ཉེ་སྔོན་དྲ་ཐོག་ན་རྒྱ་ཡིག་གི་རྩོམ་ཞིག་བརྒྱུད་བསྐུར་བྱེད་བཞིན་གདའ། དེ་ནི་མགོ་ལོག་གི་དྷི་གནས་ཟེར་བའི་ས་ཁུལ་ནས་གཏེར་ཁ་བསྔོགས་པ་ལས་དེ་ཁུལ་གྱི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པའི་གནད་དོན་སྐོར་བརྗོད་གཞིར་བཟུང་བ་ཞིག་རེད། གཤམ་དུ་བཀོད་ཡོད་པ་ནི་རྩོམ་ཡིག་ནང་དོན་སྙིང་བསྡུས་ཤིག་ཡིན། རང་གི་ས་ཁུལ་ནས་བྱུང་བའི་གནད་དོན་འདི་འདྲའི་རིགས་ལ་ཁྲིམས་ལུགས་ཀྱི་ངོས་ནས་ཁ་གཏད་གཅོག་པར་ཐབས་ལམ་གང་དག་བརྒྱུད་དགོས་པའི་སྐོར་དེ་ང་ཚོས་ངེས་པར་དུ་ཤེས་དགོས་པའི་གནད་འགག་ཅིག་ཆགས་ཡོད།


༡༽ དོན་རྐྱེན་མདོར་བསྡུས།

ལོ་རྒྱུས་ཀྱི་ཤོད་རྒྱུན་ལ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཁོངས་སུ་ཡོད་པའི་ཨ་མྱེས་རྨ་ཆེན་གངས་རི་ནི་བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་སྙིང་པོའམ་ལྟེ་བ་ལྟ་བུ་ཡིན་པའི་ཤོད་སྲོལ་ཡོད་པ་མ་ཟད། ཆུ་བོ་ཆེན་པོ་གསུམ་འབབ་ཡུལ་གྱི་ས་བབ་མཐོ་ཤོས་དེ་ཡིན་པས་ས་ཁམས་ཆགས་ཡུལ་གྱི་ངོས་ནས་ཧ་ཅང་འགངས་ཆེན་ཞིག་ཀྱང་ཡིན། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་མ་སྐྱེས་ཆེན་དང་དད་ལྡན་མང་ཚོགས་ཁྲོད་ན་ཨ་མྱེས་རྨ་ཆེན་གངས་རི་ནི་གནས་བརྟན་བཅུ་དྲུག་གྲས་ཀྱི་གནས་བརྟན་ཞིག་གི་(མཚན་མི་གསལ)་ཆོས་ར་ཡིན་པ་དང་རྨ་ཆེན་གངས་རི་ནི་སྤྲུལ་བའི་གཞི་ཞིག་བདག་ཡིན་པའི་ཤོད་སྲོལ་ཡང་ཡོད། ཡང་ངག་རྒྱུན་འགར། ཨ་མྱེས་རྨ་ཆེན་ནི་སྲིད་པ་ཆགས་པའི་ལྷ་དགུའི་གྲས་ཀྱི་གཅིག་ཡིན་པའི་ཤོད་སྲོལ་ཡོད། དེར་མ་ཟད་ང་ཚོའི་ལོ་རྒྱུས་རིག་གནས་ཀྱི་ངོས་ནས་བརྗོད་ན། ཨ་མྱེས་རྨ་ཆེན་ནི་ཐང་ཡིག་གི་ནང་གསལ་བ་ལྟར་རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་ཡོང་སྐབས་ཧི་ཡོན་རྒྱལ་ཁབ་ཀྱི་རྒྱལ་པོར་ངོས་འཛིན་མཁན་ཡང་ཡོད། རྨ་དང་ཡ། ཞ་བཅས་ཡིག་འབྲུ་གསུམ་པོར་ཕན་ཚུན་འབྲེལ་བ་ཆེན་པོ་ཡོད་སྟབས། ལོ་རྒྱུས་ལ་ཉམས་ཞིབ་བྱེད་མཁན་ཁག་ཅིག་གིས་ཧྭ་ཞྭ་མི་རིགས་འབྱུང་སའི་གནས་ལ་ངོས་འཛིན་བ྄ེད་པའང་ཡོད། འདི་འདྲ་ཡིན་པར་བརྟེན། ཨ་མྱེས་རྨ་ཆེན་ནི་ལོ་རྒྱུས་དང་རིག་གནས། ས་ཁམས་ཆགས་ཡུལ། སྐྱེ་ཁམས་ཁོར་ཡུག་སོགས་གང་གི་ཆ་ནས་བལྟས་ཀྱང་ས་གནད་གལ་ཆེན་ཞིག་ཏུ་གྱུར་ཡོད། སྲིད་འཛིན་ཞིས་ཅིན་ཕིན་གྱིས། མཚོ་སྔོན་ནི་ཀྲུང་ཧྭ་སྟེ་རྒྱ་ནག་གི་ཆུ་གཏེར་ལྟ་བུ་ཡིན་ཞེས་བརྗོད་མྱོང་བ་བཞིན། གལ་སྲིད་རྨ་ཆེན་གངས་རིའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་མ་ཐུབ་པ་ཡིན་ན། ཆུ་བོ་ཆེན་པོ་གསུམ་འབབ་ཡུལ་གྱི་ཁོར་ཡུག་དང་སྐམ་ས་ཆེན་པོའི་ཆུ་མཛོད་ལ་གནོད་པ་ཐེབས་ཀྱི་ཡོད། དེའི་སྟབས་ཀྱིས་རྨ་ཆེན་གངས་རིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་ལོ་རྒྱུས་རིག་གནས་ཀྱི་ངོས་དང་། བསམ་བློའི་རིག་གནས་ཀྱི་ངོས། ས་ཁམས་ཆགས་སྟངས་ཀྱི་ངོས་གང་ནས་བལྟས་པས་ཀྱང་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད། དེ་ཡང་ཐོག་མར་ཆིག་སྟོང་དགུ་བརྒྱ་གོ་གསུམ་ལོར་རྨ་ཆེན་རྫོང་སྲིད་གཞུང་གིས་མགོ་ལོག་ངྷི་གནས་ནས་ཟངས་ཀྱི་གཏེར་ཁ་བརྐོ་བའི་མགོ་བརྩམས་ཤིང་། ཆིག་སྟོང་དགུ་བརྒྱ་གོ་བདུན་ལོ་ནས་ཟངས་ཀྱི་གཏེར་ཁ་བརྐོ་བའི་ལས་གཞི་དེ་མཚོ་སྔོན་༼བས་སི་ཐི་༽ཟངས་ལས་བཟོ་ཚོང་ཁང་ཟེར་བས་བདག་གཉེར་བྱས།   བཟོ་ཚོང་ཁང་དེས་ཆིག་སྟོང་དགུ་བརྒྱ་གོ་དགུ་ནས་བཟུང་རྨ་ཆེན་གངས་རིའི་རི་རྒྱུད་ཀྱི་ངྷི་གནས་ཟེར་བའི་ས་དེ་ནས་གསེར་དང་ཟངས་ཀྱི་གཏེར་ཁ་རྒྱ་ཆེན་པོ་བརྐོ་མགོ་བཙུགས་པ་ནས་ད་ལྟའི་བར་དུ་རྒྱུན་མཐུད་ཡོད། ཟངས་རིགས་གཙོ་བོར་གྱུར་པའི་ངྷི་གནས་ཀྱི་གཏེར་ཁ་བརྐོ་སྔོག་བྱ་ཡུལ་ཧ་ཅང་རྒྱ་ཆེ་ཞིང་བརྐོ་ཚད་མྱུར་བ། བརྐོས་ཟིན་པའི་གཏེར་གྱི་ཐོན་ཚད་ཧ་ཅང་མཐོ་བ་བཅས་ཀྱི་རྐྱེན་པས་ངྷི་གནས་ཀྱི་གཏེར་ཁ་བརྐོ་ཡུལ་དུ་གནོད་སྐྱོན་ཧ་ཅང་ཆེན་པོ་ཐེབས་ཡོད། ཉེ་འཁོར་གྱི་ཆུ་དང་གཙང་པོ། སྐྱེ་དངོས། མཁའ་དབུགས། ས་གཤིས་བཅས་ལ་བཙོག་སྐྱོན་དང་། ས་གནས་ཀྱི་མི་དང་སྒོ་ཕྱུགས་སེམས་ཅན། རི་སྐྱེས་སྲོག་ཆགས། ཆུ་ནང་གི་ཉ་ཚུན་ཆད་ཀྱི་འཚོ་གནས་ལ་གནོད་སྐྱོན་ཆེན་པོ་ཐེབས་བཞིན་ཡོད། དེར་བརྟེན། དབུས་གཞུང