དེང་སྐབས་གྲོང་ཁྱེར་ནས་ཁྱེད་ཀྱི་ཁྱིམ་ཐོ་འཇོག་དོན་མེད་ན། རང་གི་ཁྱིམ་ཐོ་དེ་ཕྱིར་འབྲོག་ཕྱོགས་དང་ཞིང་གྲོང་ལ་སྤོར་ན་བཟང་། ད་ལོ་དང་སང་ལོ་གཉིས་ནི་ཞིང་སྡེ་བཅོས་སྒྱུར་སྲིད་ཇུས་ལག་བསྟར་གྱི་ལོ་མཐའ་མ་དེ་ཡིན་པ་དང་། སང་ལོ་ནི་རྒྱལ་ཡོངས་ཀྱི་རོང་འབྲོག་ཕྱོགས་ས་ཞིང་བདག་དབང་ཐོབ་ཐང་གཏན་འཁེལ་བྱེད་པའི་ལས་དོན་ཡོངས་འགྲུབ་བྱེད་དགོས་པའི་ལོ་ཞིག་ཡིན་ཕྱིན། ས་ཞིང་དོ་དམ་དང་གཞིས་སར་ཆོག་མཆན་འགོད་པའི་ལས་དོན་སོགས་ཀྱི་ཆ་རྐྱེན་ཇེ་བཙན་ཇེ་དམ་དུ་འགྲོ་སྲིད། དེའི་ཕྱིར་གྲོང་ཁྱེར་ན་ཡོད་པའི་ཁྱིམ་ཐོ་རོང་འབྲོག་ས་ཁུལ་དུ་བསྐྱར་སྤོ་བྱས་ཏེ་ས་

གཞིས་བདག་དབང་དང་དེ་དང་འབྲེལ་བའི་ཐོབ་ཐང་ཁེ་ཕན་སོགས་ལ་ལོངས་སུ་སྤྱོད་པར་འདོད་ན་ད་སྐབས་གང་མགྱོགས་ཀྱིས་སྒྲུབ་ན་མ་གཏོགས་རྗེས་ནས་དེ་དག་སྒྲུབ་དཀའ་བའི་གནས་ཤིག་ཏུ་འགྱུར་སྲིད། རྒྱལ་ཡོངས་ན་ད་བར་བོད་རང་སྐྱོང་ལྗོངས་མ་གཏོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཐམས་ཅད་ཀྱིས་ཞིང་ལས་ཁྱིམ་ཐོ་དང་ཞིང་ལས་མ་ཡིན་པའི་ཁྱིམ་ཐོ་ཞེས་རིགས་གཉིས་སུ་དབྱེ་བའི་ལམ་ལུགས་རྙིང་པ་དེ་དོར་ཏེ་ཁྱིམ་ཐོ་ཐམས་ཅད་གྲོང་མིའི་ཁྱིམ་ཐོ་ཞེས་པར་བསྒྱུར་ཚར་གྲབས་འདུག ས་ཆའི་བདག་དབང་ཐོབ་ཐང་ཐོ་འགོད་(土地确权登记)ཀྱི་ལས་གཞི་ལག་བསྟར་བྱས་ཚར་བའི་རྗེས་སུ། གྲོང་མིའི་ཁྱིམ་ཐོ་ལམ་ལུགས་དེ་ལག་བསྟར་བྱེད་ཀྱི་རེད། འདིའི་སྐབས་སུ་རོང་འབྲོག་ཕྱོགས་ན་ཡོད་པའམ་དེའི་ཕྱི་རོལ་ན་ཡོད་པའི་ཞིང་པ་དང་འབྲོག་པ་རྣམས་ཀྱིས་གཤམ་གྱི་ལས་དོན་འདི་རིགས་ཕྱི་བཤོལ་དང་ལེ་ལོ་མེད་པར་སྒྲུབ་དགོས།

༡ གཏན་འཇགས་རྒྱུ་ནོར་བདག་དབང་ཐོབ་ཐང་གི་ཡི་གེ་(不动产产权证书)ལེན་དགོས། རང་གི་གཞིས་ས་དང་ཞིང་ས། རྩྭ་ས་བཅས་ལ་ས་གནས་སྲིད་གཞུང་གིས་མཐའ་མཚམས་ཀྱི་ཚད་ཐིག་བླངས་ནས་ཐོ་འགོད་བྱས་རྗེས། ས་གཞིས་ཀྱི་འབྲེལ་ཡོད་བདག་པོ་ཁྱེད་ཉིད་དང་ཁྱེད་ཀྱི་ཁྱིམ་ཚང་ཡིན་པའི་བདེན་དཔང་ཡེ་གེ་ཞིག་བཟོས་ཏེ་ཁྱེད་ལ་སྤྲོད་ཀྱི་རེད། དེ་ལ་གཏན་འཇགས་རྒྱུ་ནོར་བདག་དབང་ཐོབ་ཐང་ཟེར། དེ་ལ་བརྟེན་ནས་ཁྱེད་ཀྱིས་ཞིང་ས་དང་རྩྭ་ས་དེ་ལོ་སུམ་ཅུ་ནས་ལྔ་བཅུ་བར་ལ་བདག་འཛིན་བྱས་ཆོག དེ་མེད་ན་ཁྱེད་ཀྱི་ས་ཆ་དེ་ཁྱེད་ལ་མི་དབང་བ་མ་ཟད། དེ་དང་འབྲེལ་བའི་ཁེ་ཕན་གང་ཡང་ཁྱེད་ཀྱིས་ལོངས་སྤྱོད་བྱེད་མི་ཐུབ། དེའི་ཕྱིར། སྲིད་གཞུང་གིས་ཁྱེད་ཀྱི་ས་ཞིང་ལ་ཚད་ཐིག་ལེན་དུས་གཟབ་གཟབ་དང་ནན་ཏུར་བྱས་ཏེ་བརྟག་དཔྱད་བྱེད་དགོས། དེ་མིན་ད་དུང་ས་གཞིས་ཚད་ཐིག་ལེན་དུས་དང་ས་གཞིས་ཀྱི་བདག་དབང་ངོ་མའི་ཁོངས་གཏོགས་ཀྱི་བདེན་དཔང་རེའུ་མིག་གི་ནང་དུ། ས་གཞིས་ཀྱི་བདག་དབང་དེ་རུ་ཁག་(村民小组)ཡིན་པ་ལས་སྡེ་བ་མིན་པའི་གནད་ལ་གཟབ་དགོས། རུ་ཁག་ཡིན་ན་ཁྱེད་ཀྱི་འབྲེལ་ཡོད་ཐོབ་ཐང་སྲུང་སླ་བར་འགྱུར་བ་དང་། ས་གཞིས་ཀྱི་གུན་གསབ་རིན་གོང་ཡང་མཐོ། སྡེ་བ་ཡིན་ན་དེ་ལས་ལྡོག་པའོ།། འདིའི་ཐད་ནས་ཕྱིས་སུ་ཞིབ་ཏུ་བརྗོད་ཀྱི་ཡིན།

༢ ད་ལྟའི་དུས་འདིར་གྲོང་ཁྱེར་ནས་ཁྱིམ་ཐོ་ཕྱིར་ཞིང་གྲོང་དང་འབྲོག་ཕྱོགས་ལ་སྤོར་དགོས། གལ་ཏེ་གྲོང་ཁྱེར་གྱི་ཁྱིམ་ཐོ་དེ་ཁྱེད་ལ་ཁེ་ཕན་ཏིལ་འབྲུ་ཙམ་ཡང་མེད་པའམ། ཁེ་ཕན་ཨེ་ཡོད་ལ་རེ་ལྟོས་བྱེད་པ་ཡིན་ཚེ། ཁྱེད་ཀྱིས་རང་གི་ཁྱིམ་ཐོ་དེ་སླར་ཕ་ཡུལ་གྱི་རུ་སྡེ་ལ་སྤོ་དགོས། ད་ལྟ་རོང་འབྲོག་པ་མང་པོ་ཞིག་ལས་ཀ་དང་སློབ་གྲྭ་སོགས་ཀྱི་གཞན་དབང་དུ་གྱུར་ཡོད་པ་དང་། སྲིད་གཞུང་དང་ལས་ཁུངས་ཀྱིས་བཙན་དབང་སོགས་སྤྱད་ནས་རང་གི་གཅེས་སུ་འོས་པའི་ཞིང་ལས་ཁྱིམ་ཐོ་དེ་ཞིང་གྲོང་ནས་གྲོང་ཁྱེར་དུ་སྤོར་དུ་བཅུག་པ་རེད། ཡིན་ནའང་། ད་ལྟ་སྲིད་ཇུས་དེ་དག་གི་ཁྲིམས་ཀྱི་གཞི་འཛིན་ས་མེད་པར་གྱུར་དང་འགྱུར་བཞིན་ཡོད་པས། གལ་ཏེ། ཁྱེད་ལ་གྲོང་ཁྱེར་ཁྱིམ་ཐོ་དགོས་དོན་མེད་ན། ཁྱིམ་ཐོ་ཕྱིར་རང་གི་ཕ་ཡུལ་སྤོ་བར་གྱིས་དང་། ལོ་ལྔ་དྲུག་གི་རྗེས་སུ་ཁྱེད་ཀྱིས་འདིའི་དགོས་པ་རྒྱུ་མཚན་ཤེས་ངེས་ཡིན། བཟོ་བཅོས་བྱེད་བཞིན་པའི་ས་ཞིང་འགན་གཙང་ལེན་ཁྲིམས་ཀྱི་འཆར་ཟིན་ནང་དུ། གྲོང་ཁྱེར་དུ་ཁྱིམ་ཐོ་སྤོར་དགོས་བྱུང་ཚེ་ས་ཞིང་བདག་དབང་གི་ཐོབ་ཐང་དེ་ངེས་པར་དུ་འདོར་མི་དགོས་ཞེས་འཁོད་ཡོད་པས། རོང་འབྲོག་པ་མང་ཚོགས་ཀྱིས་རང་གི་ཁྱིམ་ཐོ་གྲོང་ཁྱེར་དུ་ངེས་པར་དུ་སྤོ་དགོས་ཚེ། རང་གི་ས་ཞིང་བདག་དབང་གི་ཐོབ་ཐང་དེ་དོར་ནས་སྤོར་དགོས་པ་ཞིག་མིན་པས། རང་གིས་བདག་གིར་འཛིན་པའི་ས་ཞིང་གི་འབྲེལ་ཐོགས་ཐོབ་ཐང་གཞན་ལ་གླ་བའམ་བཙོང་ནས་གྲོང་ཁྱེར་ལ་སྤོར་ན་ཆོག

༣ ས་ཞིང་བདག་དབང་ཐོབ་ཐང་གི་ཐོ་འགོད་གཏན་འཁེལ་བྱེད་དགོས། ཞིང་ལས་ཁྱིམ་ཐོ་མེད་པར་བཏང་བའི་རྗེས་སུ། རྩྭ་ས་དང་ཞིང་སའི་བདག་དབང་གི་་སྲིད་ཇུས་གང་དག་འབྱུང་རྒྱུ་ཡིན་པ་དང་བཅོས་བསྒྱུར་གྱི་ཁ་ཕྱོགས་གང་ལ་བསྐོར་རྒྱུ་ཡིན་པ་ཁ་ཚོན་གཅོད་དཀའ་བའི་གནས་ཤིག་ཏུ་གྱུར་ཡོད། ཞིང་ལས་ཁྱིམ་ཐོ་མེད་པར་བཏང་བའི་རྗེས་སུ་་ཁྱེད་ཉིད་རྩྭ་ས་དང་ཞིང་སའི་བདག་པོ་ཡིན་པ་མཚོན་བྱེད་ཀྱི་བདེན་དཔང་ཉག་ཅིག་ནི་ས་གཞིས་བདག་དབང་གི་ཐོབ་ཐང་གཏན་འཁེལ་ཐོ་འགོད་ཡི་གེ་འདི་ཉིད་ཡིན། ཐོབ་ཐང་ཡི་གེ་འདི་ལ་བརྟེན་ནས་ཁྱེད་ཀྱིས་རྩྭ་ས་དང་ཞིང་ས་བེད་སྤྱོད་བྱེད་ཆོག་ལ། འཚོ་གནས་བྱེད་པའི་ཁང་ཁྱིམ་བཟོ་དགོས་བྱུང་ཚེའང་ཐོབ་ཐང་ཡི་གེ་འདི་ལ་བརྟེན་ནས་གཞིས་ས་བཀོལ་སྤྱོད་宅基地使用权ཀྱི་རེ་འདུན་ཞུ་ཆོག

མདོར་ན། ས་ཞིང་བདག་དབང་ཐོབ་ཐང་གི་ཐད་ལ་སྲིད་ཇུས་དང་ཁྲིམས་ལུགས་སྣ་ཚོགས་བཟོས་ཡོད་ཅིང་། ཁྲིམས་དང་སྲིད་ཇུས་ཀྱི་བར་ན་མི་མཐུན་པའི་གཏན་འཁེལ་ཡང་མང་དུ་ཡོད་པས། ད་ལྟ་རྒྱལ་ཁབ་ཀྱིས་ས་ཞིང་འགན་གཙང་ལེན་གྱི་ཁྲིམས་ལ་བཟོ་བཅོས་བྱས་ཏེ་ཡོ་བསྲང་བྱེད་བཞིན་པའི་སྒང་ཡིན། ཁྲིམས་གླེང་གིས་འབྲེལ་ཡོད་ཀྱི་འགྱུར་བ་དང་སྲིད་ཇུས་སོགས་དུས་ལྟར་རོང་འབྲོག་མང་ཚོགས་ལ་མཚམས་སྦྱོར་བྱ་ངེས་ཡིན།

 

འཆར་ཟིན་ནང་གི་འབྲེལ་ཡོད་ཁྲིམས་ཡིག

བཟོ་བཅོས་བྱེད་བཞིན་པའི་ས་ཞིང་འགན་གཙང་ལེན་གྱི་ཁྲིམས་ཀྱི་འཆར་ཟིན་ནང་དུ། ༼ གྲོང་ཁྱེར་དུ་ལས་ཀ་སྒྲུབ་པ་དང་ཁྱིམ་ཐོ་གྲོང་ཁྱེར་དུ་སྤོར་ཟིན་པའི་རོང་འབྲོག་པའི་ས་ཞིང་འགན་གཙང་ལེན་གྱི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་བྱེད་དགོས།༽ ཞེས་འཁོད་ཡོད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་ཚོགས་འདུ་ལྔ་པ་ཡི་སྟེང་དུ། ༼ གྲོང་ཁྱེར་དུ་སྤོར་བའི་ཞིང་པའི་ས་ཞིང་འགན་གཙང་ལེན་གྱི་ཐོབ་ཐང་དང་། གཞིས་ས་བཀོལ་སྤྱོད་ཀྱི་ཐོབ་ཐང་། ཐུན་མོང་ཁེ་ཕན་བགོ་བཤའི་ཁེ་ཕན་ཐོབ་པའི་ཐོབ་ཐང་བཅས་ལ་སྲུང་སྐྱོབ་དང་ཁག་ཐེག་བྱེད་དགོས་ཤིང་། ཁོང་ཚོའི་འདོད་མོས་ལྟར་གུན་གསབ་ཡོད་པའི་སྒོ་ནས་གཞན་ལ་ཐོབ་ཐང་དེ་དག་ཕྱིར་སྤྲོད་བྱེད་པར་རྒྱབ་སྐྱོར་དང་ལམ་སྟོན་བྱེད་དགོས།༽ ཞེས་པའི་གྲོས་ཆོད་ལྟར། འཆར་ཟིན་གྱི་ནང་དུ། ༼ དེ་སྔོན་ཁྲིམས་ཡིག་གི་ནང་དུ་འགན་གཙང་ལེན་གྱི་ཁྱིམ་ཚང་ཡོངས་རྫོགས་ཁུལ་ཡོད་པའི་གྲོང་ཁྱེར་ལ་གནས་སྤོར་བྱས་ཏེ་ཁྱིམ་ཐོ་ཞིང་ལས་མ་ཡིན་པའི་ཁྱིམ་ཐོ་ལ་བསྒྱུར་ན། ས་ཞིང་འགན་གཙང་ལེན་གྱི་ཐོབ་ཐང་དེ་ཕྱིར་འགན་གཙང་ལེན་གན་རྒྱ་སྤྲོད་མཁན་ལ་ཕྱིར་སྤྲོད་བྱེད་དགོས། ༽ ཞེས་པའི་ཁྲིམས་ཡིག་དེ་འཕྲི་འཐེན་བྱས་ཡོད། ཞིང་པ་གྲོང་མིར་འགྱུར་བར་དུས་ཡུན་རིང་པོ་ཞིག་དགོས་པ་ལ་གཞིགས་ཏེ། ཀྲུང་དབྱང་གི་གྲོང་ཁྱེར་དུ་ལས་ཀ་སྒྲུབ་པའམ་ཁྱིམ་ཐོ་སྤོར་བའི་ཞིང་པ་རྣམས་གྲོང་མིར་བསྒྱུར་བའི་ཆ་རྐྱེན་ལྟར། ༼ གྲོང་ཁྱེར་ནང་དུ་ལས་ཀ་ལས་བཞིན་པའི་ཞིང་ལས་པ་རྣམས་གྲོང་ཁྱེར་དུ་ཁྱིམ་ཐོ་སྤོར་དགོས་ཚེ། དེ་དག་གིས་ས་ཞིང་འགན་གཙང་ལེན་གྱི་ཐོབ་ཐང་ཕྱིར་སྤྲོད་བྱེད་དགོས་པ་དེ་ཆ་རྐྱེན་དུ་འདྲེན་མི་རུང་ཞིང་། ས་ཞིང་འགན་གཙང་ལེན་གྱི་བདག་དབང་འདོར་ལེན་བྱེད་མིན་དེ་རོང་འབྲོག་པའི་ལག་ཏུ་ཡོད་པ་མ་གཏོགས་སྲིད་གཞུང་དང་ཐུན་མོང་གིས་ཇུས་གཏོགས་གདམས་གསེས་བྱེད་མི་རུང་། འགན་གཙང་ལེན་གྱི་ཁྱིམ་མི་ཡོངས་རྫོགས་གྲོང་ཁྱེར་དུ་གནས་སྤོར་བྱས་ཤིང་གྲོང་ཁྱེར་གྱི་ཁང་ཤག་དང་སྤྱི་ཚོགས་ཁག་ཐེག་གི་སྒྲོམ་གཞིའི་ནང་དུ་ཚུད་དེ་ཞིང་པའི་ཐུན་མོང་དཔལ་འབྱོར་ཚོགས་པའི་ཚོགས་མིའི་གོ་གནས་ཤོར་ཚེ། རྒྱལ་ཁབ་ཀྱི་ཁྲིམས་ལྟར་མི་དེ་དག་གིས་རང་གི་ས་ཞིང་འགན་གཙང་ལེན་གྱི་ཐོབ་ཐང་གཞན་ལ་སྤྲོད་དགོས་པར་སྐུལ་སློང་བྱེད་དགོས།༽ ཞེས་དེའི་སྐོར་ཟིན་བྲིས་ཀྱི་དོན་ཚན་དགུ་པའི་ནང་དུ་གསལ།