ཧྥུན་ཅོང་(冯军)ནི་ཧུའུ་པེ་ཞིང་ཆེན་ཏ་ཁྲང་རྫོང་ཞ་ཏན་སྡེ་བའི་ཞིང་པ་དཀྱུས་མ་ཞིག་ཡིན། ༡༩༩༨ ་ལོར་ཁོང་གིས་སྡེ་བ་དང་ས་ཞིང་འགན་གཙང་ལེན་གྱི་གན་རྒྱ་བཞག་ནས་སྡེ་བའི་ཞིང་ས་མུའུ་ ༢༠ ་ལྷག་བདག་གཉེར་བྱས་ཤིང་། ཞིང་ས་དེ་དག་ཉ་གསོ་རྫིང་བུ་རུ་བསྒྱུར་ནས་ཉ་རིགས་གསོ་སྐྱོང་དང་ཚོང་གཉེར་ལས་དོན་སྒྲུབ་ཀྱིན་ཡོད།

༢༠༠༠ ལོར། ཧྥུན་ཅོང་གི་སྒོ་འགྲམ་ནས་ལྕགས་རིགས་ལས་སྣོན་བཟོ་གྲྭ་ཞིག་གསར་འཛུགས་དང་ཐོན་སྐྱེད་བྱེད་མགོ་བརྩམས། ༢༠༠༦ ལོར་ཧྥུན་ཅོང་གི་བུ་མོ་གཉིས་ལ་ན་ཚ་བྱུང་ཡོད་ཅིང་། འབྲེལ་ཡོད་སྨན་ཁང་ལ་བསྟེན་གཏུགས་བྱས། སྨན་ཁང་གིས་བརྟག་དཔྱད་བྱས་པའི་མཐའ་དོན་དུ་ཁོང་གི་བུ་མོ་གཉིས་ལ་ཁྲག་གི་སྐྲན་ནད་ཕོག་ཡོད་པའི་ངོས་འཛིན་བྱས་ཡོད། སྨན་ཁང་གིས་བུ་མོ་གཉིས་ཀྱི་ནད་གཞི་ངོས་འཛིན་བྱས་པ་དེའི་རྗེས་འབྲེལ་དུ། ཧྥུན་ཅོང་གིས་ཁོང་ཚོའི་བཏུང་ཆུ་འཁྱེར་ནས་སྲིད་གཞུང་གི་ཆུ་བེད་ལས་ཁུངས་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཁུངས་རིམ་པར་བརྟག་དཔྱད་བྱེད་དུ་བཅུག་པའི་བརྟག་འབྲས་སུ། བཏུང་ཆུ་ལ་འབག་བཙོག་དང་ལྷད་ཞུགས་ཡོད་པའི་ངོས་འཛིན་བྱས། གང་ལྟར་སྨན་བཅོས་གང་ཡོང་བྱས་ཀྱང་མ་ཕན་པར་ཁོང་གི་བུ་མོ་ལོ་བཅུ་བདུན་ཅན་དེ་ ༢༠༠༧ ལོར་ཚེ་ལས་འདས་ཤིང་། ཧྥུན་ཅོང་ནི་བུ་མོ་ཚེ་ལས་འདས་པར་སེམས་ཁུར་དང་སྡུག་བསྔལ་གྱི་ཀློང་དུ་ལྷུང་། ༢༠༠༨ ལོར་ཁོང་གིས་བཏུང་ཆུ་འབག་བཙོག་དང་ལྷད་ཅན་དུ་གཏོང་མཁན་ནི་ལྕགས་རིགས་ལས་སྣོན་བཟོ་གྲྭ་ཡིན་པ་དང་། བཏུང་ཆུ་འབག་བཙོག་དང་ལྷད་ཅན་དུ་གྱུར་པ་ལ་བརྟེན་ནས་བུ་མོར་སྐྲན་ནད་བྱུང་བ་དང་། དེའི་མུ་ནས་བུ་མོ་ཚེ་ལས་འདས་པའི་རྒྱུ་རྐྱེན་ལ་ཁྲིམས་བཤེར་ཡོང་བ་དང་། ལྕགས་རིགས་ལས་སྣོན་བཟོ་གྲྭའི་ངོས་ནས་གུན་གསབ་སྤྲོད་དགོས་པའི་ཞུ་གཏུགས་བྱེད་མགོ་བརྩམས། ཡིན་ནའང་། འབྲེལ་ཡོད་ས་གནས་ཀྱི་ཁྲིམས་ཁང་རིམ་པས་བཟོ་གྲྭས་ཁོར་ཡུག་འབག་བཙོག་བཟོས་པར་བཤད་པ་དང་དེ་ལ་བརྟེན་ནས་ཁོང་གི་བུ་མོར་ནད་གཞི་བྱུང་བའི་བར་ལ་འབྲེལ་བ་ཡོད་མེད་ཀྱི་སྐོར་དེར་ཧྥུན་ཅོང་གིས་བདེན་དཔང་བྱེད་ཐུབ་ཀྱིན་མེད་པར་བཤད་ནས་ཁོང་གི་ཞུ་གཏུགས་དེར་ངོས་ལེན་དང་བདག་སྤྲོད་བྱས་མེད། ༢༠༡༠ ལོར་ཁོང་གིས་འབྲེལ་ཡོད་ཞིང་ཆེན་རིམ་པའི་མཐོ་རིམ་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་ཀྱང་དེ་ལའང་དོན་ཕན་ལྡན་པའི་གྲུབ་འབྲས་བྱུང་མེད། ལོ་མང་པོའི་རིང་ལ་བཟོ་གྲྭ་དེ་ཁྲིམས་གཏུག་བྱས་པའི་བརྒྱུད་རིམ་ཁྲོད་ནས། ས་གནས་སྲིད་གཞུང་ནི་བཟོ་གྲྭའི་རྒྱབ་རྩ་རུ་ལངས་ཏེ་ཁོར་ཡུག་ལ་གནོད་སྐྱོན་དང་འབྲེལ་བའི་ཚོད་དཔག་རང་བཞིན་གྱི་སྙན་ཞུ་ཡི་གེ་རྫུན་བཟོ་བྱས་པའི་གནད་དོན་སོགས་རིམ་པས་གསལ་རྟོགས་བྱུང་ཡོད་སྟབས། འཕྲལ་དུ་ས་གནས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་སྲིད་འཛིན་གཏུག་བཤེར་བྱས་ཀྱང་། རྒྱལ་ཁ་གཅིག་ཀྱང་མ་ལོན་པར་ཐབས་ཟད་འུ་ཐུག་གི་གནས་སུ་གྱར། ༢༠༡༥ ལོར་སྲིད་འཛིན་གཏུག་བཤེར་གྱི་ཁྲིམས་ལ་བཟོ་བཅོས་བྱས་ཏེ། ཁྲིམས་ཁང་གིས་ཐོག་མར་གྱོད་དོན་ཡོད་དོ་ཅོག་ངེས་པར་དུ་དང་ལེན་བྱེད་དགོས་པའི་དོན་ཚན་གཏན་འབེབས་བྱས་པ་དེས་ཧྥུན་ཅོང་ལ་གོ་སྐབས་གསར་པ་ཞིག་སྦྱིན། ཁོང་གིས་གོ་སྐབས་དེ་བཟུང་སྟེ་ས་གནས་སྲིད་གཞུང་གི་ཁོར་ཡུག་ལས་ཁུངས་དེ་དག་ས་ཆ་དེའི་འབྲིང་རིམ་ཁྲིམས་ཁང་ལ་སྲིད་འཛིན་ཁྲིམས་གཏུག་བྱས། དེ་ལྟར་ནའང་། ཁྲིམས་ཁང་གིས་ཁོང་གི་གཏུག་བཤེར་ལ་རྒྱབ་སྐྱོར་མ་བྱས་སྟབས་ཞིང་ཆེན་གྱི་མཐོ་རིམ་ཁྲིམས་ཁང་ལ་ཡང་བསྐྱར་ཁྲིམས་བཤེར་ཡོང་བའི་རེ་འདུན་ཞུས། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་ས་གནས་འབྲིང་རིམ་ཁྲིམས་ཁང་ལ་ཧྥུན་ཅོང་གི་གྱོད་གཞིར་ཡང་བསྐྱར་ཞིབ་བཤེར་བྱེད་དགོས་པའི་བཀའ་རྒྱ་བཏང་། དེའི་སྟབས་ཀྱིས་ད་ལོའི་ཟླ་ ༤ ་པའི་ཚེས་ ༡༣ ་ཉིན་ས་གནས་འབྲིང་རིམ་ཁྲིམས་ཁང་གིས་ཁྲིམས་སྒོ་ཕྱེས་ཏེ། ཧྤུན་ཅོང་གིས་ལང་ཧྥང་གྲོང་ཁྱེར་སྲིད་གཞུང་གི་ཁོར་ཡུག་ལས་ཁུངས་དང་ཧུའུ་པེ་ཞིང་ཆེན་སྲིད་གཞུང་གི་ཁོར་ཡུག་ལས་ཁུངས་གཉིས་ལ་ཁྲིམས་གཏུག་བྱས་པའི་གྱོད་གཞི་དེ་དངོས་སུ་ཁྲིམས་བཤེར་བྱས་ཡོད་པ་རེད། ཁྲིམས་ཁང་གི་ཁྲིམས་བཤེར་གྱི་ཁྲུན་གཅོད་ཀྱི་མཐའ་དོན་ད་དུང་གསལ་བསྒྲགས་བྱས་མེད།

རྒྱལ་ཁབ་ཀྱི་དཔལ་འབྱོར་ནི་བཟོ་གྲྭ་མང་པོ་ལ་བརྟེན་ནས་འཕེལ་རྒྱས་བྱུང་དང་འབྱུང་བཞིན་པའི་དུས་སྐབས་འདིར། མི་མང་པོ་ཞིག་གིས་དཔལ་འབྱོར་གྱི་ཡོང་སྒོ་ཁོ་ན་མཐོང་གིན་ཡོད་པ་མ་གཏོགས། བཟོ་གྲྭ་དག་གིས་ཁོར་ཡུག་འབག་བཙོག་དང་ལྷད་ཅན་དུ་བསྒྱུར་གྱིན་ཡོད་དང་། དེ་ལས་བྱུང་བའི་ནད་ཡམས་ཀྱི་གནས་སྟངས་རིགས་ལ་དོ་སྣང་བྱེད་ཀྱིན་མེད། ཧྥུན་ཅོང་གི་སྡེ་བའམ་ཡུལ་ཚོ་ན་མི་གྲངས་ ༣༠༠༠ ་ཙམ་ཡོད་པ་དང་། ༢༠༠༠ ལོ་ནས་བཟུང་ཁོང་ཚོའི་ས་ཆར་བཟོ་གྲྭ་འདྲ་མིན་བཙུགས་པའི་རྒྱུ་མཚན་གྱིས་སྡེ་མི་ ༦༠ ་ལྷག་ལ་སྐྲན་ནད་བྱུང་ནས་ཚེ་ལས་འདས་ཡོད་སྟབས། རྒྱལ་ཁབ་ཀྱི་སྐྲན་ནད་སྡེ་བ་ཞིག་ཏུ་གྱུར། འོན་ཀྱང་། ཧྥུན་ཅོང་གིས་གྱོད་གཞི་ཞུ་གཏུག་བྱས་པའི་ཁྲོད་མཉམ་ཞུགས་བྱེད་པའི་སྡེ་མི་གཅིག་ཀྱང་བྱུང་མེད། དེས་ནི་འབྲེལ་ཡོད་མང་ཚོགས་དང་ཚོགས་པ་སོགས་ཀྱིས་རྒྱུ་ནོར་གྱི་ཁེ་ཕན་གཙོ་བོར་འཛིན་པ་མ་གཏོགས་གཞན་ལ་བསམ་བློ་དེ་ཙམ་གཏོང་གིན་མེད་པའི་སྣང་ཚུལ་གྱི་རིགས་ཤིག་མཚོན་གྱིན་ཡོད། དུས་རབས་སྔ་མའི་ལོ་རབས་ ༥༠ ་ཡི་ནང་། ཨ་རིའི་ནེའུ་རྗར་སི་མངའ་སྡེའི་ཐམ་སི་གཙང་པོའི་འགྲམ་དུ་བཟོ་གྲྭ་སྣ་ཚོགས་བཙུགས་པ་ལ་བརྟེན་ནས་གཙང་པོ་དེ་འབག་བཙོག་ཅན་ཆགས་ཡོད་སྟབས། ས་ཆ་དེའི་ཡུལ་མི་ ༤༠ ་ལྷག་ལ་ཁྲག་སྐྲན་བྱུང་ཡོད་པའི་གྱོད་གཞི་དེ་ཁྲིམས་ཁང་ལ་སླེབས་སྐབས། མང་ཚོགས་ཀྱིས་བཟོ་གྲྭས་གཙང་པོ་འབག་བཙོག་བཟོས་པ་དང་ནད་ཡམས་བསླངས་པའི་ཐད་ཀྱི་རྒྱུ་རྐྱེན་དང་གྲུབ་འབྲས་ཐོན་རྒྱུ་ཡོད་མེད་བདེན་དཔང་བྱེད་དཀའ་བའི་གནས་ཚུལ་ལྷག་ཡོད། འོན་ཀྱང་། སྲིད་གཞུང་གིས་འགྲོ་སོང་ཕོན་ཆེན་པོ་བཏང་ནས་ནད་ཡམས་ཆེད་མཁས་པ་སོགས་གདན་དྲངས་ཏེ་བརྟག་དཔྱད་རིམ་པ་མང་པོ་བྱས་པའི་མཐའ་མར། སྲིད་གཞུང་དང་གསར་འགྱུར་ཚོགས་པ། སྤྱི་ཕན་ཚོགས་པ་སོགས་ཀྱི་གནོན་ཤུགས་ལས། བཟོ་གྲྭ་དེ་དག་གིས་ནད་པ་དེ་དག་ལ་སྒོར་མོའི་གུན་གསབ་སྤྲད་པ་བྱུང་ཡོད། ད་ལྟ་ནི་རྒྱ་ནག་ནང་ཁུལ་གྱི་བཟོ་གྲྭ་མང་པོ་ཞིག་ང་ཚོ་བོད་ཀྱི་ས་ཁུལ་ལ་སྤོས་དང་སྤོ་བཞིན་ཡོད་པ་མ་ཟད། ས་བརྐོ་གཏེར་བསྔོགས་བྱས་ཏེ་བཏུང་ཆུ་དང་མཁའ་དབུགས་ལ་དེ་སྔར་བྱུང་མ་མྱོང་བའི་གཏོར་བརླག་དང་ཕོག་ཐུག་བཟོས་དང་བཟོ་བཞིན་པའི་སྐབས་ཤིག་ཡིན། འདི་ལྟར་མུ་མཐུད་དུ་སོང་བ་ཡིན་ན། བོད་ཀྱི་ས་ཆ་ནས་ཀྱང་ཁོར་ཡུག་འབག་བཙོག་བརྟེན་ནས་བྱུང་བའི་ནད་གཞི་དང་སྔར་མེད་པའི་ནད་ཡམས་རིགས་ཁྱབ་གདལ་འགྲོ་སྲིད། ང་ཚོས་གོང་གི་གྱོད་དཔེ་འདི་ལས་ཤེས་དགོས་གནད་འགག་ལྟེ་བ་ནི། གྱོད་དཔེ་འདི་ལས་ཇི་ལྟར་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་དང་། ཅིའི་ཕྱིར་སྲུང་སྐྱོབ་བྱེད་དགོས་པ་དེ་ཡིན་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་འདི་རིགས་ལ་ཐུག་དུས། ཚང་མས་གཅིག་ཕན་གཅིག་གྲོགས་སམ་མཉམ་རུབ་ཀྱི་ནུས་པ་སྤུངས་ནས་སྟོབས་ཤུགས་དང་ལྡན་པར་བྱེད་དགོས་པ་དེ་ཡིན།

རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་། ཁོར་ཡུག་ལ་ཕོག་ཐུག་ཚོད་དཔག་གི་ཁྲིམས་ལྟར་ན། ས་ཆ་ཞིག་ནས་བཟོ་གྲྭའམ་གཏེར་བསྔོག་བཟོ་གྲྭ་སོགས་གསར་འཛུགས་བྱེད་དགོས་ན། ངེས་པར་དུ་བཟོ་གྲྭ་དེ་དང་བསྟུན་པའི་ཁོར་ཡུག་ལ་ཕོག་ཐུག་གི་ཚོད་དཔག་ཡི་གེ་བྲིས་ནས་ས་གནས