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚོགས་ཆུང་གི་འབྲེལ་ཡོད་ཚན་པའི་དབུ་ཁྲིད་དང་འགན་ཁུར་མཁན་ཚོས་ཨ་མྱེས་རྨ་ཆེན་གངས་རིའི་རྒྱུད་ཀྱི་གཏེར་ཁ་བརྐོ་བའི་ལས་གཞི་དེས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་གཏོང་བཞིན་པར་དོ་སྣང་བྱས་ཏེ། མ་འོངས་པར་ངྷི་གནས་ཀྱི་གཏེར་ཁ་འདི་བསྔོག་མཚམས་འཇོག་རྒྱུ་དང་། རྨ་ཆེན་གངས་རིིའི་སྐྱེ་ཁམས་ཁོར་ཡུག་ཡོངས་སུ་སླར་གསོ་བྱ་ཐུབ་པ་བྱས་ཏེ་རྒྱལ་ཡོངས་ཀྱི་ཆུ་མཛོད་ལྟ་བུར་གྱུར་ཡོད་པའི་གནས་འདིའི་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་ཞུ་ཡི་ཡིན་ཅེས་བརྗོད་འདུག

༢༽ ཁྲིམས་ལུགས་ཀྱི་ཐབས་ལམ།
ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཚོར་མཚོན་ན། ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་(环境保护法)དང་ཁོར་ཡུག་ལ་ཕོག་ཐུག་ཚོད་དཔག་གི་ཁྲིམས་(环境影响评价法)གཉིས་ནི་ངེས་པར་དུ་ཤེས་དགོས་ཤིང་། ཁྲིམས་འདི་གཉིས་ཀྱི་ནང་དུ། ཁེ་ལས་དང་སྤྱི་དོན་ཚོགས་པ། ཚོང་ལས་དང་ཚོགས་པ་གཞན་གྱིས་ཁོར་ཡུག་ལ་གནོད་པ་གཏོང་བ་སྔོན་འགོག་བྱེད་པ་དང་། ཁོར་ཡུག་འབག་བཙོག་དང་སྐྱེ་ཁམས་ལ་གཏོར་བཤིག་ཐེབས་ཚད་ཇེ་ཆུང་དུ་གཏོང་དགོས་པའི་ཆ་རྐྱེན་གསལ་པོར་འཁོད་ནས།ཁོར་ཡུག་འབག་བཙོག་བཟོ་མཁན་གྱིས་ཁོར་ཡུག་གཏོར་བརླག་གི་མཇུག་འབྲས་ལ་འགན་འཁུར་དགོས་པའི་གཏན་འབེབས་བྱས་ཡོད་སྟབས། རོང་འབྲོག་མང་ཚོགས་ཚང་མས་ཤེས་དགོས་པའི་ཁྲིམས་ལུགས་ཤིག་ཀྱང་ཆགས་ཡོད། ༢༠༡༥་ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལ་བཟོ་བཅོས་བྱས་པའི་རྗེས་སུ། སྤྱི་དམངས་ཀྱིས་ཁོར་ཡུག་འབག་བཙོག་བྱེད་མཁན་གྱི་བཟོ་གྲྭ་དང་གཏེར་བསྔོག་ཁེ་གཉེར་ཚོགས་པ་བཅས་ཁྲིམས་ཁང་ལ་གཏུག་བཤེར་བྱེད་པ་སྟབས་བདེ་རུ་བཏང་ཡོད། ས་ཆུར་འབག་བཙོག་ཐེབས་པའམ། ཕྱུགས་ཟོག་ལ་གོད་ཆག་ཐེབས་པའི་རོང་འབྲོག་མང་ཚོགས་སམ་གང་ཟག་སྒེར་གྱིས་སྤྱི་ཕན་གཏུག་བཤེར་དང་སྲིད་འཛིན་གཏུག་བཤེར། དམངས་དོན་གཏུག་བཤེར་བཅས་ཀྱི་ཐབས་ལམ་བརྒྱུད་ནས་འབག་བཙོག་བཟོ་མཁན་དང་ས་གནས་སྲིད་སྲིད་གཞུང་བཅས་ལ་འགན་ཁུར་དུ་འཇུག་པར་བརྩོན་ལེན་བྱས་ཆོག