Image result for དབྱར་རྩྭ་དགུན་འབུ

དབྱར་རྩྭ་བརྐོ་བ།

དབྱར་རྩྭ་ནི་དེང་སྐབས་བོད་ཀྱི་ཚོང་རའི་དཔལ་འབྱོར་གྱི་གྲུབ་ཆ་གཙོ་ཆེ་ཤོས་ཞིག་ཡིན་པ་དང་། དབྱར་རྩྭ་ལས་མཆེད་པའི་སྤྱི་ཚོགས་ཀྱི་གནད་དོན་ཡང་གང་མང་ཞིག་བྱུང་གི་ཡོད། དབྱར་རྩྭའི་བདག་དབང་སོགས་ལ་འབྲེལ་བ་ཡོད་པའི་དམངས་ཁྲིམས་དང་དངོས་ཟོག་བདག་དབང་གི་ཁྲིམས། ཞིང་ས་དང་རྩྭ་སའི་འགན་གཙང་ལེན་ལས་བྱུང་བའི་དངོས་ཟོག་བདག་དབང་གི་ཐོབ་ཐང་གི་ངོ་བོ་དང་བྱེད་ནུས་སོགས་ཤེས་བར་བྱས་ན།ཁྲིམས་ལྟར་རང་གཞན་གྱི་ཐོབ་ཐང་སྲུང་སྐྱོབ་དང་སླར་གསོ་བྱེད་པ་ལ་ཕན་ཐོགས་ཡོད། རྒྱལ་ཁབ་ཀྱི་དམངས་ཁྲིམས་དང་དངོས་ཟོག་བདག་དབང་གི་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། དབྱར་རྩྭའི་ཐོན་ཁུངས་ཀྱི་བདག་དབང་ནི་དབྱར་རྩྭ་་སྐྱེས་སའི་རྩྭ་ས་དང་ཞིང་ས་བདག་ཏུ་བཟུང་ཡོད་པའི་འབྲོག་པའམ་ཞིང་བ་དག་ལ་བདོག ཡིན་ནའང་ཁྲིམས་མཐུན་ངང་ས་ཞིང་གཞན་ལ་གླས་པ་ཡིན་ན། དེའི་སྟེང་གི་དབྱར་རྩྭའི་ཐོན་ཁོངས་ཀྱི་བདག་དབང་དེ་གན་རྒྱ་ལྟར་འགྲོ་དགོས།

སྡེ་བ་དང་ཚོ་བའི་སྤྱི་ས་དང་ཐུན་མོང་བཀོལ་སྤྱོད་ཀྱི་ས་ཐོག་གི་དབྱར་རྩྭའི་ཐོན་ཁུངས་ཀྱི་བདག་དབང་ནི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་དབང་ཞིང་། དེའི་སྡེ་དམངས་ལྷན་ཁང་གིས་སྡེ་དམངས་དང་གྲོས་མཛད་དེ་སྤྱི་སའི་དབྱར་རྩྭའི་ཐོན་ཁུངས་ཀྱི་ཁེ་ཕན་བགོ་བཤའ་བྱེད་དགོས། རྒྱལ་ཁབ་ཀྱི་དམངས་ཁྲིམས་དང་དངོས་ཟོག་བདག་དབང་གི་ཁྲིམས། གན་རྒྱའི་ཁྲིམས་སོགས་ནི་རོང་འབྲོག་མང་ཚོགས་ཀྱི་དབྱར་རྩྭའི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་ཡིན། དཔེར་ན་བདག་དབང་འཛིན་མཁན་གྱི་ཆོག་མཆན་མེད་པར་དེའི་ས་ཐོག་ནས་དབྱར་རྩྭ་བརྐོས་ན་ཐོག་མར་དམངས་ཁྲིམས་དང་འགལ་ཡོད་པ་དང་། དབྱར་རྩྭ་ལྐོག་ནས་བརྐོས་པ་ཡིན་ན་ཉེས་ཁྲིམས་ཀྱི་བརྐུས་བྱས་པའི་ནག་ཉེས་ཡིན་པས། ས་གནས་ཁྲིམས་འཛིན་ལས་ཁུངས་ཀྱིས་རྩྭ་སའི་བདག་པོའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད་། ནག་ཉེས་བྱེད་མཁན་གྱི་ཉེས་ཁྲིམས་འགན་འཁུར་འདེད་དགོས།

རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་ལུགས་གཞན་གྱི་ནང་དུ། རོང་འབྲོག་པར་ས་ཞིང་གི་བདག་དབང་གཤའ་མ་དེ་མེད་ཅེས་གཏན་ལ་ཕབ་ཡོད་ཀྱང་། ས་ཞིང་ལས་བྱུང་བའི་ཐོན་རྫས་དེ་དག་ཞིང་བ་དང་འབྲོག་པ་ལ་གཞན་གྱིས་དྲིང་འཇོག་མི་དགོས་པའི་བདག་དབང་མངའ་བ་དེ་དམངས་ཁྲིམས་ཀྱི་ནང་དུ་གསལ། དབྱར་རྩྭ་ཡང་དེ་བཞིན་ནོ། དེ་ནས་དབྱར་རྩྭའི་ཐོན་ཁུངས་དེ་ལ་སྲིད་འཛིན་དོ་དམ་བྱེད་དོན་དང་བྱེད་སྟངས་ཀྱི་ཁྲིམས་ཡང་ཡོད། ས་ཞིང་བདག་ཏུ་བཟུང་ནས་དོན་གཉེར་བྱེད་མཁན་ལ་རྩྭ་ས་དང་ཞིང་ས་སྲུང་སྐྱོབ་བྱས་ཏེ་འཁོར་ཡུག་གཅེས་སྲུང་བྱེད་པའི་འོས་འགན་ཡོད། རྩྭ་ཐང་གི་ཁྲིམས་དང་རི་སྐྱེས་ལྡུམ་རིགས་སྲུང་སྐྱོབ་ཀྱི་སྲོལ་ཡིག འཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་བཅས་ཀྱི་ནང་དུ། དབྱར་རྩྭ་བརྐོ་དུས་བརྐོ་བ་བོ་དང་ས་ཞིང་གི་བདག་དབང་ཡོད་པའི་དོ་བདག་གིས་དབྱར་རྩྭ་བརྐོས་པ་རྐྱེན་བྱས་ཏེ་འཁོར་ཡུག་ལ་གནོད་པ་བཟོས་ན་འཁོར་ཡུག་སོར་ཆུད་བྱེད་དགོས་པ་དང་། ཡང་ན་འཁོར་ཡུག་ལ་གནོད་པ་ཆེས་ཆུང་བའི་སྒོ་ནས་བརྐོ་བའི་ཐབས་ལམ་སོགས་བསྟེན་དགོས་པའི་འོས་འགན་དང་ཐབས་ལམ་བསྟན་ཡོད། དེའི་ཕྱིར་དབྱར་རྩྭ་བརྐོ་དུས་སྲིད་འཛིན་རང་བཞིན་ཅན་གྱི་ཁྲིམས་དང་ཁྲིམས་སྲོལ་འདི་དག་བརྩིས་ནས་བརྐོས་ན། འཁོར་ཡུག་ལ་ཕན་པ་མ་ཟད། རང་ཉིད་ལ་སྲིད་གཞུང་གིས་ཆད་པ་གཅོད་པ་སོགས་ཀྱི་གནད་དོན་ཡང་སྔོན་འགོག་བྱེད་ཐུབ། དབྱར་རྩྭ་བརྐོ་མཁན་རང་ཉིད་ནས་ཀྱང་རྒྱལ་ཁབ་ཀྱི་སྲིད་འཛིན་ཆོག་མཆན་གྱི་ཁྲིམས་ཀྱི་གཏན་འཁེལ་ལྟར། དབྱར་རྩྭ་བརྐོ་ཆོག་པའི་ཆོག་ལེན་དགོས། སྲིད་འཛིན་ཆོག་མཆན་གྱི་ཁྲིམས་ནི་སྲིད་གཞུང་གིས་མང་ཚོགས་ཀྱིས་དམིགས་བསལ་གྱི་ལས་དོན་སྒྲུབ་པ་ལ་ཆོག་མཆན་ཇི་ལྟར་ཞུ་བ་དང་། སྲིད་གཞུང་གིས་མང་ཚོགས་ཀྱི་རེ་ཞུ་ལ་ཐག་གཅོད་ཇི་ལྟར་བྱེད་དགོས་པའི་ཚུལ་གཏན་འཁེལ་བྱས་ཡོད་པའི་ཁྲིམས་ཤིག་ཡིན། དབྱར་རྩྭ་བརྐོ་བའི་ལས་ནི་རོང་འབྲོག་ས་ཁུལ་ནས་སྲིད་འཛིན་ཆོག་མཆན་ཞུ་དགོས་པའི་ལས་དོན་ཞིག་ཡིན་པས། བརྐོ་མཁན་གྱིས་ས་གནས་ཀྱི་ཁྲིམས་སྲོལ་ལྟར་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་ཤིང་། ས་གནས་སྲིད་གཞུང་གིས་ཀྱང་ཆ་རྐྱེན་ཚང་བའི་མང་ཚོགས་ལ་དུས་ལྟར་ཆོག་མཆན་སྤྲོད་དགོས། དེ་ནས་སྲིད་འཛིན་ཆད་གཅོད་ཀྱི་ཁྲིམས་དང་རྩྭ་ཐང་གི་ཁྲིམས། ས་ཆུ་འཇགས་སྲུང་གི་ཁྲིམས་ལ་སོགས་པའི་་ནང་དུ། ཁྲིམས་འགལ་གྱིས་དབྱར་རྩ་བརྐོ་མཁན་ལ་སྲིད་གཞུང་གིས་སྲིད་འཛིན་ཆད་པ་སྒོར་ཁྲི་ལྔའི་མན་བཅད་ཆོག་ཅེས་བྲིས་འདུག དེའི་ཕྱིར་བརྐོ་མཁན་རྣམས་ཀྱིས་སྲིད་འཛིན་ཁྲིམས་ལུགས་འདི་དག་རོབ་ཙམ་ཤེས་ན་བཟང་།