སློབ་ལོ་མ་རན་པའི་བྱིས་པ་(学前儿童)ཞེས་པ་ནི་བྱིས་པ་ལོ་དྲུག་ལ་མ་སོན་པའམ། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དང་། དཔལ་འབྱོར་དང་འགྲིམ་འགྲུལ་སོགས་འཕེལ་རྒྱས་ཀྱི་ཚད་ཞན་པའི་ས་ཆ་རུ་་ལོ་བདུན་ལ་མ་སོན་པའི་བྱིས་པ་རྣམས་ལ་སློབ་ལོ་མ་རན་པའི་བྱིས་པ་ཟེར་གི་ཡོད། བྱིས་པ་དེ་དག་གི་སློབ་གསོ་དང་འབྲེལ་བའི་བྱ་གཞག་ལ་སློབ་ལོ་སྔོན་གྱི་སློབ་གསོའམ་ཁྱེའུ་དུས་སློབ་གསོ་་ཟེར། རང་རེའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འོས་འགན་སློབ་གསོའི་ཁྲིམས་སོགས་ཀྱི་གཏན་འཁེལ་ལྟར་ན། སློབ་ལོ་མ་རན་པའི་བྱིས་པ་ཡིས་བྱིས་སྐྱོང་ཁང་སོགས་ལ་སོང་ནས་སློབ་སྦྱོང་བྱེད་དགོས་པའི་འོས་འགན་མེད་པས། བྱིས་པའི་ཕ་མས་ཀྱང་རང་ཉིད་ཀྱི་སློབ་ལོ་མ་རན་པའི་བྱིས་པ་བྱིས་སྐྱོང་ཁང་སོགས་ལ་བསྐྱལ་་ནས་རྒྱ་ཡིག་སོགས་སློབ་སྦྱོང་བྱེད་དུ་འཇུག་པའི་ཁྲིམས་ལུགས་ཀྱི་འོས་འགན་གང་ཡང་མེད། འོས་འགན་སློབ་གསོ་ཞེས་པ་ནི་ཁྲིམས་ལུགས་ཀྱི་ཐ་སྙད་ཅིག་ཡིན།

ཁྱིམ་བདག་གིས་སློབ་ལོ་རན་པའི་བྱིས་པ་(适龄儿童)སློབ་གྲྭ་ལ་མ་བསྐྱལ་་བ་ཡིན་ན་བྱིས་པའི་ཁྱིམ་བདག་འབྲེལ་ཡོད་ཀྱི་ཁྲིམས་དང་འགལ་ཡོད་པས། སྲིད་གཞུང་གིས་དེ་ལ་ཆད་པ་བཅད་ཆོག་པའི་སློབ་གསོའི་ལམ་ལུགས་ཤིག་ཡིན། ཡིན་ནའང་སློབ་ལོ་མ་རན་པའི་བྱིས་པའི་ཁྱིམ་བདག་ལ་སྲིད་གཞུང་གིས་དེ་ལྟར་ཆད་པ་བཅད་་མི་ཆོག་ལ་ཆད་པ་གཅོད་པའི་ཁྲིམས་ལུགས་ཀྱི་དབང་ཐང་ཡང་མེད། དེ་ནས་བྱིས་པ་དག་བོད་རིགས་ཡིན་པའི་བྱིས་སྐྱོང་ཁང་ནས་བོད་ཀྱི་བྱིས་པ་ཚོར་སྲིད་གཞུང་གིས་སྐད་གཉིས་སློབ་གསོའི་སྲིད་ཇུས་ལ་ཁ་གཡར་་ནས། རྒྱ་ཡིག་དང་རྒྱ་སྐད་ཁྲིད་དགོས་པའི་སྒྲིག་སྲོལ་བཟོས་ནས་ལག་བསྟར་བྱེད་པ་དེ་ནི་ཁྲིམས་དང་མི་མཐུན་པའི་སློབ་གསོའི་སྲིད་ཇུས་ནོར་འཁྲུལ་ཅན་ཞིག་རེད། སློབ་ལོའི་སྔོན་གྱི་སློབ་མའི་སློབ་གསོའི་ཐབས་ལམ་དེ་ལ་སྲིད་གཞུང་གིས་སྟངས་འཛིན་བྱས་ཆོག་པའི་ཁྲིམས་ལུགས་ཀྱི་དབང་ཐང་མེད།

ནང་ལོགས་ཀྱི་ཞིང་ཆེན་མང་པོའི་བྱིས་སྐྱོང་ཁང་ནས་བྱིས་པ་རྣམས་ལ་རྒྱ་ཡིག་གི་སྒྲའི་སྦྱོར་ཀློག་་༼拼音༽ཁྲིད་ནའང་ཁྲིམས་འགལ་ཡིན་པའི་གཏན་འཁེལ་བྱས་ཡོད། བྱིས་པའི་སྣོད་ལ་མ་བལྟས་བར་སྐད་གཉིས་སློབ་ཁྲིད་བྱས་ན་བྱིས་སྐྱོང་ཁང་གིས་སློབ་ཆུང་སློབ་གསོ་ལག་བསྟར་བྱས་པ་ཡིན་པས། ༢༠༡༠་ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་་པའི་སློབ་ལོ་སྔོན་གྱི་བྱིས་པའི་སློབ་གསོ་དེ་སློབ་ཆུང་སློབ་གསོའི་རང་བཞིན་ཅན་ཏུ་བསྒྱུར་མི་ཆོག་ཅེས་པའི་ཡིག་ཆའི་ནང་དོན་དང་འགལ་ཡོད།  ཡིན་ནའང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་༼༢༠༡༠་ནས་༢༠༢༠་བར་གྱི་རྒྱལ་ཁབ་ཀྱི་འཕྲལ་དང་ཡུན་གྱི་སློབ་གསོ་བཅོས་བསྒྱུར་དང་དར་སྤེལ་བཀོད་སྒྲིག་གི་རྩ་འཛིན།༽ཞེས་པའི་ཁྲིམས་ལུགས་རང་བཞིན་ཅན་གྱི་སྲིད་འཛིན་ཡིག་ཆ་ཡི་ནང་དུ། གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་ལོ་མ་རན་པའི་སློབ་གསོའི་ལས་དོན་ཐད་ལ་སྐད་གཉིས་སློབ་གསོ་སྤེལ་དགོས་པའི་གཏན་འཁེལ་བྱས་ཡོད་པས། ཡིག་ཆ་དེ་ལ་རྒྱབ་རྟེན་བྱས་ནས། ༢༠༡༢་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སློབ་གསོའི་ལས་ཁུངས་ཀྱིས་མ་དངུལ་རྒྱ་སྒོར་དུང་ཕྱུར་་༢༠་ལྷག་གི་འགྲོ་གྲོན་བཏང་ནས། ༢༠༡༥་ལོའི་བར་དུ་བོད་རང་སྐྱོང་ལྗོངས་ནས་བྱིས་སྐྱོང་ཁང་༦༠༠་ལྷག་བཙུགས་ཏེ། བྱིས་སྐྱོང་ཁང་དེ་དག་གི་ནང་དུ་སྐད་གཉིས་སློབ་གསོ་སྤེལ་བའི་ལས་གཞི་་དང་། དེ་བཞིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ཀྱིས་༢༠༡༠་ལོར་བཟོས་བའི་སློབ་གསོའིསྐོར་གྱི་ཡིག་ཆ་སྟེ། ༼༢༠༡༠་ནས་༢༠༢༠་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་འཕྲལ་དང་ཡུན་གྱི་སློབ་གསོ་བཅོས་བསྒྱུར་དང་དར་སྤེལ་བཀོད་སྒྲིག་གི་རྩ་འཛིན།༽ཞེས་པའི་ཡིག་ཆའི་ནང་དུ་བྱིས་སྐྱོང་ཁང་ནས་བྱིས་པས་སྐད་ཡིག་གཉིས་སྨྲ་ཐུབ་པར་་བསྐྱེད་བསྲིངས་བྱ་་རྒྱུ་ཞེས་པ་སོགས་ཀྱི་ལས་གཞི་རབ་དང་རིམ་པ་སྤེལ། ས་གནས་སྲིད་གཞུང་ཁག་གིས་སློབ་ལོ་མ་རན་པའི་བྱིས་པ་དག་ལ་སྐད་གཉིས་སློབ་གསོ་སྤེལ་བའི་ལས་གཞི་འདི་དག་ནི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་༣༧་དང་འགལ་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་གྱི་སྲོལ་ཡིག་དང་།  མཚོ་སྔོན་ཞིང་ཆེན་གྱི་བོད་རང་སྐྱོང་ཁུལ་དྲུག་བཅས་ཀྱི་རང་སྐྱོང་སྲོལ་ཡིག་ནང་དུ་སྐད་གཉིས་སློབ་གསོ་སློབ་ཆུང་གི་ལོ་རིམ་ནས་འགོ་འཛུགས་དགོས་ཞེས་གཏན་འཁེལ་བྱས་ཡོད་པའི་ནང་དོན་དང་མི་མཐུན།

