་ཟུར་གསུམ་ཅན་དེ་གྱོན་ཡོད་པ་དང་། སྔོན་སྡེ་དཔོན་དང་། ཡིག་སྐྱེལ་བ། ད་དུང་མི་གཞན་པ་འགའ་ཡང་ཡོད། ཕར་བལྟས་ཚོད་ལ་ཁོ་ཚོའི་སེམས་པ་སྐྱོ་སྣང་གིས་ཁེངས་འདུག རྒད་པོ་ཧོ་སུག་གི་ད་དུང་འདབ་ཟུར་རལ་ཧྲུལ་དུ་གྱུར་པའི་དམའ་རིམ་སློབ་དེབ་ཅིག་པུས་མོའི་ཐོག་ཏུ་བཞག་ཡོད་ཅིང་། དེའི་ཐོག་ལ་ཁོའི་མིག་ཤེལ་ཆེན་པོ་དེ་འཕྲེད་དུ་བཞག་འདུག ངས་སྣང་ཚུལ་དེ་རིགས་མཐོང་ནས་ཡ་མཚན་སྐྱེས་པའི་སྐབས་དེར། དགེ་རྒན་ཧན་མེར་ཞབས་སྟེགས་སྟེང་དུ་བཞུགས་ནས་ད་གིན་བདག་ལ་ཞལ་བརྡ་གནང་བ་ཇི་བཞིན་ཞི་འཇམ་གཟབ་ནན་ངང་ནས། ངའི་སློབ་བུ་ཚོ། འདི་ནི་ངས་ཁྱོད་ཚོར་འཁྲིད་པའི་མཇུག་མཐའི་སློབ་ཐུན་དེ་ཡིན། པོ་ལིན་ནས་བཀའ་འབྱོར་ཏེ། པོ་ལིན་ཨར་ས་སི་དང་། པོ་ལིན་གྱི་སློབ་གྲྭར་དེང་ཕྱིན་འཇར་མན་གྱི་སྐད་ཡིག་ཁོ་ན་མ་གཏོགས་ཁྲིད་མི་ཆོག་ཟེར། དགེ་རྒན་གསར་པའང་སང་ཉིན་བསླེབ་ཀྱི་ཡོད། དེ་རིང་ཁྱོད་ཚོས་ཧྥ་རན་སིའི་སྐད་ཡིག་སྦྱངས་པའི་མཇུག་མཐའི་སློབ་ཐུན་དེ་ཡིན་པས། ཁྱོད་ཚོས་ནན་ཏན་གྱིས་སློབ་སྦྱོང་གང་ལེགས་བྱེད་པར་ངས་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས་སོ། དེ་སྐད་ཐོས་མ་ཐག་ཏུ་ང་རང་དབང་མེད་པར་སྡུག་བསྔལ་གྱིས་རབ་ཏུ་གདུང་པར་གྱུར། ཨ་ཁ། མི་ངན་དེ་ཚོས་གྲོང་སྡེའི་གཞུང་ལས་ཁང་གི་སྦྱར་པང་སྟེང་དུ་བཀོད་པའི་དོན་ནི་འདི་ཡིན་པ་ཐག་གིས་ཆོད། ཀྱེ་མ། འདི་ནི་ངའི་ཧྥ་རན་སིའི་སྐད་ཡིག་གི་མཇུག་མཐའི་སློན་ཐུན་གཅིག་རེད་ཨང་། ངས་ད་དུང་རྩོམ་ཡིག་འབྲི་ཚུལ་ཙམ་ཡང་མ་ཤེས་གོང་ནས་ཧྥ་རན་སིའི་སྐད་ཡིག་སྦྱོང་བའི་སྐལ་བ་ཆད། ད་ཇི་ལྟར་བྱེད། སྔོན་ཆད་ངས་སློབ་སྦྱོང་ལ་འབད་བརྩོན་མ་བྱས་པར་སློབ་བྱོལ་བྱས་ནས་བྱ་ཚང་སྔོག་པར་སོང་བ་དང་། དགུན་དུས་ས་ཨར་གཙང་པོའི་སྟེང་འཁྱག་ཤུད་གློད་པ་སོགས་སྔོན་བྱས་ཀྱི་ལས་རྣམས་སེམས་ལ་ཤར་བས