༢༠༠༡ལོའི་ཡས་མས་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གྲྭ་མཉམ་བསྲེས་(撤点并校 )ཞེས་པའི་སློབ་གསོའི་སྲིད་ཇུས་ཞིག་སྤེལ་བས། བོད་ཁུལ་གྱི་ས་གནས་སྲིད་གཞུང་ཁག་གིས་ཞིང་ལས་དང་འབྲོག་ཕྱོགས་ཀྱི་སྡེ་བའི་སློབ་ཆུང་ཚང་མ་སྒོ་བརྒྱབ་སྟེ། སློབ་ཆུང་དེ་དག་ཞང་དང་རྫོང་གི་སློབ་ཆུང་གི་ནང་དུ་བསྲེས།ཞང་རིམ་པའི་སློབ་འབྲིང་ཡང་རྫོང་གི་སློབ་འབྲིང་དུ་བསྲེས་ནས་སྔར་ཡོད་སློབ་གསོའི་སྒྲིག་གཞི་དང་མ་ལག་ལ་གཏོར་བརླག་ཚབས་ཆེན་བཏང་ཞིང་། བས་མཐའི་རོང་འབྲོག་མང་ཚོགས་ཀྱི་བྱིས་པ་དང་ན་གཞོན་དག་སློབ་གྲྭར་འགྲིམ་པ་ལ་དཀའ་ངལ་་མང་པོ་་བཟོས། རྒྱ་ནག་ནས་སློབ་གསོའི་སྲིད་བྱུས་དེ་ལག་ལེན་བྱེད་སྐབས་གནད་དོན་མང་བོ་བྱུང་བའི་རྒྱུ་མཚན་གྱིས། དེ་ལ་སྐྱོན་བརྗོད་བྱེད་མཁན་ཡང་རབ་དང་རིམ་པ་ཞིག་བྱུང་། ༢༠༡༢་ལོརརྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་ཆུང་མཉམ་བསྲེས་ཀྱི་སྲིད་ཇུས་ལ་ཚོད་འཛིན་བྱེད་པའི་མགོ་བརྩམས། 

