མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ས་རྒྱུས་སྟེང་ནས་བལྟས་ན། མཚོ་སྔོན་ཞིང་ཆེན་ལ་སྲིད་འཛིན་རང་བཞིན་ཅན་གྱི་ས་ཁུལ་བརྒྱད་ཡོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་པའི་རང་སྐྱོང་ཁུལ་དྲུག་དང་། མཚོ་ཤར་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་བཅས་ཡིན། མཚོ་སྔོན་ཞིང་ཆེན་ལ་མི་སེར་ས་ཡ་ལྔ་དང་འབུམ་བརྒྱད་ལྷག་ཡོད་པ་ནང་། བོད་རིགས་ས་ཡ་གཅིག་དང་འབུམ་བཞི་ཡོད། རྒྱ་རིགས་ས་ཡ་གཉིས་དང་འབུམ་དགུ་ཡོད་པ་ནང་གི་ས་ཡ་གཉིས་དང་འབུམ་བཞི་ཟི་ལང་དང་མཚོ་ཤར་དུ་འདུས་བསྡོད་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ནི་མཚོ་སྔོན་གྱི་ཆེས་མང་བའི་གྲངས་ཉུང་མི་རིགས་ཡིན། མཚོ་ཤར་དང་ཟི་ལང་ཕུད་ན། མཚོ་སྔོན་བོད་རིགས་ཀྱི་མི་གྲངས་མཚོ་སྔོན་མི་

གྲངས་ཡོངས་ཀྱི་བརྒྱ་ཆའི་བདུན་ཅུའི་ཡན་ཟིན་ཡོད། མཚོ་སྔོན་གྱི་སའི་རྒྱ་ཁྱོན་ཡོངས་ཀྱི་བརྒྱ་ཆ་དགུ་བཅུའི་གོ་བརྒྱད་ནི་བོད་རིགས་གཙོས་པའི་མི་རིགས་འདུས་བསྡོད་ཀྱི་ས་ཆ་ཡིན། ཟི་ལིང་གྲོང་ཁྱེར་རང་ལོ་རྒྱུས་ཀྱི་སྟེང་ནས་མཚོ་སྔོན་གྱི་མངའ་ཁོངས་མིན། མིན་གོ་རིང་ལ་གོ་མིན་ཏང་སྲིད་གཞུང་གིས་མཚོ་སྔོན་བོད་ཁུལ་དབང་བསྒྱུར་དང་དམ་ལ་འདོགས་པའི་ཆེད་དུ་མཚོ་སྔོན་གྱི་ས་ཁོངས་སུ་བཞག་པ་རེད། མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་འདུས་བསྡོད་ཀྱི་ཞིང་ཆེན་རང་བཞིན་ཅན་གྱི་ས་ཁུལ་ཨང་གསུམ་པ་རུ་ཆགས་ཡོད། བོད་ལྗོངས་ནི་དང་བོ་དང་ཞིན་ཅང་ཡུ་གར་རང་སྐྱོང་ལྗོངས་ནི་གཉིས་པ་ཡིན། ནང་སོག་རང་སྐྱོང་ལྗོངས་ལ་མཚོན་ན། རྒྱ་རིགས་ཀྱིས་ལྗོངས་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆ་༨༠་ཙམ་ཟིན་ཡོད་ལ་སོག་པོ་མི་གྲངས་ལྗོངས་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་༡༧་མ་གཏོགས་མེད། དེ་བཞིན་ཏུ་ཉིན་ཞ་ཧེ་རིགས་རང་སྐྱོང་ལྗོངས་ལ་མཚོན་ནའང་ཧེ་རིགས་ཀྱི་མི་གྲངས་ལྗོངས་ཡོངས་ཀྱི་སུམ་ཆའི་གཅིག་ཙམ་མ་གཏོགས་ཟིན་མེད། ཀོང་ཞིའི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱང་དེ་བཞིན་ནོ། དེའི་ཕྱིར་བོད་རིགས་མི་གྲངས་དང་རྒྱ་རིགས་མི་གྲངས་བཅས་གང་ཅིའི་ཐད་ནས་བཤད་ན་མཚོ་སྔོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་ལ་བསྒྱུར་ན་ཆོག་པའི་རྒྱལ་ཁབ་ཀྱིས་གཏན་ཏུ་འཁེལ་བའི་མིའི་གྲངས་ཀ་དང་སའི་རྒྱ་ཁྱོན་གྱི་ཚད་གཞིར་སླེབས་ཡོད་པ་ཞིག་ཡིན་ལ། རྒྱལ་ཁབ་གྱི་མི་དམངས་མང་ཆེ་བའི་བློ་ངོར་མཚོ་སྔོན་ནི་བོད་རིགས་གཙོས་པའི་གྲངས་ཉུང་མི་རིགས་འཚོ་གཞེས་བྱེད་སའི་གྲངས་ཉུང་མི་རིགས་ཀྱི་ཞིང་ཆེན་ཞིག་ཏུ་འདོད་བཞིན་ཡོད། དེའི་ཕྱིར་རྒྱལ་ཁབ་ཀྱིས་ཀྱང་མཚོ་སྔོན་ནི་གྲང་ཉུང་མི་རིགས་འདུས་བསྡོད་བྱེད་པའི་རང་སྐྱོང་ལྗོངས་ཞིག་ལ་ངོས་ལེན་བྱས་ན་མཚོ་སྔོན་གྱི་བོད་རིགས་གཙོས་པའི་རིགས་སོ་སོའི་མི་རིགས་ལ་ཕན་ཐོགས་ཆེ་། རྒྱལ་ཁབ་ཀྱིས་མཚོ་ཤར་དང་ཟི་ལང་ཁོ་ནའི་རྒྱ་རིགས་མི་གྲངས་ལ་བལྟས་ནས་མཚོ་སྔོན་ནི་ཞིང་ཆེན་དཀྱིས་མའི་ཚུལ་དུ་རྒྱ་རིགས་གཙོ་བྱས་ཏེ་འཛིན་སྐྱོང་བྱས་ན་དངོས་ཡོད་གནས་ཚུལ་ལ་བསྙོན་ཞིང་། མཚོ་སྔོན་གྱི་མི་རིགས་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དེ་ལ་རང་སྐྱོང་ལྗོངས་རིམ་པའི་སྒོ་ནས་ཁག་ཐག་བྱེད་པའི་གོ་སྐབས་དང་ཐོབ་ཐང་དེ་མེད་པར་བཏང་བ་རེད། རང་རེའི་རྒྱལ་ཁབ་ལ་མི་རིགས་རང་སྐྱོང་ཁུལ་༣༠་ཡོད་པ་ནང་། བོད་རིགས་རང་སྐྱོང་ཁུལ་༡༠་ཐམ་པ་ཡོད་པ་དང་། མཚོ་སྔོན་ན་བོད་རིགས་རང་སྐྱོང་ཁུལ་༦་ཡོད་པས་རྒྱལ་ཡོངས་ཀྱི་རང་སྐྱོང་ཁུལ་གྱི་ལྔ་ཆའི་གཅིག་ཟིན། ཁྲིམས་བཟོའི་ཐད་ནས་བཤད་ན། རང་སྐྱོང་ཁུལ་རེ་རེ་ནས་རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་ཅིག་གསར་བཟོ་དང་བཟོ་བཅོས་བྱེད་དགོས་ན་ངེས་པར་དུ་མཚོ་སྔོན་ཞིང་ཆེན་གྱི་དམངས་ཆེན་རྒྱུན་ལས་ལྷན་ཁང་ལ་ཆོག་མཆན་ཞུ་དགོས་ཤིང་། ལམ་ལུགས་དེས་རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་གསར་བཟོ་དང་བཟོ་བཅོས་ལ་དཀའ་ཁག་བཟོས་སྟེ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲིམས་བཟོའི་གནས་བབ་ཤིན་ཏུ་ཐབས་རྡུག་པའི་གནས་ལ་གཏུགས། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་ཁག་གི་རང་སྐྱོང་སྲོལ་ཡིག་སོགས་ལ་སྟབས་བསྟུན་གྱི་བཟོ་བཅོས་བྱེད་མ་ཐུབ་པའི་དབང་གིས། ཞིང་ཆེན་གྱི་དམངས་ཆེན་དང་སྲིད་གཞུང་གིས་བཟོས་པའི་ས་གནས་ཁྲིམས་སྲོལ་དང་སྒྲིག་སྲོལ་དེ་དག་རང་སྐྱོང་ཁུལ་གྱི་སྲོལ་ཡིག་གི་བར་ན་འགལ་ཟླ་མང་ནས་མང་དུ་སོང་སྟེ། རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་ལག་ལེན་ཏུ་གདབ་དཀའ་བའི་གནས་སུ་ལྷུང་ནས་གནད་དོན་མི་ཉུང་བ་ཞིག་གི་རྐྱེན་དུ་གྱུར། དཔེར་ན་༢༠༡༠་ལོར་ཆབ་ཆ་དང་རེབ་གོང་ནས་བོད་རིགས་སློབ་མ་དང་དགེ་རྒན་ཁྲི་ཕྲག་བརྒལ་བས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་པའི་དོན་རྐྱེན་གྱི་འབྱུང་ཁུངས་དེ་ཡང་མཚོ་སྔོན་ཞིང་ཆེན་གྱི་སྒྲིག་སྲོལ་དང་དེའི་མངའ་འོག་གི་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་གི་བར་གྱི་འགལ་ཟླ་ལས་བྱུང་བ་རེད། ཐ་ན་ཟི་ལིང་ནས་བོད་ཡིག་སློབ་ཆུང་ཞིག་འཛུགས་དགོས་ནའང་འབྲེལ་ཡོད་སྲིད་གཞུང་ལས་ཁུངས་ཀྱིས་ཟི་ལིང་ནི་བོད་རིགས་རང་སྐྱོང་ས་ཁུལ་མིན་པས་བོད་རིགས་སློབ་ཆུང་འཛུགས་པའི་ཁྲིམས་ལུགས་ཀྱི་རྨིང་གཞི་མེད་ཅེས་བསྙད་བཏགས་ནས་བར་ཆད་དང་དཀའ་ངལ་སྣ་ཚོགས་བཟོས་ཏེ། ཟི་ལིང་གི་བོད་མི་འབུམ་གསུམ་ལྷག་གི་བྱིས་པ་ཁྲི་གསུམ་ཙམ་གྱིས་བོད་ཡིག་སློབ་སྦྱོང་བྱེད་པའི་རྩ་ཁྲིམས་ཀྱི་ཐོབ་ཐང་རྩིས་མེད་དུ་བཏང་ཞིང་།  བོད་ཀྱི་བྱིས་པ་རྣམས་ཀྱིས་བོད་ཡིག་སྦྱངས་ས་མེད་པའི་རྩ་ཁྲིམས་ཀྱི་རྩ་བའི་རྩ་དོན་དང་འགལ་བའི་གནད་དོན་འདི་དག་བཟོས་དང་བཟོ་བཞིན་པ་ནི་དཔེ་མཚོན་ཡིན། ང་ཚོས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྲིད་ཇུས་ལྟར་ཞིང་ཆེན་དཀྱུས་མ་ཞིག་ནས་གྲངས་ཉུང་མི་རིགས་རང་སྐྱོང་བྱེད་པའི་རང་སྐྱོང་ལྗོངས་ཤིག་ཏུ་བསྒྱུར་ཏེ། ཟི་ལིང་དང་མཚོ་ཤར་ལ་རྒྱ་རིགས་དང་ཧེ་རིགས་སོགས་ཀྱིས་རང་སྐྱོང་བྱེད་པའི་གྲོང་ཁྱེར་དུ་སོར་བཞག་བྱེད་ཐུབ་ན། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་འཛིགས་བསྐྲུན་དང་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་རླབས་པོ་ཆེ་ལ་ཕན་པ་དང་། ཞིང་ཆེན་ནང་གི་རིགས་སོ་སོའི་མི་རིགས་ཀྱིས་རང་སྐྱོང་ཆབ་སྲིད་འཛིན་སྐྱོང་བྱེད་པར་སྟབས་བདེ་བ་མ་ཟད། མཚོ་སྔོན་གྱི་རྒྱ་བོད་སོག་གསུམ་གཙོས་པའི་མི་རིགས་ཡོངས་ལ་ཤིན་ཏུ་བྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཀྱང་རྒྱལ་ཁབ་ཀྱིས་རང་སྐྱོངས་ལྗོངས་ལ་སྤྲོད་བཞིན་པའི་དམིགས་བསལ་དབང་ཐང་ཕོན་ཆེན་པོ་ལ་ལོངས་སྤྱོད་བྱེད་ཐུབ་པ་དང་མཚོ་སྔོན་གྱི་བོད་རིགས་ཡོངས་ཀྱིས་མིང་དོན་མཚུངས་བའི་མི་རིགས་རང་སྐྱོང་གི་ཐོབ་ཐང་དངོས་སུ་ལག་ལེན་དུ་གདབ་རུང་བར་འགྱུར། དེ་མིན་མཚོ་སྔོན་ཞིང་ཆེན་ནི་མཐའ་མཚམས་མིན་པས་རང་སྐྱོང་ལྗོངས་ལ་བསྒྱུར་ན་ཕྱིའི་དགྲ་ཡི་གནོད་པ་ལ་དོགས་མི་དགོས། དེ་ལྟ་མ་ཡིན་པར་བོད་རང་སྐྱོང་ཁུལ་དྲུག་པོ་རྒྱ་རིགས་ཀྱིས་འཛིན་སྐྱོང་བྱེད་པའི་ཟི་ལིང་ཁོ་ནས་མངའ་འོག་ཏུ་ཞིང་ཆེན་དཀྱུས་མ་ཞིག་གི་ཚུལ་དུ་བསྐྱངས་ན། གྲངས་ཉུང་མི་རིགས་ཀྱི་ཞིང་ཆེན་ཡིན་རུང་གྲངས་ཉུང་མི་རིགས་ཀྱི་དབང་ཐང་མེད་པའི་ཞིང་ཆེན་གྱི་ས་ཁུལ་ཞིག་ཏུ་ལུས་ནས། ཞིང་ཆེན་གྱི་རྒྱ་རིགས་དང་བོད་རིགས་རྣམས་ཀྱི་ཐོབ་འོས་ཐོབ་ཐང་ལོངས་སྤྱོད་བྱེད་ཐུབ་གིན་མེད། མང་ཁ་ཉུང་ལེན་གྱི་ཐལ་ཆའི་ཕྱོགས་སུ་ལྷུང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་སྤྱི་མཐུན་གཙིགས་སུ་འཛིན་པའི་དགོངས་པ་དེ་མངོན་མི་ཐུབ། དེའི་ཕྱིར་མིག་སྔར་གