གྲོང་མིའི་འཚོ་རྟེན་ཉུང་མཐའ་ཁག་ཐེག་ཅེས་བྱ་བ་ནི་རྒྱལ་ཁབ་ཀྱིས་གྲོང་མི་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་ཚིས་སྒྲུབ་པའི་ཉུང་མཐའི་འཚོ་རྟེན་ཐད་ལ་ཁག་ཐེག་བྱེད་པའི་ལམ་ལུགས་ཤིག་ལ་ཟེར། རྒྱ་སྐད་ཀྱིས་འདི་ལ་(最低生活保障)ཟེར

ཕལ་སྐད་ཀྱིས་ཏེ་བྷོ་(低保) ཡང་ཟེར། དེ་ལ་དབྱེ་ན་གཉིས་ཡོད་དེ། ཞིང་སྡེའི་ཉུང་མཐའི་འཚོ་རྟེན་ཁག་ཐེག་དང་གྲོང་ཁྱེར་གྱི་ཉུང་མཐའི་འཚོ་རྟེན་ཁག་ཐེག་བཅས་རིགས་གཉིས་ཡོད་པ་དང་། སྔ་མ་ནི་༢༠༠༧་གི་ལོ་དང་། ཕྱི་མ་ནི་༡༩༩༧་ལོ་ནས་བཟུང་ལག་བསྟར་བྱས། ཉུང་མཐའི་འཚོ་རྟེན་ཁག་ཐེག་ཅེས་བ་ནི་མི་ཞིག་གིས་འཚོ་བ་རོལ་སྐབས་དགོས་ངེས་ཀྱི་ཉུང་མཐའི་འགྲོ་གྲོན་གྱི་ཚད་གཞི་ཞིག་ཡོད་ལ། སྤྱི་དམངས་གང་དང་གང་ཞིག་ཡིན་རུང་། ཁོང་གི་ཡོང་སྒོའམ་འཚོ་རྟེན་ཉུང་མཐའི་ཚད་གཞི་དེ་ལ་མ་སོན་ན། ཁོང་ལ་སྲིད་གཞུང་གིས་གཏན་ལ་འཁེལ་ཞིང་སྤྱི་བསྒྲགས་བྱས་པའི་ཚད་གཞི་ཅན་གྱི་རོགས་དངུལ་དང་ཡོ་བྱད་མཁོ་སྤྲོད་བྱེད་དགོས་ཤིང་། སྤྱི་དམངས་དེ་ལའང་དེ་ལྟའི་རོགས་དངུལ་དགོས་ཞེས་ཡར་ཞུ་ཞུ་ཆོག་པའི་ཐོབ་ཐང་ཡོད་པ་ཞིག་ལ་ཟེར། བོད་ཀྱི་ས་ཁུལ་ལ་མཚོན་ན། ཉུང་མཐའི་འཚོ་རྟེན་ཚད་གཞི་ཁག་ཐེག་ལ་ལོངས་སྤྱོད་བྱེད་མཁན་མང་ཆེ་བ་རོང་འབྲོག་ས་ཁུལ་ན་ཡོད། གཤམ་དུ་བོད་ཀྱི་ས་ཁུལ་གྱི་ཚད་གཞི་དེ་དག་འཁོད་ཡོད་ཅིང་། ཚད་གཞིའི་ཆ་རྐྱེན་ཚང་བའི་མང་ཚོགས་རྣམས་ཀྱིས་ཤང་སྲིད་གཞུང་གི་དམངས་སྲིད་ལས་ཁུངས་སོགས་སུ་རོགས་དངུལ་ཡར་ཞུ་བྱས་ན་ཆོག་པ་དང་། རང་ཉིད་ལ་ཡར་ཞུ་བྱེད་པའི་ནུས་པ་མེད་ན། སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་རོགས་དན་བཅོལ་ནས་ཞུ་ཚབ་བྱས་ན་ཆོག དེང་སྐབས་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རོགས་དངུལ་ལྐོག་ཟ་བྱེད་པའི་སྣང་ཚུལ་རོང་འབྲོག་ས་ཁུལ་ན་ཁྱབ་བརྡལ་དུ་འགྲོ་བཞིན་གདའ། སྡེ་དམངས་ལྷན་ཁང་གིས་རོགས་དངུལ་ལྐོག་ཟ་བྱས་པའམ། ཆ་རྐྱེན་མི་ཚང་བའི་གཉེན་ཉེ་དུ་དང་གྲོགས་སྤུན་སོགས་ལ་རོགས་དངུལ་སྤྲད་པ་ཡིན་ན། དེ་ནི་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དང་འགལ་སྲིད་པའི་བྱ་སྤྱོད་ཅིག་ཡིན། ཉེས་ཁྲིམས་ཀྱི་དོན་ཚན་༩༣་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གིས་དོན་ཚན་དེ་ལ་གསེད་བཀྲོལ་བྱས་པའི་གཏན་འཁེལ་ལྟར་ན། སྡེ་དམངས་ལྷན་ཁང་གི་ལས་བྱེད་པས་རོགས་དངུལ་འདི་དག་བདག་གིར་བཟུང་ན་ལྐོག་ཟའི་ནག་ཉེས་སུ་གྲུབ་དགོས་པའི་བྱེད་པ་པོའི་ཆ་རྐྱེན་དེ་ཚང་ཟེར། དེ་རྒྱུ་མཚན་གྱིས་རྒྱལ་ཁབ་ཀྱི་རོགས་དངུལ་ལ་དོ་དམ་བྱེད་པའི་སྡེ་དམངས་ལྷན་ཁང་གི་ལས་བྱེད་པ་དག་ཉེས་ཁྲིམས་ཀྱི་ངོས་ནས་བཤད་ན་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན། ཉེས་ཁྲིམས་ཀྱི་དོན་ཚན་༣༨༣་དང་༣༨༤་ལྟར་ན། རྒྱ་སྒོར་ཁྲི་༡་ཡན་ནས་ཁྲི་༣་མན་ལྐོག་ཟ་བྱས་ཚེ་ལོ་༣་མན་གྱི་བཙོན་འཇུག་གི་ཉེས་ཆད་གཅོད་པ་དང་། འབུམ་༢་ཡན་དང་ས་ཡ་༣་མན་ལྐོག་ཟ་བྱས་ན་ལོ་༣་ཡན་དང་ལོ་༡༠་མན་གྱི་བཙོན་འཇུག་གི་ཉེས་ཆད་གཅོད་པ་དང་། རྒྱ་སྒོར་ས་ཡ་༣་ཡན་ལྐོག་ཟ་བྱས་ན་ཚེ་བཙོན་དང་སྲོག་ཆད་སོགས་ཀྱི་ཉེས་ཆད་བཅད་ཆོག ༢༠༡༧་ལོའི་བོད་ཀྱི་ས་ཁུལ་གྱི་མང་ཚོགས་ཀྱིས་ཉུང་མཐའི་འཚོ་རྟེན་ཁག་ཐེག་གི་རོགས་དངུལ་ཞུ་ཆོག་པའི་ཚད་གཞི། (ཞིང་ཆེན་ལ་ལའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚད་གཞི་ལ་མི་འདྲ་བ་ཡོད་པས་དོ་སྣང་གནང་རོགས། ཟི་ཁྲོན་ཞིང་ཆེན་ལྟ་བུར་མཚོན་ན་ཁྲུན་འདུ་དང་མཐའ་ཁོབ་ཀྱི་ཚད་གཞི་མི་འདྲ། ) གང་ཟག་གི་ཡོང་འབེབས་ཚད་གཞི་འདི་དག་ལས་དམའ་ན་དེ་ལ་ཉུང་མཐའི་འཚོ་རྟེན་གྱི་རོགས་དངུལ་ཞུ་བའི་ཐོབ་ཐང་ཡོད། 
ས་ཁུལ།         ཞིང་བའི་ལོ་རེའི་ཡོང་འབེབས།     གྲོང་ཁྱེར་བའི་ཟླ་རེའི་ཡོང་འབེབས། (སྒོར།)

བོད་ལྗོངས།        ༣༣༡༡                        ༧༠༠
མཚོ་སྔོན།         ༣༣༢༠                        ༤༥༠

ཟི་ཁྲོན།           ༣༢༤༤                      ༤༣༥

ཡུན་ནན།         ༢༨༣༩                       ༤༥༨

ཀན་སུའུ།        ༣༥༠༠                        ༤༥༡