བཅའ་སྡོད་སློབ་ཆུང་བཙོན་ཁང་འདྲ།

གཏམ་ཨ་ཁུས་བཤད་ན་ཉེ་རིང་མེད། ཟས་ཕ་མས་བགོས་ན་མང་ཉུང་མེད་ཅེས་པའི་ཁ་དཔེ་ལྟར། བྱིས་པ་དང་གཞོན་ནུའི་བློ་ངོར་འཚམས་པའི་སློབ་གསོ་དེ་ཁྱིམ་མི་ལའང་རག་ལས་ཀྱང་། བྱིས་པ་དང་གཞོན་ནུའི་ལུས་ཕུང་འཚར་ལོངས་ལ་ཕན་པའི་ཟས་བཅུད་ཀྱང་ཕ་མས་ཚུལ་དང་མཐུན་པའི་སྒོ་ནས་སྟེར་དགོས་པ་ནི་འགྲོ་བ་མིའི་བྱིས་པ་འཚརར་ལོངས་བྱུང་དུ་འཇུག་པའི་ཐུན་མོང་གི་ཐབས་ལམ་ཡིན། ཐབས་ལམ་དེ་ལ་མ་བརྩིས་ན་བྱིས་པ་དང་གཞོན་ནུའི་ལུས་དང་སེམས་ཀྱི་སྟོབས་བསྐྱེད་ལ་གནོད་པ་ནི་མི་ཆོས་དང་ཚན་རིག་ཐད་ཀྱི་མཁས་པ་སོགས་ཀྱིས་སྒྲུབ་བྱེད་མང་བོ་བཀོད་ཡོད། རོང་འབྲོག་ས་ཆ་རུ་སློབ་གྲྭ་མཉམ་བསྲེས་ཀྱི་སྲིད་ཇུས་དར་བ་ནས་བཟུང་། སློབ་མ་སློབ་གྲྭར་་འགྲོ་བའི་ལམ་ཐག་རིང་བར་གྱུར་བ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་དབང་གིས་བོད་པའི་བྱིས་པ་མང་ཆེ་བ་སློབ་གྲྭ་ནས་བཅའ་སྡོད་བྱས་ཏེ་སློབ་ཆུང་འགྲིམ་དགོས་ཤིང་། སློབ་ལོ་མ་རན་པའི་བྱིས་པ་༼ལོ་གསུམ་ཡན་ནས་ལོ་དྲུག་མན་༽དག་ཀྱང་དེ་བཞིན་ཏུ་བཅའ་སྡོད་སློབ་གྲྭ་ནས་བཅའ་སྡོད་བྱས་ཏེ་སློབ་གྲྭ་འགྲིམ་དགོས་པའི་གནད་དོན་བྱུང་། གནད་དོན་དེས་བོད་ཀྱི་མི་ཚང་དཀྱུས་མ་རྣམས་ཀྱི་ཁྱིམ་ཚང་གི་བདེ་སྐྱིད་དང་བྱིས་པའི་བདེ་ཐང་ཐད་ལ་གནོད་སྐྱོན་ཚབས་ཆེ་བ་བཟོས་དང་བཟོ་བཞིན་ཡོད། སློབ་གྲྭ་མཉམ་བསྲེས་ཀྱི་ཐབས་ལམ་དེས་རྒྱལ་ཡོངས་ཀྱི་ཞིང་གྲོང་གི་སློབ་གསོའི་སྒྲིག་གཞི་དང་ཁྱིམ་ཚང་བཅས་ལ་ཐེབས་པའ་ཉེས་དམིགས་ལ་གཞིགས་ནས། ༢༠༡༢་ལོའི་ཟླ་༩་བའི་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼ཞིང་སྡེའི་འོས་འགན་སློབ་གསོའི་སློབ་ཆུང་གི་བཀོད་པ་བཀོད་འདོམས་ཐད་ཀྱི་བསམ་འཆར་༽(关于规范农村义务教育学校布局调整的意见)ཞེས་པའི་ཡིག་ཆ་ཞེག་སྤེལ་ཏེ། ཞིང་འབྲོག་ས་ཁུལ་ནས་སློབ་གྲྭ་མཉམ་བསྲེས་བྱེད་པའི་ལམ་ལུགས་དེ་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང།  ཡིག་ཆ་དེའི་ནང་ནས་༼ སློབ་ལོ་རན་པའི་བྱིས་པ་རང་ཉིད་ཀྱི་ཁྱིམ་ཚང་གི་ཉེ་འཁྲིས་སུ་སློབ་གྲྭར་འགྲོ་ཐུབ་པར་ས་གནས་སྲིད་གཞུང་གིས་མཐུན་རྐྱེན་བསྐྲུན་པ་དང་ཁག་ཐེག་བྱེད་པའི་འགན་འཁུར་ཡོད་པ་དང་། དེ་ནི་འོས་འགན་སློབ་གསོའི་ཁྲིམས་ཀྱི་གཏན་འཁེལ་ཡིན་ལ། ཐུན་མོང་ཞབས་འདེགས་ལས་དོན་གྱི་རྩ་བའི་གྲུབ་ཆའང་ཡིན།༽(保障适龄儿童少年就近入学是义务教育法的规定,是政府的法定责任,是基本公共服务的重要内容。)ཞེས་བཤད་ཡོད་པ་དང་།

