༢༠༡༢་ལོར་ཀན་སུའུ་ཞིང་ཆེན་ལན་ཀྲུག་གྲོང་ཁྱེར་གྱི་འབྲེལ་ཡོད་སྲིད་གཞུང་གིས་ལན་ཀྲུག་གྲོང་ཁྱེར་གྱིས་སུང་ཀྱ་ཐན་སྡེ་བའི་ཞིང་ས་མོའུ་༥༠་གཞུང་བསྡུ་བྱས་ཏེ། སྡེ་བའི་ཞིང་བ་རྣམས་ཀྱིས་མོས་མཐུན་གྱི་སྒོ་ནས་ས་ཞིང་དེའི་སྟེང་དུ་ཁྲིམས་འགལ་གྱིས་འཛུགས་བསྐྲུན་བྱས་ཡོད་པའི་སུང་ཀྱ་ཐན་སྡེ་བའི་ཐུན་མོང་ཤིང་ལེབ་ཚོང་རྭ་དེ་གཏོར་བཤིག་བཏང་བས། ལོ་དེའི་ཕྱི་ལོར་སུང་ཀྱ་ཐན་སྡེ་བའི་འབྲེལ་ཐོགས་མང་ཚོགས་སྟོང་ལྷག་གིས་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་། ལན་ཀྲུག་གྲོང་ཁྱེར་མི་དམངས་སྲིད་གཞུང་།

ཁྲུན་ཀོན་ས་ཁུལ་མི་དམངས་སྲིད་གཞུང་བཅས་བང་རིམ་མི་འདྲ་བའི་སྲིད་གཞུང་གསུམ་ལ་ལན་ཀྲུག་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་སྲིད་འཛིན་གཏུག་བཤེར་གྱི་ཁ་མཆུ་རིགས་མི་འདྲ་བ་༡༤་བཙུགས། ༢༠༡༣་ལོར་ལན་ཀྲུག་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་བཤེར་བརྒྱུད་ནས་སྡེ་བའི་ཞིང་བ་གཙོས་པའི་གྱོད་བདག་ལ་ཁ་མཆུའི་སྣ་ལྔ་རྒྱལ་ཁ་ལོན་པའི་ཁྲིམས་ཐག་བཅད་ཅིང་། མཐར་སྲིད་གཞུང་གིས་གྱོད་བདག་ཁག་ལ་རྒྱ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཅིག་གི་གུན་ཚབ་ཀྱང་སྤྲད་དགོས་བྱུང། དངོས་ཟོག་བདག་དབང་གི་ཁྲིམས་དང་དམངས་ཁྲིམས་ཀྱི་ནང་དུ་གང་ཟག་སྒེར་ལ་དབང་བའི་ཁྲིམས་མཐུན་གྱི་དངོས་ཟོག་བདག་དབང་དང་འབྲེལ་ཡོད་བདག་དབང་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་པ་དང་། ས་ཞིང་འགན་གཙང་ལེན་གྱི་ཁྲིམས་ཀྱི་ནང་དུ་ཞིང་བ་དང་འབྲོག་པ་སོགས་ལ་ས་ཞིང་གི་འགན་གཙང་ལེན་གྱི་བདག་དབང་དང་ཁེ་གཉེར་གྱི་ཐོབ་ཐང་ཡོད་ཅེས་གཏན་འཁེལ་བྱས་ཡོད་པ་མ་ཟད། གང་ཟག་དང་ཚོགས་པ་སུ་གང་གིས་གཞན་གྱི་ས་ཞིང་འགན་གཙང་ལེན་གྱི་བདག་དབང་ལ་གནོད་པ་བསྐྱལ་བ་ཡིན་ན། དེ་ལ་དཔག་པའི་དམངས་དོན་གྱི་འགན་འཁུར་དགོས་ཞེས་པའི་གཏན་འཁེལ་དང་། དེ་ནས་སྲིད་འཛིན་གཏུག་བཤེར་གྱི་ཁྲིམས་ཀྱི་ནང་དུ། སྤྱི་དམངས་དང་ཁྲིམས་གང་ཟག་དང་། ཚོགས་པ་གཞན་དག་གིས་སྲིད་འཛིན་དབང་འཛིན་ལས་ཁུངས་དང་། དེའི་ལས་མིས་རང་ཉིད་ཀྱི་ཁྲིམས་མཐུན་གྱི་ཁེ་དབང་ལ་གནོད་པ་བཟོས་ཡོད་པར་འདོད་ན། ཁྲིམས་ལུགས་ཀྱི་གཏན་འཁེལ་ལྟར་མི་དམངས་ཁྲིམས་ཁང་ནས་སྲིད་འཛིན་གཏུག་བཤེར་བྱས་ཆོག་ཅེས་གཏན་ལ་འཁེལ་ཡོད་པའི་ཁྲིམས་ཡིག་འདི་དག་ལན་ཀྲུག་སུང་ཀྱ་ཐན་གྱི་ཞིང་བ་རྣམས་ཀྱིས་ལག་ཆར་བཟུང་ཞིང་། གྱོད་བདག་རེ་རེའི་ལག་ནས་རྒྱ་སྒོར་༦༠༠་བསྡུ་རུབ་བྱས་ཏེ། པེ་ཅིན་གྱི་ཁྲིམས་རྩོད་པ་ཞིག་གླས་ནས་ཁྲིམས་ཁང་ནས་ཁོང་ཅག་གི་ཐོབ་ཐང་བརྩོན་ལེན་བྱས་པས། ཞིང་ས་མོའུ་རེ་ལ་རྒྱ་སྒོར་ས་ཡ་༦་ལྷག་གི་གུན་ཚབ་ལོན་པའི་རྒྱལ་ཁ་འཐོབ་པ་རེད།