་ང་རང་ཧ་ཅང་ནོངས་འགྱོད་སྐྱེས། སྔོན་ཆད་བརྡ་སྤྲོད་དང་ལོ་རྒྱུས་ཀྱི་སློབ་དེབ་མཐོང་ཚེ་འཚིག་པ་ཟ་ཞིང་རྒྱབ་ཏུ་ཁུར་ནའང་ཤིན་ཏུ་ལྕི་བར་སྣང་། ད་ལྟ་དེ་ལས་ལྡོག་སྟེ་དཔེ་ཆ་དེ་དག་རང་གི་བློས་ཐུབ་ཀྱི་གྲོགས་པོ་དང་མཚུངས་པར་ལག་ནས་འབྲལ་མི་ཕོད་པར་གྱུར་ཅིང་། དགེ་རྒན་ཧན་མེར་ལ་ཡང་བྲལ་མི་འདོད་པར་གྱུར། ཁོང་ང་ཚོ་དང་ཁ་བྲལ་བའི་རྗེས། སླར་ཡང་ཞལ་མཇལ་ཡོང་རྒྱུ་ནི་ཉིན་མོའི་སྐར་མ་དང་མཚུངས་སྙམ་ནས། ཁོང་གིས་ང་ལ་ཆད་པ་བཅད་པ་དང་ཁྲིད་དབྱུག་གིས་རྡེག་པའི་ཚུལ་རྣམས་ཀྱང་མ་ལུས་པར་ཡལ་བར་གྱུར། ཀྱེ་མ་སྙིང་རེ་རྗེ། ཁོང་གིས་གཟབ་གོས་མནབས་པ་དེ་ནི་མཇུག་མཐའི་སློབ་ཐུན་འདི་མི་བརྗེད་པའི་ཆེད་དུ་ཡིན་ནོ། གྲོང་སྡེའི་ནང་གི་རྒན་པོ་དེ་དག་སློབ་ཁང་གི་གྲལ་མཇུག་ཏུ་སྡོད་པ་དེ་ཡང་ཅིའི་སླད་དུ་ཡིན་པ་ངས་ད་གཟོད་གསལ་པོར་ཤེས་སོང་། ཧ་ལམ་ཁོ་ཚོའང་དང་ཐོག་རྒྱུན་དུ་སློབ་གྲྭར་མ་ཡོང་བ་དེར་འགྱོད་པ་སྐྱེས་པ་འདྲ། ཕར་བལྟས་ན་ཁོང་ཚོས་ཐབས་ལམ་འདི་ལ་བརྟེན་ནས་ང་ཚོའི་དགེ་རྒན་གྱིས་ལོ་ངོ་བཞི་བཅུའི་རིང་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཞབས་འདེགས་བསྒྲུབས་པ་དེར་བཀའ་དྲིན་ཆེ་ཞུ་བ་དང་། གཞན་དབང་དུ་འགྱུར་ལ་ཉེ་བའི་མེས་རྒྱལ་གྱི་ས་གཞི་ཆེན་མོར་མོས་ཤིང་གུས་པའི་འདུན་པ་དེ་མཚོན་པར་བྱེད་པ་དང་མཚུངས་སོ། ངས་འདི་ལྟར་བསམ་བཞིན་པའི་སྐབས་སུ། གློ་བུར་དུ་དགེ་རྒན་གྱིས་ངའི་མིང་ནས་འབོད་བཞིན་འདུག ད་ནི་སློབ་ཚན་བློར་འདོན་པའི་དུས་ལ་བབས་པ་རེད། ཀྱེ་གནམ་རྒན་མ། གལ་སྲིད་ངས་ཤིན་ཏུ་སློབ་དཀའ་བའི་དབྱེ་ཚིག་གི་བཀོལ་ཐབས་དེ་དག་སྐད་གསང་མཐོ་ལ་སྨྲ་བརྗོད་དག་པ། ནོར་འཁྲུལ་སྤུ་ཙམ་ཡང་མེད་པར་འགོ་ནས་མཇུག་བར་བཤད་ཐུབ་པ་ཞིག་བྱུང་ན་ནི་ངས་གང་བྱེད་དགོས་ཀྱང་ཆོག་མོད། ང་ནི་ཐོག་མའི་ཡིག་འབྲུ་འགས་མགོ་འཐོམས་པར་གྱུར་པས། སེམས་ལ་ནོངས་འགྱོད་དྲག་པོ་སྐྱེ་བཞིན་མགོ་བོའང་འདེགས་མི་ཕོད་པར་གྱུར་ལ། ཡར་འགྲེང་བའི་ལུས་པོ་དེ་འགུལ་ཙམ་འགུལ་ཙམ་བྱེད་པ་ལས་ཐབས་གཞན་ཅི་ཡང་མ་རྙེད།