སྤྱི་ཕན་གཏུག་བཤེར་ནི། དམངས་སྲིད་ལས་ཁུངས་ནས་ཐོ་འགོད་བྱས་ཤིང་། ཁོར་ཡུག་སྲུང་སྐྱོབ་ལ་དམིགས་ནས་ལས་དོན་སྒྲུབ་པའི་སྤྱི་ཚོགས་ཚོགས་སྡེ་ཁག་གིས་ཁོར་ཡུག་ལ་གྱོང་གུད་ཐེབས་པའི་མང་ཚོགས་སམ་གང་ཟག་གི་འཐུས་ཚབ་བྱས་ཏེ། ཁོར་ཡུག་འབག་བཙོག་བྱེད་མཁན་ཁྲིམས་ཁང་དུ་ཞུ་གཏུག་བྱེད་པ་ཞིག་ལ་ཟེར་གྱི་ཡོད། རྒྱལ་ཡོངས་ན་འདི་འདྲའི་ཚད་ལྡན་གྱི་ཚོགས་པ་ ༧༠༠ ་ལྷག་ཡོད།ཁོར་ཡུག་འབག་བཙོག་སོགས་ལ་རྐྱེན་བྱས་ཏེ། རང་དང་རང་གི་གཉེན་ཉེའི་རིགས་ལ་ན་ཚ་ཕོག་པ་དང་གྲོ་ནས་སྲན་གསུམ་གྱི་ཐོན་སྐྱེད་ལ་གནོད་པ་བྱུང་བ། རྟ་ནོར་ལུག་གསུམ་སོགས་སྒོ་ཕྱུགས་སེམས་ཅན་ལ་ནད་ཡམས་འགོས་པ། མཁར་དངོས་དང་ཁང་ཁྱིམ་ལ་གནོད་སྐྱོན་ཐེབས་པ་སོགས་ཀྱི་གནད་དོན་བྱུང་ཚེ། འབྲེལ་ཡོད་དོ་བདག་གིས་དམངས་དོན་གཏུག་བཤེར་བརྒྱུད་ནས་ཁོར་ཡུག་འབག་བཙོག་བཟོ་མཁན་གྱི་ལག་ནས་གུན་གསབ་ལེན་པའི་ཐོབ་ཐང་ཡོད་པ་མ་ཟད། སྲིད་འཛིན་བསྐྱར་གྲོས་དང་གཏུག་བཤེར་སོགས་བརྒྱུད་ནས་འབག་བཙོག་བཟོ་མཁན་གྱི་ལས་གྲྭ་སྒོ་རྒྱག་ཏུ་བཅུག་ནའང་ཆོག་པ་རེད། ༢༠༡༥ ་ལོའི་ཡར་སྔོན་ལ། ཁོར་ཡུག་འབག་བཙོག་བཟོ་མཁན་གྱི་བཟོ་གྲྭ་ལ་སྲིད་གཞུང་གིས་སྒོར་ཆད་ཙམ་མ་གཏོགས་ཆད་པ་ཚ་ནན་གཅོད་ཀྱིན་མེད། ལས་ཁང་དེ་དག་གིས་ཀྱང་གྲངས་འབོར་ཉུང་བའི་སྒོར་ཆད་དེ་སྲིད་གཞུང་ལ་སྤྲད་ནས་སྔར་མུས་བཞིན་ཁོར་ཡུག་ལ་རྨ་བཟོ་བཞིན་ཡོད། དེ་ནི་སྲིད་གཞུང་ལ་སྒོར་ཆད་སྤྲོད་དགོས་ནའང་ལས་ཁང་གིས་མུ་མཐུད་ནས་ཁེ་སྤོགས་བཟོ་བའི་གོ་སྐབས་ཐོབ་ཀྱིན་ཡོད་པ་ལས་བྱུང་བ་ཡིན། འོན་ཀྱང་། ༢༠༡༥ ་ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལ་བཟོ་བཅོས་བྱས་པའི་རྗེས་སུ། བཟོ་གྲྭ་དང་ལས་ཁང་དག་གིས་སྔར་མུས་བཞིན་ཁོར་ཡུག་ལ་གནོད་པ་བཟོས་ན་སྒོར་ཆད་མཐོ་པོ་བཅད་ནས་སྒོ་རྒྱག་རག་བར་དུ་ཆད་པ་གཅོད་པ་ལག་བསྟར་བྱས་ཡོད་པ་དང་། སྲིད་གཞུང་གི་ལས་བྱེད་པས་ཁྲིམས་འགལ་གྱི་བཟོ་གྲྭ་ལ་དཔང་རྟགས་རྫུན་བཟོ་དང་། ལྐོག་ཟ་དང་རྔན་པ་བླངས་ན་ཁྲིམས་ལུགས་