 

སྲིད་འཛིན་གཏུག་བཤེར་ནི་(行政诉讼)ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ལ་མཚོན་ན་མེད་དུ་མི་རུང་བའི་ཐོབ་ཐང་སོར་ཆུད་ཀྱི་ཁྲིམས་ཤིག་ཡིན།དེ་ནི་སྲིད་གཞུང་གི་འཛིན་སྐྱོང་བྱེད་སྐབས་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་བསྐྱལ་བ་ཡིན་ན་སྤྱི་དམངས་ཀྱི་སྲིད་འཛིན་གཏུག་བཤེར་ཞེས་པའི་ཐབས་ལམ་དང་བརྒྱུད་རིམ་འདི་ལ་བརྟེན་ནས་རང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་པ་ཞིག་ལ་གོ དཔེར་ན། སྲིད་གཞུང་གི་དབང་འཛིན་ལས་ཁུངས་ཤིག་གིས་སྤྱི་དམངས་ཤིག་ལ་ཁྲིམས་ཀྱི་གཞི་རྩ་མེད་པའི་ཆད་པ་ཞིག་བཅད་ཚེ།སྤྱི་དམངས་དེས་ཆད་པ་དེ་ངོས་ལེན་མི་བྱེད་པའི་ཆེད་དུ་ཁྲིམས་ཁང་ནས་དབང་འཛིན་ལས་ཁུངས་དེ་ལ་ཁ་མཆུ་བཙུགས་པ་ཡིན་ན་དེ་ལ་སྲིད་འཛིན་གཏུག་བཤེར་ཟེར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཏུག་བཤེར་གྱི་ཁྲིམས་ནི་ཁྲིམས་ནི་༡༩༨༩་ལོར་བཟོས་ཤིང་། ༢༠༡༥་ལོ་བཟོ་བཅོས་བྱས་ཡོད། ཁྲིམས་དེ་ནི་གནས་ཚུལ་གང་འདྲ་ཞིག་བྱུང་ན་སྤྱི་དམངས་ཀྱིས་ཁྲིམས་ཁང་ནས་སྲིད་གཞུང་གི་འཛིན་སྐྱོང་ལས་ཁུངས་ལ་གཏུག་བཤེར་ཇི་ལྟར་བྱེད་དགོས་པ་སོགས་བརྒྱུད་རིམ་གཏན་འཁེལ་བྱས་ཡོད་པའི་ཁྲིམས་ཤིག་ཡིན། ལན་ཀྲུག་སུང་ཀྱ་ཐན་གྱི་མང་ཚོགས་ཀྱིས་ཀྱང་བརྒྱུད་རིམ་གྱི་ཁྲིམས་འདི་ལ་བརྟེན་ནས་ཀན་སུའུ་ཞིང་ཆེན་སྲིད་གཞུང་དང་ལན་ཀྲུག་གྲོང་ཁྱེར་སྲིད་གཞུང་ཁྲིམས་ཁང་ལ་བསྐྱལ་བ་རེད།

 