དེའི་ཚེ་དགེ་རྒན་ཧན་མེར་གྱིས་ང་ལ་འདི་སྐད་གསུང་བྱུང་། བུ་ཆུང་ཧྥོ་ལང་ཧྲི། ཁྱོད་རང་སྡུག་གིས་རབ་ཏུ་ནོན་པར་གྱུར་པ་དེས་ཆོག་པས། ངས་ཁྱོད་ལ་གཤེ་གཤེ་གཏོང་དགོས་དོན་མེད། དངོས་གནས་དེ་འདྲ་རེད། ཚང་མས་རྒྱུན་དུ་སེམས་ལ་དུས་ཚོད་ནི་མཛད་མཐའ་མེད་ཕྱིར་སང་ཉིན་སློབ་སྦྱོང་བྱས་ནའང་ཕྱིས་མི་སྲིད་ཅེས་སྙམ་པའི་རྐྱེན་གྱིས། ད་ལྟ་ང་ཚོར་ཐོབ་པའི་འབྲས་བུ་ལ་གཟིགས་དང་། ཀྱེ་མ། རྟག་ཏུ་སློབ་སྦྱོང་གི་དུས་ཚོད་ནར་འགྱངས་བྱས་ཏེ་སང་ཉིན་བར་དུ་བཞག་པ་དེས་ཨར་ས་སིའི་མི་རྣམས་ལ་མི་འདོད་པའི་ཆག་སྒོ་འདི་བསྐྱལ་ཡོང་བ་རེད། དེའི་ཕྱིར་མི་ངན་དེ་དག་གིས་ང་ཚོར་ཁྱོད་ཚོས་ཐ་ན་རང་ཉིད་ཀྱི་ཕ་སྐད་ཀྱང་བཤད་མི་ཤེས་ལ་འབྲིའང་མི་ཤེས་མོད། ད་རུང་རང་ཉིད་ཧྥ་རན་སིའི་མི་ཡིན་པར་རློན་འདུག་ཅེས་སྐྱོན་བརྗོད་བྱེད་པའི་རྒྱུ་རུ་གྱུར། ཡིན་ནའང་ནོར་འཁྲུལ་དེ་རིགས་བུ་ཆུང་ཧྥོ་ལང་ཧྲི་ཁྱོད་གཅིག་པུར་བྱུང་བ་མིན་ཏེ་ང་ཚོ་ཚང་མར་རང་ཉིད་ལ་འཁང་ར་བྱེད་འོས་པའི་གནས་ཚུལ་མང་པོ་ཡོད་པ་གོར་མ་ཆག་ཅེས་གསུངས། ཁྱོད་ཚོ་ཕ་མས་ཀྱང་ཁྱེད་ཅག་གི་སློབ་སྦྱོང་ལ་གཙིགས་འཛིན་མི་བྱེད་པར་དངུལ་མང་ཙམ་འཐོབ་ཆེད་དཔེ་དེབ་ཕར་གཡུགས་ཏེ་ཞིང་ཁའམ་འཁེལ་འཐག་བཟོ་གྲྭར་བསྐྱལ། བདག་ལ་མཚོན་ནའང་རང་ཉིད་ཀྱི་སྤྱོད་ལམ་ལ་འཁང་ར་བྱེད་འོས་པའི་གནས་མེད་པ་ག་ལ་ཡིན་ཏེ། ངས་དུས་རྒྱུན་ཁྱོད་ཚོར་མེ་ཏོག་ལྡུམ་རའི་ནང་དུ་ཆུ་སྐྱེལ་དུ་བཅུག་པ་དང་། ངས་ཉ་འཛིན་འདོད་པའི་སྐབས་སུ་ཁྱོད་ཅག་ལ་སློབ་ཁྲིད་ཀྱང་མ་བྱས་པར་ཉིན་ཧྲིལ་པོར་དགོངས་པ་སྤྲད་པ་མ་ཡིན་ནམ་ཞེས་གསུངས། ཁོང་གིས་དོན་དེ་གླེང་རྗེས། དེ་ནས་སླར་ཡང་ཧྥ་རན་སིའི་སྐད་ཡིག་གི་སྐོར་གླེང་བྱུང་། ཁོང་གིས་ཧྥ་རན་སིའི་སྐད་ཡིག་ནི་འཇིག་རྟེན་ན་ཆེས་ཕུན་སུམ་ཚོགས་པའི་སྐད་ཡིག་ཅིག་ཡིན་ཏེ། ཆེས་གསལ་ཞིང་གནད་དུ་འཕིགས་པའི་ཡོན་ཏན་ལྡན་པའི་ཕྱིར་རོ་ཞེས་དང་། ཡང་གསུང་རྒྱུར། ང་ཚོས་ཅིས་ཀྱང་སྐད་ཡིག་ཡིད་ལ་དམ་པོར་བཅངས་ནས་དུས་གཏན་དུ་བརྗེད་མི་རུང་། རྒྱལ་ཁབ་ཕུང་ནས་བྲན་དུ་གྱུར་པའི་མི་དམངས་ལ་མཚོན་ན། རང་ཉིད་ཀྱི་སྐད་ཡིག་ལ་སྙིང་ནས་བརྩོན་པར་བྱས་ན་ནི། བཙོན་ཁང་གི་སྒོ་འབྱེད་པའི་ལྡེ་མིག་ལག་ཏུ་འབྱོར་བ་དང་མཚུངས་པ་ཡིན། བཤད་མཚམས་དེར་སླེབས་རྗེས་ཁོང་གིས་དཔེ་ཆའི་ཁ་ཕྱེ་ནས་བརྡ་སྤྲོད་སློབ་ཁྲིད་བྱས། ཨ་ཡ་མཚན། དེ་རིང་སློབ་ཁྲིད་བྱས་ཚད་ཚང་མ་ཡིད་ལ་འདྲོངས་པར་གྱུར་ཏེ་གསུངས་པ་མཐའ་དག་ཧ་ཅང་གོ་སླ་ཞིང་། ངའི་སེམས་ལ་སྔོན་ཆད་བདག་གིས་དགེ་རྒན་གྱི་བཤད་ཁྲིད་ལ་འདི་ལྟར་སེམས་གཏད་ནས་ཉན་མ་མྱོང་ལ་ཁོང་གིས་ཀྱང་འདི་ལྟར་སུན་སྣང་མེད་པའི་འགྲེལ་བཤད་གཏན་ནས་བྱས་མ་མྱོང་སྙམ། སྙིང་རྗེའི་ཡུལ་དུ་གྱུར་པའི་མི་འདིས་ང་ཚོ་དང་ཁ་བྲལ་བའི་སྔོན་རང་ཉིད་ལ་ཡོད་པའི་ཤེས་བྱ་མཐའ་དག་འཕྲལ་མ་ཉིད་དུ་ང་ཚོའི་ཀླད་པའི་ནང་ལ་བུམ་པ་གང་བྱོའི་ཚུལ་གྱིས་ལྡུག་པར་རྔམ་པ་དང་འདྲ། བརྡ་སྤྲོད་ཀྱི་སློབ་ཚན་ཁྲིད་རྗེས་ཡང་ང་ཚོར་ཡི་གེ་འབྲི་ཚུལ་བསླབས། ཉིན་དེར་དགེ་རྒན་ཧན་མེར་གྱིས་ང་ཚོར་ཡི་གེ་མ་ཕྱི་གསར་པ་ཞིག་གནང་བའི་སྟེང་ན། ཧྥ་རན་སི། ཨར་ས་སི། ཞེས་པའི་དབྱིབས་ཟླུམ་གོར་ཅན་གྱི་ཡིག་གཟུགས་ཡིད་དུ་འོང་བ་འཁོད་འདུག་པ་རྣམས་ང་ཚོའི་མདུན་ཅོག་གི་ལྕགས་དབྱུག་སྟེང་བཀལ་ནས། རྒྱལ་དར་ཆུང་ཆུང་མང་པོ་སློབ་ཁང་དུ་ལྷབ་ལྷུབ་བསྐྱོད་པ་དང་མཚུངས་ལ། སློབ་གྲོགས་རྣམས་རེ་རེ་བཞིན་བློ་རྩེ་གཅིག་ཏུ་བསྒྲིམས་ཤིང་སློབ་ཁང་ན་ཁུ་སིམ་པོར་གྱུར་ཏེ། ཤོག་བུའི་སྟེང་དུ་སྨྱུ་གུ་ཤར