༢༠༠༣་གྱི་ལོར། ཀྲུག་ཅང་ཞིང་ཆེན་ལོང་ཁྱོན་གྲོང་ཁྱེར་གྱི་ཞིང་བའི་ཁྱིམ་ཚང་༨༣་གྱིས་ས་གནས་གྲོང་ཁྱེར་སྲིད་གཞུང་གིས་ཁོ་ཚོའི་ཞིང་ས་གཞུང་བསྡུ་བྱེད་པའི་ཐག་གཅོད་ལ་མོས་མཐུན་མ་བྱུང་བར། ཀྲུག་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་ལ་སྲིད་འཛིན་བསྐྱར་ཞིབ་བྱེད་དུ་བཅུག ཞིང་ཆེན་སྲིད་གཞུང་གིས་ཞིང་བའི་རེ་ཞུ་ལ་ངོས་

ལེན་མ་བྱས་ཤིང་། ལོན་ཁྱོན་གྲོང་ཁྱེར་སྲིད་གཞུང་གི་ཐག་གཅོད་ལ་རྒྱབ་སྐྱོར་ཀྱི་གྲོས་ཆོད་བཏབ། ཞིང་བ་དེ་དག་གིས་ཞིང་ཆེན་སྲིད་གཞུང་གི་གྲོས་ཆོད་ལ་ངོས་ལེན་མ་བྱས་པར་ཁྲིམས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྲིད་འཛིན་བསྐྱར་ཞིབ་ཀྱི་རེ་འདུན་ཞུས། ༢༠༠༧་གི་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་བ་དེ་དག་གི་བསྐྱར་ཞིབ་རེ་འདུན་ལ་ངོས་ལེན་བྱས་ཏེ་ཞིང་བ་དེ་དག་གི་གནས་ཚུལ་ལ་བརྟག་དཔྱད་བཏང་མཐར་། ཞིང་བ་རྣམས་ཀྱི་ཐོབ་ཐང་ལ་གནོད་ཡོད་པའི་ཀྲུག་ཅང་ཞིང་ཆེན་གྱི་མི་དམངས་སྲིད་གཞུང་གི་གྲོས་ཆོད་དེ་ནུས་མེད་དུ་བཏང་བའི་གྲོས་ཆོད་མཐར་ཐུག་མཛད། འདི་ནི་རྒྱ་ནག་རྒྱལ་ཁབ་བཙུགས་ནས་ད་བར་དུ་ཞིང་བ་དཀྱུས་མ་དག་གིས་ཞིང་ཆེན་སྲིད་གཞུང་ཞིག་ལ་སྲིད་འཛིན་བསྐྱར་ཞིབ་ཀྱི་ཐབས་ལམ་བརྒྱུད་ནས་རྒྱལ་ཁ་ལོན་པའི་གྱོད་གཞི་དང་པོ་ཡིན།

 

སྲིད་འཛིན་བསྐྱར་ཞིབ་ཅེས་བ་ནི་སྤྱི་དམངས་དང་ཚོགས་པ་གང་རུང་གིས་རང་ཉིད་ཀྱི་ཁྲིམས་མཐུན་གྱི་ཐོབ་ཐང་ལ་སྲིད་གཞུང་ག་གེ་མོ་ཞིག་གིས་གནོད་པ་བསྐྱེལ་བར་སྙམ་ན། སྲིད་གཞུང་དེའི་གོང་རིམ་སྲིད་གཞུང་སོགས་ལ་བསྐྱར་ཞིབ་གྱི་རེ་འདུན་ཞུས་ནས་རང་གི་ཐོབ་ཐང་སོར་ཆུད་དང་སླར་གསོ་བྱེད་པའི་ཐབས་ལམ་ཞིག་ལ་གོ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་ཞིབ་ཀྱི་ཁྲིམས་(行政复议法)ཀྱི་དོན་ཚན་༢་པའི་ནང་དུ། སྤྱི་དམངས་ཀྱིས་སྲིད་གཞུང་གི་དམིགས་བསལ་འཛིན་སྐྱོང་རང་བཞིན་ཅན་གྱི་བྱ་སྤྱོད་ལ་བསྐྱར་ཞིབ་ཞུ་བའི་ཐོབ་ཐང་ཡོད་ཅེས་གཏན་འབེབས་བྱས་ཤིང་། ཁྲིམས་དེའི་དོན་ཚན་༦་པའི་ནང་དུ། སྲིད་འཛིན་ལས་ཁུངས་ཀྱིས་རང་གི་ས་ཞིང་གི་བདག་དབང་སོགས་ལ་གནོད་པའི་ཡིག་ཆ་སོགས་སྤེལ་ཏེ། ས་ཞིང་བསྡུ་ལེན་བྱས་ཚེ། དོ་བདག་ལ་སྲིད་འཛིན་བསྐྱར་ཞིབ་ཞུ་བའི་ཐོབ་ཐང་ཡོད་ཟེར།

 

