གཙོ་འཛིན་ཞིས་ཅིན་ཕུན་གྱིས་ཚོགས་ཆེན་༡༩་གཏམ་བཤད་ནང་དུ་ས་ཞིང་འགན་གཙང་ལེན་གྱི་སྲིད་བྱུས་དེ་བརྟན་བརླིང་ངང་ཡུན་གནས་བྱེད་པ་དང་། ཐེངས་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་སླེབས་པའི་རྗེས་སུ་གན་གྱ་ཡང་བསྐྱར་ལོ་༣༠་ལ་བསྲིང་གི་ཡིན་ཞེས་གསལ་འདེབས་བྱས་ཡོད། དེའི་རྒྱུ་མཚན་གྱིས་རྒྱལ་ཁབ་གྱི་ས་ཞིང་འགན་གཙང་ལེན་གྱི་སྲིད་ཇུས་དེ་ལ་འགྱུར་བ་ཆེན་པོ་འབྱུང་གི་མིན་པས། རོང་འབྲོག་མང་ཚོགས་རྣམས་ཀྱིས་ཨམ་གཙིགས་བསྡམས་ནས་ད་ཡོད་ཀྱི་ས་ཞིང་གི་གན་གྱའི་ཐོབ་ཐང་མ་བོར་བར་བྱས་ཏེ་༢༠༢༧་ལོ་ནས་འགོ་བརྩམ་རྒྱུ་ཡིན་པའི་རེས་

སྐོར་གསུམ་པའི་ས་ཞིང་འགན་གཙང་ལེན་གྱི་གན་གྱ་འཇོག་ཐུབ་པ་བྱུང་ན། རང་གིས་རྩྭ་སར་ཡང་བསྐྱར་ལོ་༣༠་ནས་༥༠་དང་། ཞིང་སར་མ་མཐར་ལོ་༣༠་གྱི་བདག་དབང་འཛིན་ཐུབ། རང་གི་ཞིང་འབྲོག་གི་ཁྱིམ་ཐོ་མི་བོར་བར་བྱ་བ་དང་། ཡང་ན་གྲོང་ཁྱེར་ཆེན་པོ་ནང་དུ་ཁྱིམ་ཐོ་མི་སྤོར་བར་ཡུལ་ཚོ་ཆུང་ངུའི་ཁྱིམ་ཐོ་བཟུང་ནས། དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་རང་ལ་དབང་བའི་ས་ལག་མཐིལ་ཙམ་གྱི་བདག་དབང་ཡང་འཆོལ་བར་མི་བྱ་བར་བདག་དམ་བཟང་བོ་བྱས་ན། འབྱུང་འགྱུར་གྱི་དུས་སུ་འདི་ལས་ལྷག་པའི་བློས་འཁེལ་བའི་རྒྱུ་ནོར་མེད་པར་འདོད། རོང་བའམ་འབྲོག་པ་ཞིག་གནས་སྐབས་སུ་ཕྱི་རོལ་ལ་ལས་འཚོལ་དུ་ཕྱིན་དགོས་པ་བྱུང་ནའང་ཐབས་བརྒྱ་ཇུས་སྟོང་གིས་རང་གི་ས་ཞིང་གི་བདག་དབང་དེ་ཤང་སྲིད་གཞུང་སོགས་ཀྱི་ཁ་ལ་ཉན་ནས་ཡར་སྤྲོད་མི་བྱེད་པའམ། རྒྱལ་ཁབ་ཀྱི་བྱིན་པའི་གུན་གསེབ་ཆུང་ངུའི་ངོ་ལ་མི་བལྟ་བར་ལོ་བཅུར་སྒུགས། དེ་མིན་རང་ལ་དབང་བའི་ས་ཞིང་གནས་སྐབས་ཀྱིས་གཞན་ལ་གླས་ན་སྐྱོན་མེད་པས། རང་གིས་དོ་དམ་དང་ཚོང་གཉེར་བྱེད་མི་ནུས་ན་གན་གྱ་བཞག་སྟེ་མི་གཞན་ལ་དོན་གཉེར་བྱེད་དུ་བཅུག་ན་ཁྲིམས་དང་མི་འགལ་ཞིང་། རང་གི་བདག་དབང་གཤའ་མ་ཡང་མི་ཤོར་བའི་གནད་དེ་ཤེས་དགོས། གཙོ་འཛིན་གྱི་གཏམ་བཤད་དེ་ཁ་སྟོང་ནང་གི་ཚིག་སྟོང་ཙམ་མིན་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་ཞིང་ལས་ཁུངས་དང་བརྟག་དཔྱད་ལས་ཁུངས་བཅས་ཀྱིས་ན་ནིངས་ནས་བཟུང་ས་ཞིང་འགན་གཙང་ལེན་གྱི་ཁྲིམས་ལ་བཟོ་བཅོས་བྱས་དང་བྱེད་བཞིན་ཡོད་པ་དང་། ལོ་རྗེས་མའི་ཟླ་༣་པ་ནང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་དུ་བཟོ་བཅོས་ཀྱི་གནས་ཚུལ་གསལ་བསྒྲགས་བྱ་རྒྱུ་ཡིན་ཟེར།