སློབ་ལོ་སྔོན་གྱི་བྱིས་པར་རྒྱ་ཡིག་ཁྲིད་བཞིན་པ།

ཀྲུང་གོ་རྒྱལ་ཁབ་ཀྱི་ཞིང་ཆེན་གཞན་གྱི་བྱིས་སྐྱོང་དག་གི་་སློབ་གསོའི་ཁྲིམས་སྲོལ་དང་ཐབས་ལམ་ཁག་དང་བསྡུར་ན། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ལས་ཁུངས་སོགས་ཀྱིས་རང་གི་དངོས་ཡོད་གནས་ཚུལ་ལ་མ་བལྟས་་བར། བོད་ཀྱི་ས་ཁུལ་སོ་སོར་བཅའ་སྡོད་བྱིས་སྐྱོང་ཁང་བཙུགས་ནས་བོད་ཀྱི་སློབ་ལོ་མ་རན་པའི་བྱིས་པ་དག་ལ་སྐད་གཉིས་སློབ་གསོ་སྤེལ་བཞིན་པའི་་སློབ་གསོའི་ཐབས་ལམ་ནི་བྱིས་པའི་ལུས་སེམས་གཉིས་བདེ་ཐང་གིས་ནར་སོན་པ་ལ་གནོད་ཅིང་ཁྱིམ་ཚང་ལ་ཡང་མི་ཕན་པའི་ཐབས་ལམ་ཐ་ཤལ་ཞིག་ཏུ་མཐོང་། འགྲོ་བ་མིའི་ཐོབ་ཐང་དང་འཛམ་གླིང་གི་སྤྱི་འགྲོས་ལྟར་ན་ཡང་། བྱིས་སྐྱོང་ཁང་ནི་སློབ་ལོ་མ་རན་པའི་བྱིས་པ་རྣམས་ཀྱིས་རང་གི་ཕ་སྐད་དང་རྩེད་ཆས་སོགས་ལ་བརྟེན་ནས་ལུས་སེམས་གཉིས་རྩེད་འཇོའི་ངང་ནས་ལག་ཆགས་ས་འམ་འཚར་ལོངས་བྱུང་ས་་ཞིག་ཡིན་པ་མ་གཏོགས། གྲངས་ཉུང་མི་རིགས་ཀྱི་བྱིས་པ་དག་ཕ་ཡུལ་དང་ཁ་ཐག་རིང་སའི་གནས་ཤིག་ཏུ་་བཅའ་སྡོད་བྱེད་དུ་བཅུག་ནས་རྒྱ་ཡིག་སྦྱངས་ས་ཞིག་གཏན་ནས་མིན། དེ་ལྟར་བཙན་གྱིས་བཅའ་སྡོད་སློབ་གྲྭར་མངགས་ནས་སྐད་གཉིས་ཀྱི་སློབ་སྦྱོང་སྤྲད་པ་ཡིན་ན་། དེ་ནི་བྱིས་པ་བདེ་ཐང་ངང་འཚར་ལོངས་བྱུང་བའི་ཆོས་ཉིད་དང་འགལ་བ་མ་ཟད། བྱིས་པ་དང་དེའི་ཕ་མ་དང་བཅས་པའི་ཁྱིམ་ཚང་གི་འབྲེལ་བ་ལའང་གནོད་པས། ང་ཚོས་བོད་ཀྱི་བྱིས་པ་རྣམས་ཀྱི་བདེ་ཐང་དང་། བོད་ཀྱི་དུད་ཚང་རེ་རེའི་་ཐོབ་ཐང་གི་ཆེད་དུ་བོད་ཁུལ་གྱི་བོད་རིགས་བྱིས་པའི་བྱིས་སྐྱོང་ཁང་ནས་རྒྱ་ཡིག་དང་རྒྱ་སྐད་སོགས་སློབ་ཁྲིད་བྱེད་དང་བྱེད་འགྱུར་གྱི་ཐབས་ལམ་དང་། རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱིས་བཟོས་བའི་སློབ་གསོའི་ཁྲིམས་སྲོལ་དང་འགལ་བ་ཡོད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་༼རྒྱལ་ཁབ་སློབ་གསོ་རྩ་འཛིན་༽གྱི་མི་རིགས་སློབ་གསོ་སྲིད་བྱུས་ཁག་ལ་ཡོ་བསྲང་་བྱེད་དུ་འཇུག་དགོས།

 

རྩོམ་འདིའི་སྒྲ་ཐག་ལ་འདིར་ཉོན།