དེ་ནས་ཁྲིམས་དེའི་དོན་ཚན་༡༤་ཡི་གཏན་འཁེལ་ནང་དུ་ རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སོ་སོ་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་སྲིད་འཛིན་ཐག་བཅོད་ལ་མོས་མཐུན་མེད་ན། ལས་ཁུངས་དེ་དག་ལ་སྲིད་བསྐྱར་ཞིབ་ཞུས་ནས་དེ་དག་གི་ཐག་བཅད་ལ་མོས་མཐུན་མེད་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་མཐའ་མཇུག་གི་གྲོས་ཆོད་ཞུ་བའམ་ཡང་ན་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་བྱས་ན་ཆོག་ཅེས་པ་ལྟར། ཞིང་བ་རྣམས་ཀྱིས་ཁྲིམས་ལུགས་ཀྱི་གཏན་འཁེལ་འདི་དག་གཞིར་བཟུང་ནས་ཞིང་ཆེན་རིམ་པའི་སྲིད་གཞུང་གི་ཐག་བཅད་ལ་རྩོད་སྒྲུབ་བྱས་པ་མ་ཟད། ས་གནས་སྲིད་གཞུང་གིས་མང་ཚོགས་ཀྱི་ས་ཞིང་གཞུང་བསྡུ་བྱེད་དུས་ཕྱི་གསལ་ནང་གསལ་དང་ཁྲིམས་མཐུན་བརྒྱུད་རིམ་བརྒྱུད་དགོས་པའི་ཁྲིམས་ལུགས་ཀྱི་གཏན་འཁེལ་ཁག་བེད་སྤྱོད་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་སྲིད་འཛིན་ཡིག་ཆ་ནུས་མེད་དུ་བཟོ་ཐུབ་པ་བྱུང་། སྲིད་འཛིན་རང་བཞིན་ཅན་གྱི་གྱོད་དོན་མང་བོ་ཞིག་ངེས་བར་དུ་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་ཀྱི་བརྒྱུད་རིམ་ཁོ་ན་བརྒྱུད་ནས་ཐག་གཅོད་བྱེད་དོན་མེད། གྱོད་གཞིའི་གནས་བབས་ལ་དམིགས་ནས་སྲིད་འཛིན་བསྐྱར་ཞིབ་ཀྱི་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱེད་ཐུབ་པའང་ཡོད།

ཐབས་ལམ་འདི་བརྒྱུད་ནས་གནད་དོན་སེལ་བའི་དགེ་མཚན་ནི་གྱོད་དོན་སེལ་བའི་ཆེད་དུ་འགྲོ་གྲོན་ཁྲིམས་ཁང་ནས་སྲིད་འཛིན་གཏུག་བཤེར་བྱས་པ་ལས་ཉུང་བ་མ་ཟད་། གྱོད་དོན་ཐག་གཅོད་ཀྱི་དུས་ཡུན་ཀྱང་ཁྲིམས་ཁང་ནས་གཏུག་བཤེར་བྱས་པ་ལས་ཐུང་བ་དང་གྱོད་དོན་མྱུར་ཏུ་ཐག་གཅོད་ཐུབ་པ་སོགས་ཡིན། དེའི་ཕྱིར་ས་ཞིང་འབྲེལ་ཐོགས་ཀྱི་རྩོད་གཞི་ཞིག་བྱུང་ཚེ། ཕ་རོལ་པོ་གཞན་ལ་འཐབ་འཛིང་བྱེད་པའམ། སྲིད་གཞུང་གི་གཞུང་ཞབས་ལ་ལྐོག་རྔན་སྤྲོད་པ་སོགས་ཐལ་ཆེས་པའི་སྒོ་ནས་ཐག་གཅོད་བྱེད་པ་ལས། སྲིད་འཛིན་བསྐྱར་ཞིབ་ཀྱི་ཐབས་ལམ་བརྒྱུད་ན། ས་ཞིང་གི་རྩོད་གཞི་དྲང་བདེན་དང་མྱུར་བ་མྱུར་དུ་ཐག་གཅོད་ཐུབ་པའི་སྲིད་པ་ཆེ། ཡིན་ནའང་ཐབས་ལམ་འདི་ལ་ཉེས་དམིགས་ཡང་ཡོད་དེ། ནམ་རྒྱུན་སྲིད་གཞུང་གོང་འོག་གཉིས་རྒྱུ་མ་འདྲེས་ཡོད་པ་ལྟར་གནས་ཡོད་པས། གཅིག་གིས་གཅིག་གི་ངན་མཚང་འགེབ་སྲུང་བྱེད་པ་ནི་མཐོང་ཆོས་སུ་གྱུར་བས། སྲིད་འཛིན་བསྐྱར་ཞིབ་ཀྱི་ཐབས་ལམ་བསྟེན་ནས་གནད་དོན་ཐག་གཅོད་བྱེད་དུས་གཟབ་དགོས་པའི་གནད་ཀྱང་དུ་མ་ཡོད།