ས་རྩོད་ཆུ་རྩོད་ཀྱི་རྩོད་གཞི་རྐྱེན་བྱས་ཏེ། མི་དཔུང་ཁྱུ་སྒྲིག་བྱས་ནས་ཕར་ཚུར་འཛིང་སྟེ་མི་བསད་ཁྲག་སྦྱོར་གྱི་ནག་ཉེས་ཚབས་ཆེན་བྱུང་བའི་གནད་དོན་ལ་ཉེས་ཁྲིམས་ཀྱིས་གཏན་འཁེལ་དང་བཀག་འགོག་ཇི་ལྟར་བྱས་ཡོད་པའི་སྐོར་དྲ་ཐོག་ནས་དྲ་གྲོགས་ཁ་ཤས་ཀྱིས་དྲི་བ་ཞིག་དྲིས་བྱུང་།༢༠༡༠་ཡི་ལོར་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་མཛུབ་སྟོན་རང་བཞིན་ཅན་གྱི་གྱོད་དཔེ་ཞིག་སྤེལ་ནས། ས་རྩོད་སྐབས་ཀྱི་དཔུང་སྒྲིག་ནས་འཛིང་རེས་བྱས་པའི་གྱོད་གཞི་ལ་༼མི་དཔུང་ཁྱུ་བསྒྲིགས་ཀྱིས་འཛིང་རེས་བརྒྱབ་པའི་ནག་ཉེས་༽ཀྱི་གཏན་འཁེལ་ལྟར་བརྩད་ཞིབ་བྱེད་དགོས་ཞེས་ལམ་སྟོན་རང་བཞིན་ཅན་གཏན་འབེབས་བྱས་ཡོད་ཅིང་།

 

རྒྱལ་ཁབ་ཀྱི་ཉེས་ཁྲིམས་ཀྱི་དོན་ཚན་༢༩༢་ཀྱི་ནང་དུ་༼མི་དཔུང་ཁྱུ་བསྒྲིགས་ཀྱིས་འཛིང་རེས་བརྒྱབ་པའི་ནག་ཉེས་༽ཞེས་པའི་ནག་ཉེས་ཀྱི་རྣམ་པ་དང་གྲུབ་ཚུལ་སོགས་གཏན་ལ་ཕབ་ཡོད། དོན་ཚན་དེའི་ནང་དུ་མི་དཔུང་ཁྱུ་བསྒྲིགས་བྱས་ནས་རྒྱག་རེས་བརྒྱབ་པའི་ནག་ཉེས་བྱུང་ན། དོན་རྐྱེན་དེ་བཀོད་སྒྲིག་བྱེད་མཁན་དང་དོན་རྐྱེན་ནང་དུ་མཉམ་ཞུགས་ཐལ་དྲགས་བྱེད་མཁན་བཅས་ལ་ལོ་གསུམ་མན་གྱི་བཙོན་འཇུག་སོགས་ཀྱི་ཁྲིམས་ཐག་བཅད་ཆོག་པ་དང་། ཡིན་ནའང་མཚོན་ཆ་བཟུང་ནས་འཛིང་རེས་བྱས་ཤིང་། འཛིང་རེས་ཀྱི་ནང་དུ་མཉམ་ཞུགས་བྱེད་མཁན་གྱི་མི་འབོར་མང་བ་། སྤྱི་ཚོགས་སྟེང་དུ་ཤན་ཤུགས་ངན་པ་སོགས་བཟོས་ཏེ། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་དོ་ཕོག་བྱུང་བ་ཡིན་ན། དོན་རྐྱེན་དེ་བཀོད་སྒྲིག་བྱེད་མཁན་དང་དོན་རྐྱེན་དེའི་ནང་དུ་མཉམ་ཞུགས་ཐལ་དྲགས་བྱེད་མཁན་བཅས་ལ་ལོ་གསུམ་ཡན་ནས་ལོ་བཅུའི་མན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཆོག་ཅེས་འཁོད་ཡོད། དོན་ཚན་དེའི་ཚན་པ་གཉིས་པ་ནང་དུ་མི་དཔུང་ཁྱུ་སྒྲིག་བྱས་ཏེ་འཛིང་རེས་བྱེད་སྐབས། ཕ་རོལ་བོ་ལ་རྨས་སྐྱོན་ཚབས་ཆེན་བཟོས་པའམ་བསད་པ་ལ་སོགས་པའི་དོན་རྐྱེན་བྱུང་ན། བསམ་བཞིན་དུ་མི་གཞན་རྨས་པའི་ནག་ཉེས་དང་། བསམ་བཞིན་དུ་མི་བསད་པའི་ནག་ཉེས་ལ་བརྩིས་ནས་ཉེས་ཆད་གཅོད་དགོས་ཞེས་གཏན་ལ་འཁེལ་ཡོད། ཉེས་ཁྲིམས་ཀྱི་ནང་དུ་བསམ་བཞིན་དུ་མི་གཞན་ལ་རྨས་སྐྱོན་བཟོས་པའི་ཉེས་ཅན་ལ་ལོ་གསུམ་མན་གྱི་བཙོན་འཇུག་ཉེས་ཆད་གཅོད་པ་དང་། རྨས་སྐྱོན་ཚབས་ཆེན་བཟོས་པའམ་རྐྱེན་ལམ་དུ་བཏང་བ་ཡིན་ན། ཉེས་ཅན་ལ་སོ་གསུམ་ཡན་ནས་སྲོག་གཅོད་བར་གྱི་ཉེས་ཆད་གཅོད་དགོས་ཞེས་གཏན་འཁེལ་བྱས་ཡོད། དེ་ནས་བསམ་བཞིན་དུ་མི་བསད་པའི་ནག་ཉེས་ལ་སྲོག་གཅོད་ནས་ཚེ་བཙོན་དང་། ལོ་གསུམ་ཡན་གྱི་བཙོན་འཇུག་བཅས་ཀྱི་ཉེས་ཆད་སོགས་གཏན་ལ་ཕབ་ཡོད། དེའི་ཕྱིར་གོང་གསལ་ཁྲིམས་ལུགས་ཀྱི་དོན་ཚན་ལྟར་ན། མི་དཔུང་ཁྱུ་སྒྲིག་བྱས་ཏེ་འཛིང་རེས་བརྒྱབ་པའི་ནག་ཉེས་འདི་ནི་ནག་ཉེས་ཚབས་ཆེན་ཞིག་ཡིན་ཕྱིན། དེ་བཀོད་སྒྲིག་བྱས་པའམ། དེའི་ནང་དུ་རི་བོང་ཅལ་འདྲོགས་ཀྱིས་ཟུར་ཞུགས་ཐལ་དྲགས་བྱས་ཏེ། གནས་ཚུལ་ཚབས་ཆེན་བཟོས་ན། གོང་ནས་བཤད་པའི་ཉེས་ཆད་སོགས་ཕོག་སྲིད། རྒྱལ་ཁབ་ཀྱི་ས་ཞིང་བདག་དབང་གི་འབྲེལ་ཡོད་ཀྱི་ཁྲིམས་ལྟར་ན། ས་ཞིང་བདག་དབང་གི་རྩོད་གཞི་ཞིག་བྱུང་ཚེ་གནད་དོན་དེ་ཐོག་མར་སྲིད་གཞུང་གིས་འདུམ་འགྲིག་བྱས་ནས་ཐག་གཅོད་བྱེད་དགོས། གལ་ཏེ་སྲིད་གཞུང་གི་གཞུང་ཞབས་ཀྱིས་སྣང་ཆུང་བྱས་ནས་རྣམ་གཡེང་གི་དབང་གིས་འདུམ་འགྲིག་མ་བྱས་པའམ། ལྐོག་ཟ་རུལ་སུངས་ཀྱི་དབང་གིས་རྒྱུ་འབྲས་མ་བསྲུངས་པར་ཐག་གཅོད་བྱས་ཏེ་གནད་དོན་བྱུང་བའམ། ཡང་ན་མང་ཚོགས་ཀྱིས་དཔུང་སྒྲིག་ནས་འཛིང་རེས་བྱེད་པའི་དོན་རྐྱེན་ལ་སྔོན་འགོག་དང་ཚོད་འཛིན་མ་བྱས་པར་གནད་དོན་ཚབས་ཆེན་བྱུང་བ་ཡིན་ན། སྲིད་གཞུང་གི་འབྲེལ་ཡོད་འགན་འཛིན་ལའང་འགན་འཛོལ་གྱི་ནག་ཉེས་ཡོད། མདོར་ན། ས་རྩོད་ཆུ་རྩོད་ཁྲིམས་མཐུན་གྱི་སྒོ་ནས་རྩོད་དགོས་པ་ལས། མི་ཤི་རྟ་འགྱེལ་གྱི་སྒོ་ནས་བརྩད་ན་འཐབ་འཛིང་སྐུལ་སློང་དང་རྩ་འཛུགས་བྱེད་མཁན། དེ་མིན་ལས་འཛོལ་ཤོར་བའི་སྲིད་གཞུང་གི་ལས་ཀྱི་སྣེ་མོ་རྣམས་ལ་ཉེས་ཁྲིམས་ཀྱི་འགན་འཁུར་ཡོད་པས། དེའི་གནད་ལ་མང་ཚོགས་དང་སྲིད་གཞུང་གཉི་ཀས་གཟབ་དགོས།