་མང་ཚོགས་ཀྱི་བསམ་ཚུལ་སྡུད་ལེན་བྱེད་དགོས། ས་གནས་མང་ཚོགས་ཀྱི་མོས་མཐུན་དང་ཡིད་འཐད་མ་བརྒྱུད་ཅིང་། ཁོར་སྲུང་གི་ཆ་རྐྱེན་ལས་དོན་འཐུས་ཚང་བར་མ་བྱས་པའི་སྔོན་ཏུ། བཟོ་གྲྭའི་ལས་མགོ་རྩོམ་ཆོག་གི་ཡོད་པ་མ་རེད། དེ་མིན་གཏེར་བསྔོག་ཁེ་ལས་དང་བཟོ་གྲྭ་རྙིང་པ་དག་གིས་ཀྱང་ཁྲིམས་གསར་པའི་གཏན་འབེབས་ལྟར་ཁོར་ཡུག་ལ་ཕོག་ཐུག་གི་ཡི་གེ་བྲིས་ནས་མང་ཚོགས་ལ་ཤེས་སུ་འཇུག་དགོས་པའི་སྐོར་ནས་མང་ཚོགས་ཀྱིས་སྐུལ་སློང་དང་ལྟ་རྟོག་བྱེད་དགོས་པ་མ་གཏོགས། བཟོ་གྲྭ་དང་གཏེར་བསྔོག་ཁེ་ལས་དག་གི་ངོས་ནས་མ་སྐུལ་དང་བླང་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱི་མ་རེད། དེས་མི་ཚད་ཁོར་ཡུག་སྲུང་སྐྱོབ་ཐད་ནས་དམངས་དོན་ནམ་སྲིད་འཛིན་གཏུག་བཤེར་བྱ་རྒྱུ་ཡིན་ན། ཁྲིམས་ཀྱིས་གཏན་ལ་ཕབ་པའི་དུས་བཅད་ལས་མི་འདའ་བར་དུས་ལྟར་ཁྲིམས་ཁང་ལ་གཏུག་བཤེར་བྱ་དགོས། བོད་ཀྱི་ཤོད་རྒྱུན་ལ། ཕོ་གྱོད་ཕ་བོང་རྒས་རྒྱུ་མེད། མོ་གྱོད་ཤུག་པ་རུལ་རྒྱུ་མེད། ཟེར་བའི་ལྟ་ཚུལ་དེའི་རིགས་སེམས་ནས་འདོར་དགོས། ཧྥུན་ཅོང་གི་སྐྱོ་གར་ནི་ཁོ་གཅིག་པུའི་སྐྱོ་གར་ཙམ་ཞིག་མ་རེད། དེ་ནི་ཁོར་ཡུག་འབག་བཙོག་བཟོས་པ་དེས་གྲངས་ལས་འདས་པའི་སྐྱེ་འགྲོ་མང་པོར་གཉན་ནད་བྱུང་སྟེ་ཚེ་ལས་འདས་སོང་བའི་ཆ་ནས་རྒྱལ་ཁབ་འདིའི་མི་ཐམས་ཅད་ཀྱི་སྐྱོ་གར་ཞིག་ཀྱང་ཆགས་ཡོད། འདི་ལྟར་བསམས་ན། བོད་པས་བརྟན་པ་སྣོད་ཀྱི་འཇིག་རྟེན་དང་གཡོ་བ་བཅུད་ཀྱི་སེམས་ཅན་ཞེས་པའི་ལྟོས་གྲུབ་ཀྱི་ལྟ་བ་གཞི་རྩར་བཞག་ནས། ལྷ་ཀླུར་ཕོག་ཐུག་འབྱུང་བ་ལ་འཛེམས་ནས་ཁོར་ཡུག་འབག་བཙོག་མི་བྱེད་པའི་གོམས་སྲོལ་ནི་རྨོངས་དད་ཁོ་ན་ཞིག་མ་ཡིན་པར་དེ་ནི་དོན་དངོས་གནས་སྟངས་ཤིག་ལ་བདག་གཅེས་བྱས་དང་བྱེད་བཞིན་པའི་རྣམ་པ་གཟེངས་ཐོན་ཞིག་ཀྱང་ཡིན་པ་ནི་ཐེ་ཚོམ་ཟ་མི་དགོས་པ་ཞིག་ཆགས་ཡོད་དོ།། །།