ཉེ་ཆར་ཀྲེའུ་ཅང་ཞིང་ཆེན་གྱི་ནང་བསྟན་མཐུན་ཚོགས་ཀྱིས་ཀྲེའུ་ཅང་ཞིང་ཆེན་ཡོངས་རྫོགས་ནས་ཁྲིམས་འགལ་གྱིས་བོད་བརྒྱུད་ནང་བསྟན་སྤེལ་བ་ལ་བཀག་སྡོམ་དང་དོ་དམ་བྱེད་ཀྱི་ཡིན་ཞེས་བརྡ་སྦྱོར་ཞིག་སྤེལ་འདུག ཀྲེའུ་ཅང་ནང་བསྟན་མཐུན་ཚོགས་ཀྱི་བརྡ་སྦྱོར་དེ་ནང་དུ།བརྡ་སྦྱོར་དེ་ནི་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་ལ་གཞི་བཅོལ་ཞིང་། ཀྲེའུ་ཅང་ཞིང་ཆེན་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བཀའ་བསྒོས་ལྟར་སྤེལ་བ་དང་།དམིགས་ཡུལ་ནི་ཆོས་ལུགས་དབར་གྱི་འཆམ་མཐུན་དང་། སྤྱི་ཚོགས་ཀྱི་འཆམ་མཐུན་ལ་སྲུང་སྐྱོབ་ཀྱི་ཆེད་ཏུ་ཡིན་ཟེར། དེས་ན་ཡིག་ཆ་དང་ཁྲིམས་དང་མཐུན་མིན་དང་། ཁྲིམས་ཀྱི་ནུས་བ་ཡོད་མེད། མང་ཚོགས་ཀྱིས་དེ་ལྟར་ལག་བསྟར་བྱེད་དགོས་སམ་མི་དགོས་བའི་སྐོར་ལ་རོབ་ཙམ་བཤད་པར་བྱ།ཐོག་མར་ཡིག་ཆ་དེ་ནི་ཏང་གི་ཆོས་ལུགས་སྲིད་ཇུས། རྒྱལ་ཁབ་ཀྱི་་ཁྲིམས་དང་མི་མཐུན་པའི་ཡིག་ཆ་ཞིག་ཡིན།

ཁྲིམས་འགལ་གྱི་ཡིག་ཆ།

རྩ་ཁྲིམས་ཀྱི་དོན་ཚན་༣༣་གྱིས་་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་གི་ཐོབ་ཐང་གཏན་ལ་བབས་ཤིང་། དེས་རང་རེའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་རེ་རེ་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་པ་གཏན་འཁེལ་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ་སུ་གང་གིས་བཙན་ཤེད་ཀྱིས་ཆོས་དད་རང་དབང་ལ་ཐེ་གཏོགས་དང་ཁྱད་གསོད་བྱས་མི་ཆོག་པའང་གཏན་ལ་འཁེལ་བྱས། རྩ་ཁྲིམས་ནི་ཏང་གི་སྲིད་ཇུས་དང་ཁྲིམས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས། དེ་དང་འགལ་ན་ཏང་གི་སྲིད་ཇུས་དང་ཁྲིམས་ཐམས་ཅད་ལ་རང་བཞིན་གྱིས་འགལ་ཡོད་པའི་རྒྱུ་མཚན་གྱིས། ཡིག་ཆ་འདི་ནི་ཐོག་མར་ཁྲིམས་འགལ་གྱི་ཡིག་ཆ་ཞིག་ཡིན། ཡིག་ཆ་དེས་ཀྲེའུ་ཅང་ཞིང་ཆེན་གྱི་རྒྱ་ཆེ་བའི་ནང་བའི་རྗེས་འཇུག་པ་དང་། མདོ་དབུས་ཁམས་གསུམ་གྱི་བོད་མིའི་ཆོས་དད་རང་དབང་གི་རྩ་ཁྲིམས་ཐོབ་ཐང་ལ་རྡོག་རོལ་བཏང་། བོད་བརྒྱུད་ནང་བསྟན་ནི་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་ཆོས་ལུགས་ཆེན་པོ་བཞིའི་ཡ་གྱལ་ཡིན། བསྟན་འཛིན་གྱི་སྐྱེས་བུ་དམ་པ་དག་གིས་རྒྱ་རིགས་མང་ཚོགས་ཀྱིས་བསྐུལ་ངོར། ཁྲིམས་ལུགས་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཅས་དང་མ་འགལ་བར་ནང་ལོགས་ནས་ཆོས་སྤེལ་ན། དེ་ནི་མཆོད་ཡོན་གཉིས་ཀྱིས་རྩ་ཁྲིམས་ཀྱི་ཆོས་དད་རང་དབང་གི་ཐོབ་ཐང་ལོངས་སྤྱོད་བྱས་བའི་བྱ་སྤྱོད་ཅིག་ཡིན་ཕྱིན། སྤྱི་དམངས་ཀྱི་གཞི་རྩའི་ཐོབ་ཐང་འདི་ལ་ནང་ཆོས་མཐུན་ཚོགས་ཞིག་གིས་བཀག་འགོག་དང་དམ་འདོམས་བྱེད་པའི་དབང་ཐང་མེད། རང་རྒྱལ་དམངས་ཁྲིམས་ལྟར་ན་ཆོས་ལུགས་མཐུན་ཚོགས་ནི་སྤྱི་ཚོགས་ཚོགས་པ་ཞིག་ཡིན། སྤྱི་ཚོགས་ཚོགས་པ་ཞིག་ལ་སྲིད་འཛིན་དང་ཁྲིམས་འཛིན། ཁྲིམས་བཟོ་སོགས་ཀྱི་དབང་འཛིན་གྱི་དབང་ཆ་མེད་པས། སྤྱི་དམངས་ཀྱི་རྩ་བའི་ཐོབ་ཐང་གི་ཡ་གྱལ་ཏེ་ཆོས་ལུགས་དད་མོས་ཐོབ་ཐང་ཐད་དང་། ཆོས་ལུགས་དོ་དམ་ཐད་ཀྱི་བྱ་གཞག་ཐད་ལ་འདི་བྱས་ན་ཆོག་དང་དེ་བྱས་ན་མི་ཆོག་ཟེར་བའི་དབང་ཆ་རྩ་བ་ཉིད་ནས་མེད།  གལ་སྲིད་བོད་བརྒྱུད་ནང་བསྟན་རྒྱ་ནག་གི་ཞིང་ཆེན་ཞིག་ནས་དོ་དམ་བྱེད་དགོས་བའི་དབང་དུ་བཏང་ཡང་།  ཐོག་མར་ཞིང་ཆེན་དེའི་ཁྲིམས་བཟོ་ལས་ཁུངས་ཀྱིས་བོད་བརྒྱུད་ནང་བསྟན་ཇི་ལྟར་དོ་དམ་བྱེད་པའི་ཡུལ་ཁྲིམས་བཟོས་ནས། ཞིང་ཆེན་དེའི་ཆོས་ལུགས་ལས་ཁུངས་ཀྱིས་ལག་བསྟར་བྱེད་ཐབས་སྤེལ་དགོས་བ་མ་གཏོགས། ཞིང་ཆེན་གྱི་ནང་ཆོས་མཐུན་ཚོགས་ཀྱིས་ཐད་ཀར་བརྡ་སྦྱོར་བཏང་ནས་བཀག་འགོག་དང་དོ་དམ་བྱས་ན་རྩ་ཁྲིམས་དང་འགལ་ཞིང་ཁྲིམས་བཟོའི་གོ་རིམ་དང་མི་མཐུན། རྩ་ཁྲིམས་དང་ཁྲིམས་བཟོ་བའི་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ས་གནས་དབང་འཛིན་ལས་ཁུངས་ལའང་སྤྱི་དམངས་ཀྱི་རྩ་བའི་ཐོབ་ཐང་ཐད་ལ་དོ་དམ་དང་བཀག་འདོམས་བྱེད་པར་ཡུལ་ཁྲིམས་དང་ཡིག་ཆ་བཟོ་བའི་དབང་ཆ་མེད། རྒྱལ་སྲིད་སྤྱི་ཁྱབ་ཁང་ལའང་དེ་འདྲའི་ཁྲིམས་སྲོལ་དང་ཡིག་ཆ་བཟོ་ཆོག་མིན་ཐད་ལ་ཪྩོད་པ་རྒྱ་ཆེན་པོ་ལྷག
