དཔེ་རིས་ཆ་ཚང་འབྲེལ་ཐག་འདི་བརྒྱུད་ནས་ཕབ་ལེན་གནང་རོགས། Language-

༡༩༨༢་ལོར་རྩ་ཁྲིམས་གསར་བཟོ་བྱས་ཏེ། རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་ཉམས་དམས་སུ་ཤོར་བའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སླར་གསོ་བྱས་ཏེ་གྲངས་ཉུང་མི་རིགས་ལ་རང་གི་སྐད་ཡིག་བེད་སྤྱོད་དང་དར་སྤེལ་གྱི་རང་དབང་སླར་ཡང་སྤྲད། རྩ་ཁྲིམས་ཀྱི་རྩ་དོན་དེ་དང་བསྟུན་ནས།  ༡༩༨༤་ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྒྱལ་ཁབ་ཀྱི་གཞི་རྩའི་ཁྲིམས་ལུགས་ལྟ་བུར་གྱུར་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཞེས་པ་དེ་བཟོས་ཏེ།

གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་དང་སྐད་ཡིག་དར་སྤེལ་སོགས་ཀྱི་ལས་དོན་ཐད་ལ་ལམ་སྟོན་རང་བཞིན་ཅན་གྱི་གཏན་འཁེལ་བྱས་པས། བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་དང་ཟི་ཁྲོན་ཞིང་ཆེན་སོགས་ན་ཁྱབ་བརྡལ་དུ་གནས་པའི་བོད་རང་སྐྱོང་ཁུལ་བཅུས་རང་གི་གནས་བབས་དང་བསྟུན་ནས་བོད་སྐད་ཡིག་དར་སྤེལ་གྱི་ཡུལ་ཁྲིམས་ཏེ་རང་སྐྱོང་སྲོལ་ཡིག་དང་ཡང་ན་དམིགས་བསལ་སྲོལ་ཡིག་བཟོས་ནས་རང་རིགས་ཀྱི་སྐད་ཡིག་དང་རིག་གཞུང་གང་ལ་གང་འཚམས་ཀྱིས་སྲུང་སྐྱོབ་བྱས། རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་དེ་དག་གིས་བོད་སྐད་ཡིག་གི་རྒྱུན་གནས་དང་དར་སྤེལ་ལ་གཞན་གྱིས་དྲིང་འཇོག་མི་དགོས་པའི་གཞོགས་འདེགས་ཀྱི་ནུས་པ་ཐོན་དང་ཐོན་བཞིན་པ་ནི་སྨྲོས་མ་དགོས་པ་ཡིན་པས། ང་ཚོས་ཡུལ་ཁྲིམས་དེ་དག་གི་ཤེས་བར་བྱས་ཏེ་མཐོང་ཆེན་དང་སྲུང་སྐྱོབ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བའི་གནས་ཡིན། ཡུལ་ཁྲིམས་དེ་དག་ལའང་གནས་དུས་ལ་སོགས་པའི་རྒྱུ་རྐྱེན་གང་མང་གི་དབང་གིས་འཐུས་མི་ཚང་ཞིང་དོན་མི་གསལ་བ་ལ་སོགས་པའི་ཞན་ཆ་དང་འཐུས་ཤོར་མང་པོ་ཡོད་པས་ང་ཚོས་བྱི་དོར་དང་དག་ཐེར་བྱེད་དགོས་པའི་གནས་སུ་ལྷུང་ཡོད། ཁྲིམས་གང་དང་གང་ཡིན་རུང་དུས་དང་བསྟུན་ནས་བཟང་ངན་གྱི་འགྱུར་བ་ཐེབས་ཀྱི་ཡོད་ལ་ཐེབས་དགོས་པ་ཞིག་ཀྱང་ཡིན། ཁྲིམས་ལ་ལ་ངན་ཕྱོགས་སུ་འགྱུར་བ་ཐེབས་ཀྱིན་ཡོད་པ་དེའང་ང་ཚོས་ཚོར་དགོས་པས། སྐད་ཡིག་ཐོབ་ཐང་གི་ཡུལ་ཁྲིམས་འདི་དག་ངན་ཕྱོགས་སུ་མི་འགྱུར་བར་ང་ཚོས་ཉ་མོས་མིག་མི་འཛུམ་པ་ལྟར་དྲན་ཤེས་བསྟེན་ནས་མེལ་ཚེ་བྱ་དགོས། །

བོད་ཀྱི་དེང་རབས་སྒྱུ་རྩལ་བ་ཁ་ཤས་དང་ཁྲིམས་གླེང་དྲ་ཚིགས་མཉམ་རུབ་ཀྱིས་གཤམ་གྱི་རི་མོ་དང་ཡི་གེ་ཟུང་ལྡན་གྱི་དཔེ་ཐང་འདི་བཟོས་པ་ཡིན། དཔེ་ཐང་འདིའི་ནང་དུ་རྩ་ཁྲིམས་ཀྱིས་དབང་བསྐུར་ལས་བོད་ལྗོངས་དང་བོད་རང་སྐྱོང་ཁུལ་བཅུ་ཡིས་བཟོས་བའི་བོད་སྐད་ཡིག་ཐོབ་ཐང་གི་སྐོར་ལ་འབྲེལ་བ་ཡོད་པའི་སྲོལ་ཡིག་ཕལ་མོ་ཆེ་བཀོད་ཡོད་པ་མ་ཟད། སྐད་ཡིག་ཐོབ་ཐང་གི་ཁྱབ་ཁོངས་དང་ཐོབ་ཐང་སོར་ཆུད་ཀྱི་ཐབས་ལམ་སོགས་ཀྱང་མདོར་བསྡུས་པར་བསྟན་ཡོད་པ་འདིས་ཀྱང་བོད་སྐད་ཡིག་གི་ཐོབ་ཐང་ལ་དགའ་ཞེན་ཡོད་མཁན་རྣམས་ལ་ཕན་པ་ཐོགས་པར་སྨོན།