དེ་མིན། ཡིག་ཆ་དེའི་ནང་དུ་འགྲིམ་འགྲུལ་སྟབས་མི་བདེ་ཞིང་། མི་གྲངས་ཤིན་ཏུ་ཉུང་བའི་ས་ཁུལ་ཏུ་སློབ་ཁྲིད་ས་ཚུགས་དམིགས་བསལ་བ་མེད་ཚེ་གསར་འཛུགས་བྱེད་དགོས་པ་དང་། ཡོད་པ་དག་ངེས་བར་དུ་རྒྱུན་འཁྱོངས་བྱེད་དགོས་ཞེས་གཏན་འཁེལ་བྱས་ཡོད། རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་ཁྲིམས་ཀྱི་དོན་ཚན་༡༢་པའི་ནང་དུ་༼ ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཁྱིམ་ཐོའི་ནང་དུ་གཏན་དུ་འཁེལ་བའི་རང་ཡུལ་གྱི་ཉེ་འཁྲིས་སུ་སློབ་གྲྭར་འགྲིམ་ཐུབ་པ་ལ་ཁག་ཐེག་བྱེད་དགོས།༽ཞེས་གཏན་འཁེལ་བྱས་ཡོད། (《义务教育法》第十二条 适龄儿童、少年免试入学。地方各级人民政府应当保障适龄儿童、少年在户籍所在地学校就近入学。)བོད་ཀྱི་རོང་འབྲོག་ས་ཁུལ་ནས་དཔལ་འབྱོར་དང་འགྲིམ་འགྲུལ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་མ་ལྟོས་པར། སློབ་གྲྭ་མཉམ་བསྲེས་བྱེད་པའི་གནས་ཚུལ་འདི་འོས་འགན་སློབ་གསོའི་ཁྲིམས་དང་རྒྱབ་འགལ་དུ་སོང་ཡོད་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆའི་བསམ་བློ་དང་ཡང་མི་མཐུན། དེའི་ཕྱིར།  ས་གནས་ཀྱི་སྡེ་བའི་སྡེ་དཔོན་དང་མང་ཚོགས་རྣམས་མཉམ་རུབ་ཀྱིས་ས་གནས་མི་དམངས་སྲིད་གཞུང་ལ་བསམ་འཆར་བཏོན་ནས། སྡེ་བ་ལ་མེད་དུ་མི་རུང་བའི་སློབ་གྲྭ་རྣམས་སློབ་གྲྭ་གཞན་དང་མཉམ་བསྲེས་བྱེད་པ་མཚམས་འཇོག་བྱེད་དུ་འཇུག་པ་དང་། ཁྲིམས་ཀྱིས་གཏན་དུ་འཁེལ་བའི་མི་གྲངས་ལོངས་སའི་སྡེ་བ་དང་ཚོ་བ་རུ་སློབ་ཆུང་གི་སློབ་གྲྭ་མེད་ན། སློབ་གྲྭ་དང་སློབ་ཁྲིད་བྱེད་ས་ཚུགས་གསར་འཛུགས་བྱེད་དགོས་པའི་རེ་བ་ཞུས་ནས། བོད་པའི་བྱིས་པ་དང་ན་གཞོན་རྣམསརང་ཉིད་ཀྱི་ཁྱིམ་ཚང་དང་ཉེ་བའི་ས་རུ་སློབ་གྲྭར་འགྲོ་ཐུབ་པའི་མཐུན་རྐྱེན་བསྐྲུན་ཏེ། རང་གི་བྱིས་པ་དང་གཞོན་ནུ་རྣམས་རང་ཡུལ་གྱི་ཉེ་འཁྲིས་སུ་ཕ་མའི་ལྟ་རྟོག་དང་བྱམས་སྐྱོང་འོག་སློབ་གྲྭར་འགྲིམས་ཐུབ་པ་བྱས་ནས། དགའ་བདེ་སྤྲོ་གསུམ་ངང་ལག་ཆགས་ཏེ་འཚར་ར་ལོངས་བྱུང་བ་ལ་ཁོར་ཡུག་དང་མཐུན་རྐྱེན་བཟོ་དགོས།

རྩེད་འཇོ་ནི་བྱིས་པའི་ལས་བྱ་ཡིན།

འདས་པའི་ལོ་བཅུ་ཕྲག་གི་རིང་ལ་བོད་ཀྱི་རོང་འབྲོག་ཕྱོགས་ཀྱི་སློབ་ཆུང་གལ་ཆེ་བ་ཁག་རྒྱལ་ཁབ་ཀྱི་སློབ་ཆུང་མཉམ་བསྲེས་ཀྱི་སྲིད་ཇུས་ལ་ཁ་གཡར་ནས་ས་གནས་སྲིད་གཞུང་གིས་སྒོ་བརྒྱབ་པ་དེ་དག་ཀྱང་འོས་འགན་སློབ་གསོའི་ཁྲིམས་དང་དུས་ཕྱིས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་ལ་བརྟེན་ནས་སླར་གསོ་བྱས་ན་ཆོག དེང་སྐབས་མི་གྲངས་དང་དཔལ་འབྱོར་གོང་འཕེལ་ལ་སོང་བའི་དབང་གིས། ཁྲིམས་ཀྱི་ཆ་རྐྱེན་ཚང་ན། ཞང་རིམ་པའི་རོང་འབྲོག་ས་ཁུལ་ནས་བོད་ཡིག་སློབ་འབྲིང་ཡང་གསར་འཛུགས་བྱས་ན་ཆོག་པས།  གལ་ཏེ་ཞང་རེ་རེ་ནས་བོད་ཡིག་སློབ་འབྲིང་ཞིག་འཛུགས་ཐུབ་ན། བོད་ཀྱི་ན་གཞོན་་རྣམས་རང་ཡུལ་གྱི་ཉེ་འཁྲིས་སུ་འོས་འགན་སློབ་གསོའི་ཐོབ་ཐང་ལ་ལོངས་སྤྱོད་པར་ཕན་ཐོགས་ཆེན་པོ་འབྱུང་སྲིད་པས། ཞང་རིམ་པའི་བོད་ཡིག་སློབ་འབྲིང་གསར་འཛུགས་བྱེད་པར་རོང་འབྲོག་མང་ཚོགས་དང་ཤེས་ཡོན་པ་རྣམས་ཀྱིས་འབོད་སྐུལ་དང་འབད་བརྩོན་བྱས་ན་ལེགས།

 

 

 

རྩོམ་འདིའི་སྒྲ་ཐག་འདིར་ཉོན།