ཀྱིས་འགན་ཁུར་དགོས་པའི་གཏན་འཁེལ་བྱས་པའི་རྒྱུ་མཚན་ལ་བརྟེན་ནས། བཟོ་གྲྭ་དང་སྲིད་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་དང་ཁྲིམས་ལུགས་ཀྱི་འགན་ཁུར་ཡོད་པ་མངོན་གསལ་དོད་པོ་ཆགས་ཡོད། ཁོར་ཡུག་ལ་ཕོག་ཐུག་ཚོད་དཔག་གི་ཁྲིམས་ལྟར་ན། གཏེར་ཁ་བསྔོག་པའམ་བཟོ་གྲྭ་འཛུགས་པ་སོགས་ཀྱི་སྔ་རོལ་ཏུ། ལས་གཞི་དེ་གཉེར་ན་ཁོར་ཡུག་ལ་ཕོག་ཐུག་གང་དང་གང་ཡོད་པ་དང་། སྔོན་འགོག་གང་དང་གང་བྱ་རྒྱུ་ཡིན་པའི་སྙན་ཞུ་ཞིག་བྲིས་ཏེ། གཏེར་ཁ་བསྔོག་སའི་ཡུལ་མིར་འགྲེལ་བརྗོད་དང་ཆབས་ཅིག ཁོང་ཚོའི་བསམ་ཚུལ་སྡུས་ལེན་དང་ཐོ་འགོད་བྱེད་དགོས། གཏེར་བསྔོག་ལས་ཁང་སོགས་ཀྱིས་ཁྲིམས་ཀྱིས་གཏན་ལ་ཕབ་པའི་བརྒྱུད་རིམ་དང་ཆ་རྐྱེན་ལྟར་ཕོག་ཐུག་ཚོད་དཔག་སྙན་ཞུ་བྲིས་ནས་དེར་སྲིད་གཞུང་གིས་ཆོག་མཆན་ཐོབ་པའི་རྗེས་སུ་ད་གཟོད་གཏེར་བསྔོག་ལས་གྲྭ་ཡི་འཛུགས་སྐྲུན་མགོ་རྩོམ་ཆོག་པ་རེད། དེ་ལྟར་མ་བྱས་ན། མང་ཚོགས་ཀྱིས་བསམ་འཆར་བཤད་ནས་ལས་གྲྭ་སྒོ་རྒྱག་ཏུ་བཅུག་ཆོག

མདོར་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་འབྲོག་པ་རྣམས་ཀྱིས་གཏེར་བསྔོག་ལས་ཁང་ལ་ཁ་གཏད་བཅག་ནས་རང་གི་ཁོར་ཡུག་དང་གནས་རི་སྲུང་སྐྱོབ་བྱེད་དགོས་ན། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་དང་། སྲིད་འཛིན་བརྒྱུད་རིམ་སོགས་གཞི་ལ་བཞག་སྟེ། དགོན་པ་དང་མང་ཚོགས། ཁོར་ཡུག་སྲུང་སྐྱོབ་ཚོགས་པ་མཉམ་འབྲེལ་དང་། རྒྱལ་ཁབ་སྲིད་བྱུས་དང་ཁྲིམས་དོན་གཞིར་བཞག་གིས་གདོང་ལེན་བྱས་པ་ཡིན་ན། སོ་སོ་གནས་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་པ་མ་ཟད། ཁོར་ཡུག་འབག་བཙོག་བཟོ་བའི་ཁེ་ལས་གཉེར་མཁན་རིགས་ལ་བསླབ་བྱའང་ངེས་ཅན་ཞིག་གཏོང་ཐུབ་པ་ཡིན་ནོ།། །།

ཁྲིམས་གླེང་དྲ་རྒྱ་ཡིས་དེ་སྔོན་དུ་འདིའི་སྐོར་ལ་འཇམ་དཔལ་རྣམ་རྒྱལ་གྱིས་བྲིས་པའི་རྩོམ་༼རྨས་སྐྱོན་ཐེབས་པའི་ཁོར་ཡུག་༽ཅེས་པ་བརྒྱུད་འགོད་བྱས་ཡོད་ཅིང་། འབྲེལ་ཐག་འདི་བརྒྱུད་ནས་གཟིགས་རོགས་ཞུ། http://trimleng.cn/a-wounded-environment/