་མར་བསྐྱོད་པའི་སྒྲ་ལས་གཞན་ཅི་ཡང་མི་ཐོས། སྐབས་འགར་བུང་བ་གསེར་གྱི་གཤོག་འདབ་ཅན་རེ་ཟུང་སློབ་ཁང་དུ་འཕུར་ཡོང་ནའང་སུས་ཀྱང་དེར་སེམས་མི་གཡེང་བར་མ་ཟད། ལོ་ན་ཆེས་ཕྲ་བའི་བྱིས་པ་དག་གིས་ཀྱང་དེར་མི་གཡེང་བར་སེམས་གཏད་ནས་འཕྲེད་རྟགས་འབྲི་བའི་ངང་ཚུལ་དེར་བལྟས་ན་རྟགས་དེ་ཡང་ཕ་རན་སིའི་ཡི་གེའི་གྲས་སུ་བརྩི་ཆོག་པ་དང་འདྲའོ། ཕུག་རོན་གྱིས་ཁང་ཐོག་ག་སྐད་དམའ་བའི་མགྲིན་སྒྲ་སྒྲོག་བཞིན་འདུག ངའི་སེམས་ལ་མི་ངན་དེ་ཚོས་ཕུག་རོན་འདི་དག་ལའང་བཙན་ཤེས་གྱིས་འཇར་མན་སྐད་ཀྱིས་གླུ་ལེན་རུ་འཇུག་སྲིད་དམ་སྙམ། ངས་མགོ་དགྱེ་ནས་ལྟ་ཐེངས་རེ་རེར་དགེ་རྒན་ཧན་མེར་གྱི་རྐུབ་སྟེགས་སྟེང་དུ་འགུལ་ཙམ་ཡང་མི་བྱེད་པར་ཁོར་ཡུག་གི་དངོས་པོ་དག་ལ་མིག་ཅེར་རེ་གཟིགས་ཏེ་སློབ་ཁང་ཆུང་ཆུང་དེའི་ནང་དུ་ཡོད་པའི་དངོས་པོ་ཐ་དག་གཅིག་ཀྱང་མ་ལུས་པར་ཁོང་གི་མིག་ནང་དུ་བསྡུས་ནས་ཁྱེར་འདོད་པ་ལྟ་བུའི་ངང་ཚུལ་དེ་མཐོང་བྱུང་། དེ་ལོས་ཡིན་ཏེ། ཁོང་ཉིད་ལོ་བཞི་བཅུའི་རིང་འདི་གར་བཞུགས་པ་དང་། སྒེའུ་ཁུང་གི་ཕྱི་རོལ་ནི་ཁོང་གི་སྒོ་ར་ཡིན་ཞིང་། མདུན་ན་སྡོད་པ་རྣམས་ཁོང་གི་སློབ་མ་རེད། ལོ་མང་པོའི་རིང་ཉེར་སྤྱད་ཅོག་ཙེ་དང་རྐུབ་སྟེགས་ལ་ཕྱིས་བརྡར་ཁོ་ན་བཏང་ནས་འོད་འཁྱུག་ཅིང་བརྡར་ཟད་དུ་སོང་འདུག སྒོ་རའི་ནང་གི་ཁམ་བུའི་སྡོང་པ་དེའི་རྩེ་མོ་དགུང་ལ་རེག་ཅིང་། ཁོང་གིས་དངོས་སུ་བཙུགས་པའི་འཁྲི་ཤིང་དེ་ཡང་ད་ལྟ་སྒེའུ་ཁུང་ལ་འཁྲིལ་ནས་ཁང་ཀླད་དུ་སླེབས་འདུག ཀྱེ་མ། ལས་ངན་གྱི་མི་འདི་ད་ལྟ་ཉིད་ནས་འདི་ཀའི་སྣོད་བཅུད་མཐའ་དག་དང་ཁ་འབྲལ་དགོས་པར་གྱུར་པའི་ཁར་ཁོང་གི་སྲིང་མོས་ཐོག་ཁང་དུ་འགྲོ་ཆས་སྒྲིག་ཕྱིར་ཕར་འགྲོ་ཚུར་འོང་གི་སྒྲ་ཡང་ཐོས་ཐུབ་པས་ཁོང་ཉིད་བློ་བག་ཕེབས་པོ་ཞིག་ག་ལ་ཡོང་ཐུབ། སང་ཉིན་ཁོང་ཚོ་ས་འདི་དང་གཏན་བྲལ་བྱེད་དགོས་པ་ཡིན་ནོ། ཡིན་ཡང་ཁོང་དེ་རིང་གི་སློབ་ཚན་ཁྲིད་ནས་མཐའ་འཁྱོལ་བ་ཞིག་བྱེད་པའི་སྤོབས་སེམས་མ་ཉམས་པ་ཞིག་ཡོད་དེ། ཡི་གེ་འབྲི་ཚུལ་བསླབས་ཚར་རྗེས་ཁོས་སླར་ཡང་ལོ་རྒྱུས་ཀྱི་སློབ་ཚན་ཞིག་ཁྲིད་པ་དང་དེར་མཐུད་ནས་དམའ་རིམ་འཛིན་གྲྭར་(ba be bi bo by)ཞེས་ཀློག་འདོན་བྱེད་ཚུལ་བསླབས། དེའི་སྐབས་བགྲེས་པོ་ཧོ་སུག་གིས་ཀྱང་མིག་ཤེལ་གྱོན་ཏེ་ལག་པས་དམའ་རིམ་སློབ་དེབ་དེ་བཟུང་ནས་ཁོ་ཚོ་དང་ལྷན་དུ་སྒྲ་སྦྱོར་བྱས། ཁོའི་ཡིད་སེམས་དབང་མེད་དུ་འཕྲོག་སྟེ་ཀློག་འདོན་གྱི་སྒྲ་གདངས་ཡང་འདར་འདར་བྱེད་དགོས་པ་ཞིག་བྱུང་སོང་།

Image result for alphonse daudet the last lesson

ང་ཚོས་ཁོང་གི་སྐད་འདར་འདར་དུ་འདོན་བཞིན་པ་ཐོས་པས། རེས་འགར་དགོས་བྲོ་བ་དང་། རེས་འགར་ངུ་བྲོ་བ་ཞིག་བྱུང་། ཀྱེ་མ། ངས་མཇུག་མཐའི་སློབ་ཐུན་འདི་དུས་ནམ་ཡང་བརྗེད་ག་ལ་སྲིད། གློ་བུར་དུ་ཆོས་ཁང་གི་ཅོང་སྒྲ་ཐེངས་བཅུ་གཉིས་གྲགས་ཤིང་། སྨོན་ལམ་འདེབས་པའི་དྲིལ་བརྡའང་བཏང་བྱུང་བའི་མུར་སྒེའུ་ཁུང་ནས་དམག་མིའི་དམག་སྦྱོང་མཚམས་འཇོག་པའི་དུང་བརྡའང་གྲགས་པས། དེག་རྒན་ཧན་མེར་ཡར་བཞེངས་ཤིང་ཁོང་གི་ཞལ་མདོག་སྐྱ་བོར་གྱུར། ངས་སྔར་ནས་ད་བར་ཁོང་ཉིད་འདི་འདྲའི་བརྗིད་ཉམས་ལྡན་པ་ཞིག་ཡིན་པར་བསམས་མ་མྱོང་། ཁོང་གིས་ང་ཚོར། གྲོགས་པོ་རྣམ་པ་ལགས། ང་རང་་་་་་ང་་ཞེས་མགྲིན་པ་བརྣངས་ནས་གཏམ་མཇུག་བཤད་མ་ཐུབ་པར་གྱུར། ཁོང་ནག་པང་ཕྱོགས་སུ་ཞལ་འཁོར་ཏེ་ས་སྨྱུག་ཅིག་བླངས་ནས་ལུས་ཤུགས་ཡོད་ཚད་ཀྱིས་ནག་པང་སྟེང་དུ་ཧྥ་རན་སི་བསྐལ་བརྒྱར་བརྟན་པར་ཤོག ཅེས་པའི་ཡིག་འབྲུ་ཆེན་པོ་འགའ་བྲིས་རྗེས་དེ་གར་ཧད་དེ་ལུས་ཤིང་། དབུ་རྩིག་ངོས་སུ་བསྙེས་ནས་ཞལ་བརྡ་ཅི་ཡང་མི་གནང་བར་ང་ཚོར། སློབ་གྲྭ་གྲོལ་སོང་། ཁྱོད་ཚོ་འགྲོ་ཆོག་པ་ཡིན། ཞེས་ཕྱག་བརྡ་གནང་བྱུང་།