PXརྫས་རིགས་ནི་འགྱིག་གི་ཅ་ལག་བཟོ་དུས་བེད་སྤྱོད་གཏོང་བའི་རྫས་འགྱུར་གྱི་དངོས་བོ་གནོད་པ་ཅན་ཞིག་ཡིན། ད་ལྟ་རྒྱ་ནག་ནི་འགྱིག་གི་དངོས་པོ་འདི་རིགས་བཟོ་ལས་དང་འཛད་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་ཆེ་ཤོས་དེ་ཡིན། རྒྱ་ནག་གིས་འགྱིག་རིགས་འདི་འཛད་སྤྱོད་བྱེད་སྐབས། ཚོང་རྫས་ཕྱེད་ལྷག་ལས་མང་བ་ཕྱི་རྒྱལ་ནས་ནང་འདྲེན་བྱེད་གིན་ཡོད་པ་སྲིད་གཞུང་ནས་ཤེས་ཚོར་བྱུང་ཏེ།རྒྱ་ནག་ནང་ནས་PX འགྱིག་རྫས་བཟོ་རྒྱུ་ཡིན་པའི་ཐག་བཅད། ༢༠༠༧་གི་ལོར་རྒྱ་ནག་ཧྥུ་ཅན་ཞིང་ཆེན་གྱི་ཞཱ་མུན་གྲོང་ཁྱེར་ནས་འདི་འདྲའི་བཟོ་གྲྭ་ཞིག་འཛུགས་རྒྱུ་ཡིན་པའི་འཆར་གཞི་ཞིག་བྱུང་བ་དེ་ས་གནས་དེ་གའི་མང་ཚོགས་ཀྱིས་ཚོར་ནས་འཕྲལ་དུ་ངོ་རྒོལ་བྱས། དོན་རྐྱེན་འདི་འཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལ་བཟོ་བཅོས་མ་བརྒྱབ་པའི་སྔོན་ཏུ་བྱུང་ཞིང་། སྐབས་དེར་ཁྲིམས་རྙིང་བའི་ནང་དུ་སྲིད་གཞུང་དང་བཟོ་གྲྭ་ཡིས་བཟོ་ལས་འཆར་གཞི་དང་འཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ལམ་སོགས་འདུས་པའི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་བྱས་ཏེ་ཁྱབ་བསྒྲགས་བྱེད་དགོས་པའི་དོན་ཚན་མང་བོ་གཏན་འཁེལ་བྱས་མེད།  
ད་ལྟ་ལག་བསྟར་བྱེད་བཞིན་པའི་འཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ཀྱི་དོན་ཚན་༡༩་བའི་ནང་དུ། འཁོར་ཡུག་ལ་ཕོག་ཐུག་ཡོད་པའི་བཟོ་གྲྭ་ཞིག་གསར་འཛུགས་བྱེད་གི་ཡིན་ན། ངེས་པར་དུ་འཁོར་ཡུག་ལ་དོ་ཕོག་དང་ཕོག་ཐུག་གང་གང་ཡོད་པའི་སྙན་ཞུ་ཡི་གེ་ཞིག་བྲིས་ནས། ས་གནས་མང་ཚོགས་ཀྱིས་ཤེས་རྟོགས་བྱེད་ཐུབ་པའི་མཐུན་རྐྱེན་བཟོ་དགོས་ཞེས་གཏན་ལ་ཕབ་ཡོད་ཅིང་། ཁྲིམས་དེའི་དོན་ཚན་༥༦་གི་ནང་དུ་ཕོག་ཐུག་སྙན་ཞུ་ཡི་གེ་དེ་ལ་མང་་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས་བའི་སྐོར་གཏན་འཁེལ་བྱས། དེ་ནས་ཁྲིམས་དེའི་དོན་ཚན་༣༩པའི་ནང་དུ། སྲིད་གཞུང་གིས་ཀྱང་འཁོར་ཡུག་དང་མི་ལུས་བདེ་ཐང་གི་སྐོར་ལ་ཞིབ་འཇུག་དང་བརྩད་ཞིབ་བྱས་ནས། འཁོར་ཡུག་གི་སྤུས་ཚད་དང་མང་ཚོགས་ཀྱི་བདེ་ཐང་ལ་གནོད་པ་བསྐྱལ་བའི་ལས་དོན་ལ་སྔོན་འགོག་དང་ཞིབ་འཇུག་གི་འགན་འཁུར་ཡོད་པ་བཀོད་ཡོད། མང་ཚོགས་ཀྱིས་ངོ་རྒོལ་བྱས་པའི་སྔོན་ཏུ། ཆབ་སྲིད་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་ཚོགས་མི་དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་རིགས་གཅིག་རྐང་འཛིན་གྱི་མི་སྣ་ཁ་ཤས་ཀྱིས་སྣེ་ཁྲིད་ནས་རྫས་འགྱུར་བཟོ་གྲྭའི་ལས་འཆར་ལ་ངོ་རྒོལ་དང་སུན་འབྱིན་བྱས་པས། མི་མང་བོ་ད་གཟོད་མཉམ་ཞུགས་བྱས་ཏེ་ངོ་རྒོལ་གྱི་ཁྱབ་རྒྱ་ཆེ་རུ་སོང་བ་རེད། ༢༠༠༧་པའི་ཟླ་༡༢་ནང་དུ། ཞཱ་མུན་གྲོང་ཁྱེར་སྲིད་གཞུང་གིས་རྫས་འགྱུར་XPབཟོ་གྲྭའི་ལས་འཆར་ཕྱིར་འཐེན་བྱས་ཤིང་། བཟོ་གྲྭ་དེ་ཀྲང་ཀྲིག་ས་ཁུལ་ལ་སྤོར་རྒྱུའི་གྲོས་ཆོད་བྱུང་། ཀྲང་ཀྲིག་ནས་མང་ཚོགས་ཀྱིས་ངོ་རྒོལ་བྱེད་འདོད་ཀྱང་། སྲིད་གཞུང་གིས་སྟངས་འཛིན་བླ་ལྷག་བྱས་ནས་ངོ་རྒོལ་ཆེར་བྱེད་མ་ཐུབ་པ་རེད།

དོན་རྐྱེན་འདི་ལས་ང་ཚོས་ཤེས་དགོས་པའི་ཉམས་མྱོང་ནི། རྫས་འགྱུར་གྱི་བཟོ་གྲྭ་འདི་ཞཱ་མུན་ནས་གསར་འཛུགས་བྱེད་པར་སྲིད་གཞུང་གིས་ཤུགས་བརྒྱབ་ནས་རོགས་རམ་བྱས་ཡོད་མོད། མང་ཚོགས་ཀྱིས་ངོ་རྒོལ་ཤུགས་དྲག་དང་མཐར་ཐུག་བྱས་སྟབས། སྲིད་གཞུང་གི་ལས་འཆར་དེ་ལམ་ལྷོངས་མ་བྱུང་། མི་མང་གིས་སྐད་འཕྲིན་དང་འཕྲིན་ཐུང་སོགས་ཡོ་བྱད་བེད་སྤྱད་ནས་གནས་ཚུལ་རྒྱ་ཆེར་སྤེལ་བ་དེས་མང་ཚོགས་དུས་གཅིག་ཏུ་ས་གནས་གཅིག་ཏུ་མཉམ་རུབ་ཐུབ་པ་ལ་ཕན་ཐོགས་བླ་ལྷག་བྱུང་ཡོད། དེ་མིན་ས་གནས་ཀྱི་འགོ་ཁྲིད་དང་ཤེས་ཡོན་ཅན་ཁ་ཤས་ལས་འགུལ་འདིའི་ནང་དུ་མཉམ་ཞུགས་བྱས་བ་ནི་གནད་འགག་ཡིན། དོན་རྐྱེན་འདི་ནི་རྒྱ་ནག་གི་འཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ལས་འགུལ་གྱི་རྒྱལ་ཁ་དང་བོ་ལ་བརྩི་གི་ཡོད། ཁ་པར་བརྒྱུད་དེ་འཕྲིན་ཐུང་ཞིག་བསྐུར་ནས། རྫས་འགྱུར་བཟོ་གྲྭའི་འཁོར་ཡུག་དང་བདེ་ཐང་ལ་གནོད་པའི་ལས་འཆར་གྱི་གནས་ཚུལ་གསལ་བཤད་ཙམ་བྱས་པའི་འཕྲིན་ཐུང་དེ་ནགས་ལ་མེ་ཤོར་བ་ལྟར་ཕྱོགས་ཕྱོགས་སུ་ཁྱབ་བརྡལ་དུ་སོང་། འཕྲིན་ཐུང་དེ་ཐེངས་ས་ཡ་གཅིག་ལ་བརྒྱུད་བསྐུར་བྱས་ཤིང་། ཟླ་༦་པའི་ཚེས་གཅིག་གི་ཉིན་གཅིག་རིང་ལ་མི་ཁྲི་གཅིག་ལྷག་ཞཱ་མུན་གྲོང་ཁྱེར་གྱི་མདུན་ཐང་ནས་འཛོམས་ཐུབ་པའི་ནུས་པའང་ཐོན་ཡོད། དེ་ནས་ངོ་རྒོལ་ལ་རྒྱལ་ཁ་ལོན་པའི་རྒྱུ་རྐྱེན་གཞན་ཞིག་ནི་དཔལ་འབྱོར་གྱི་སྟོབས་ཤུགས་ཡིན། ཞཱ་མུན་གྲོང་ཁྱེར་ནི་དཔལ་འབྱོར་གྱི་སྟོབས་ཤུགས་ཤིན་ཏུ་དར་ཞིང་རྒྱས་པའི་གྲོང་ཁྱེར་ཞིག་ཡིན་པའི་རྒྱུ་མཚན་གྱིས། PXབཟོ་གྲྭ་གྲོང་ཁྱེར་དེ་ནས་མ་བཙུགས་ཀྱང་། དེ་ལས་འཕྲོས་པའི་དཔལ་འབྱོར་གྱི་གྱོང་གུད་འཁུར་ནུས་པའི་སྟོབས་ཤུགས་ཡོད་པ་དེ་ཡིན། མདོར་ན། དོན་རྐྱེན་འདི་འཇགས་ནས་ལོ་བཅུ་ལྷག་བུད་སོང་། དེའི་ཁྲོད་ནས་འཁོར་ཡུག་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཀྱང་གསར་བཟོ་དང་བཟོ་བཅོས་མང་བོ་བྱས་ཤིང་། བཟོ་བཅོས་མང་ཆེ་བ་འཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་ཆེད་དུ་ཡིན། རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་གྱི་ཁྲིམས་དེ་༢༠༡༢་ལོ་ལ་བཟོ་བཅོས་བྱས་ཏེ། དེའི་ནང་དུ་འཁོར་ཡུག་གི་ཆེད་དུ་སྤྱི་ཕན་གཏུག་བཤེར་ཀྱི་ཐབས་ལམ་གསར་དུ་བསྣན། ༢༠༡༣་ལོར་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་འགྲེལ་བཤད་སྤེལ་ནས། འཁོར་ཡུག་འབག་བཙོག་བཟོས་པའི་ཉེས་དོན་འགན་འཁུར་གྱི་གྱོད་གཞིའི་ཁྲིམས་འཛིན་འགྲེལ་བཤད་སྤེལ། ༢༠༡༤་ལོར་འཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལ་བཟོ་བཅོས་བྱས་ཏེ། འཁོར་ཡུག་དང་སྐྱེ་ཁམས་འབག་བཙོག་བྱེད་མཁན་ལ་སྔར་ལས་བླ་ལྷག་ཏུ་ལྕི་་བའི་ཆད་པ་གཏན་འཁེལ་བྱས། ༢༠༡༦་ལོར་ཆེས་མཐོ་ཁྲིམས་ཁང་དང་ཆེས་མཐོ་ཞིབ་དཔྱོད་ཁང་གཉིས་ཀྱིས་ལྷན་ཏུ་འཁོར་ཡུག་འབག་བཙོག་གི་ཉེས་དོན་འགན་ཁུར་གྱི་ཁྲིམས་འཛིན་འགྲེལ་བཤད་སྤེལ་ནས། འཁོར་ཡུག་འབག་བཙོག་གི་མཚན་ཉིད་དང་རྣམ་པ་བཅས་ལ་འགྲེལ་བཤད་གཏིང་ཟབ་ཏུ་བསྐྱོན་ནས། འཁོར་ཡུག་འབག་བཙོག་གི་ཉེས་དོན་དང་འབྲེལ་ཐོགས་་པའི་ནག་ཉེས་དང་ཆད་པ་གཅོད་སྟངས་སྐོར་གསེད་བཀྲོལ་བྱས་ཡོད། ཁྲིམས་དང་ཁྲིམས་འཛིན་འགྲེལ་བཤད་འདི་དག་གིས་འཁོར་ཡུག་སྲུང་སྐྱོབ་ཐད་ལ་ཐབས་ལམ་ལས་སུ་རུང་བ་འགའ་བསྟན་ཡོད་པས། ཚང་མས་དོ་སྣང་བྱས་ཏེ་ཐབས་ལམ་འདི་དག་ལ་ཞིབ་འཇུག་གནང་རྒྱུ་གལ་ཆེ།