དེང་སང་བོད་ཀྱི་བླ་རྫུན་ཁ་ཤས་ཀྱིས་རྒྱ་ནག་གི་ཡུལ་གྲུ་ནས་བསྟན་པར་རྨ་འབྱིན་གིན་ཡོད་པ་མཐོང་ཆོས་སུ་གྱུར། ཡིན་ནའང་གང་ཟག་རེ་གཉིས་ཀྱི་བྱ་སྤྱོད་ངན་པ་དེ་དག་དམངས་ཁྲིམས་དང་ཉེས་ཁྲིམས་སོགས་ལ་བརྟེན་ནས་ཐེར་འདོན་དང་ཆད་པ་གཅོད་དགོས་བ་ལས། གང་ཟག་དེ་དག་གི་བྱས་ཉེས་བོད་བརྒྱུད་ནང་བསྟན་ཡོངས་ལ་ཁག་དཀྲིས་བྱས་ཏེ། བོད་བརྒྱུད་ནང་བསྟན་ཁྲིམས་དང་མི་མཐུན་པའི་སྒོ་ནས་དམིགས་བསལ་གྱིས་བཀག་འགོག་བྱས་ན། མཆོད་ཡོན་གྱི་ཆོས་དད་རང་དབང་གི་རྩ་བའི་ཐོབ་ཐང་ལ་གནོད་པས་ཁྲིམས་འགལ་ཡིན། དེང་སང་རྒྱ་ནག་གི་ནང་བསྟན་འཛིན་པའི་གྲྭ་དགོན་མང་བོས་བསྟན་པ་རིན་པོ་ཆེ་ཚོང་རའི་འདུ་འགོད་གྱི་ཡོ་བྱད་ཁོ་ནར་བསྒྱུར་བའི་དབང་གིས། རྒྱ་ཆེ་བའི་རྒྱ་རིགས་དད་ལྡན་མང་ཚོགས་ཀྱི་སེམས་དཕྱུངས་ཏེ། རྒྱ་རིགས་མང་ཚོགས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་ཚུལ་བཞིན་འཛིན་པའི་བོད་ཀྱི་བླ་མ་དང་གྲྭ་བཙུན་ལ་བློ་ཕྱོགས་པ་ནི་བོད་བརྒྱུད་ནང་བསྟན་རྒྱ་ནག་ནས་ཁྱབ་བརྡལ་དུ་སོང་བའི་རྒྱུ་མཚན་གཙོ་བ་ཡིན། རྒྱ་ནག་གི་བསྟན་འཛིན་གྱི་སྐྱེས་བུས་ཁོང་ཚོའི་བསྟན་བཤིག་གི་བྱ་སྤྱོད་ལ་དག་ཐེར་བྱེད་དགོས་བ་མ་གཏོགས། བོད་བརྒྱུད་ནང་བསྟན་ལ་ངན་ཁག་བཀལ་ནས་བཀག་འགོག་དང་དོ་དམ་བྱས་ན་མི་འགྲིག
གང་ལྟར་སྤྱི་ཚོགས་ཚོགས་པ་ཞིག་ལས་བྱུང་བའི་བརྡ་སྦྱོར་འདི་ལ་སྲིད་འཛིན་དང་ཁྲིམས་འཛིན་གྱི་དབང་ཆ་ཇི་ཡང་མེད་པས། མང་ཚོགས་ཀྱིས་སྣང་མེད་དུ་བཞག་ན་སྐྱོན་མེད། ཡིག་ཆ་དེ་ལ་བརྟེན་ནས་མང་ཚོགས་ལ་ཆད་པ་གཅོད་པའམ། འཇིགས་བསྐུལ་བ་སོགས་བྱས་ཚེ། དེ་ནི་ནང་བསྟན་མཐུན་ཚོགས་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན། རྒྱ་ཆེ་དད་ལྡན་མང་ཚོགས་ཀྱིས་བྱ་སྤྱོད་དེ་དག་སུན་འབྱིན་བྱེད་དགོས། ཀྲེའུ་ཅིང་ནང་བསྟན་མཐུན་ཚོགས་ཀྱིས་ཀྱང་བརྡ་སྦྱོར་འདིའི་ཁྲིམས་འགལ་གྱི་རང་བཞིན་ལ་ངོས་ལེན་བྱས་ནས། བརྡ་སྦྱོར་་ཕྱིར་བསྡུད་བྱེད་དགོས་བ་དང་། བརྡ་སྦྱོར་དེའི་བྱུང་རིམ་དང་འགན་ཁུར་སུ་ཡིན་མང་ཚོགས་ལ་གསལ་བཤད་བྱེད་དགོས།