བོད་ཀྱི་ས་ཁུལ་ནས་ཀྱང་ཞིང་པ་དང་འབྲོག་པ་རྣམས་ཀྱི་ཞིང་ས་དང་རྩྭ་སའི་འབྲེལ་ཡོད་བདག་དབང་ལ་ས་གནས་སྲིད་གཞུང་དང་ཁེ་གཉེར་ཚོང་བ་རྣམས་རྐྱ་བརྒྱབ་ནས་གནོད་པ་བསྐྱལ་བཞིན་ཡོད་པ་མ་ཟད། བོད་ཀྱི་སྣོད་བཅུད་ཀྱི་བཀོད་པ་དང་ཆོས་དད་དུང་ཞེན་སོགས་ལའང་གནོད་སྐྱོན་ཚབས་ཆེན་པོ་བཟོས་དང་བཟོ་བཞིན་ཡོད། དཔེར་ན། མདོ་སྨད་ཨ་མཆོག་གི་གོང་སྔོན་བླ་རི་གཏེར་བསྔོག་གི་དོན་རྐྱེན་དང་མགོ་ལོག་ཨ་མྱེས་རྨ་ཆེན་གྱི་རི་འདེབས་ནས་གཏེར་བརྐོ་བ་ལ་སོགས་པའི་དོན་རྐྱེན་ངན་པ་ལྟ་བུའོ། དེས་ན་རོང་འབྲོག་མང་ཚོགས་རྣམས་ཀྱི་མཁར་དབང་གི་ཐོབ་ཐང་དང་ས་ཞིང་གི་འབྲེལ་ཡོད་བདག་དབང་། དངོས་ཟོག་བདག་དབང་དང་ཁྲིམས་མཐུན་གྱི་དཔལ་འབྱོར་ཁེ་དབང་ལ་བཅས་ཀྱི་ཐོབ་ཐང་ལ་སྲིད་གཞུང་གི་དམིགས་བསལ་སྲིད་འཛིན་བྱ་སྤྱོད་དམ་འཛིན་སྐྱོང་བྱ་སྤྱོད་ཀྱིས་གནོད་པ་བཟོས་པ་ཡིན་ན། ཐོབ་ཐང་གནོད་སྐྱོན་ཕོག་པའི་ཡུལ་མི་རྣམས་རྡོག་རྩ་གཅིག་སྒྲིལ་དང་ནུས་པ་མཉམ་སྤུངས་ཀྱི་སྒོ་ནས། མཁྱེན་ཡངས་ཁྲིམས་རྩོད་པའི་རམ་འདེགས་ལ་བརྟེན་ནས་ས་གནས་ཁྲིམས་ཁང་དུ་སྲིད་འཛིན་གཏུག་བཤེར་གྱི་ཐབས་ལམ་བརྒྱུད་ནས་རང་གི་ཐོབ་ཐང་སོར་ཆུད་བྱེད་པའི་ལམ་ཀ་དེ་གདམ་ན་ཆོག ཁྲིམས་ལུགས་དེ་དག་ནི་མང་ཚོགས་དང་སྲིད་གཞུང་གི་བར་གྱི་འགལ་བ་བསྡུམ་འགྲིག་བྱེད་པའི་ཆེད་དུ་བཟོས་པ་རེད། དེའི་ཕྱིར་མང་ཚོགས་ཀྱིས་ཁྲིམས་དེ་དག་ལ་བརྟེན་ནས་རང་ཉིད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རུང་བ་ཞིག་ཡིན།

 

ཡིན་ནའང་རྒྱ་ནག་ནང་མང་ཚོགས་ཀྱིས་ས་གནས་སྲིད་གཞུང་ལ་སྲིད་འཛིན་གཏུག་བཤེར་བྱས་ནས་རྒྱལ་ཁ་ལོན་པའི་གྲངས་ཚད་ཤིན་ཏུ་དམའ་བ་དང་། སྲིད་འཛིན་གཏུག་བཤེར་ནི་དུས་ཡུན་རིང་ཞིང་འགྲོ་གྲོན་ཆེ་བའི་ལས་ཤིག་ཀྱང་ཡིན་པའི་དངོས་ཡོད་གནས་ཚུལ་དེ་དག་མང་ཚོགས་རྣམས་ཀྱིས་ཤེས་དགོས་པ་མ་ཟད། གྱོད་གཞིའི་ནང་དུ་མི་བསྡུ་རུབ་བྱས་པ་མང་དྲགས་ན་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱིས་ཉེས་འཛུགས་འདྲ་མིན་བྱེད་སྲིད་པའི་བར་ཆད་དང་ཉེན་ཁ་ཡོད་པས་དེ་དག་ལའང་དོ་སྣང་བྱེད་དགོས།

བཅར་འདྲི་ལ་ཉན་ན་འདིར་གཟིགས།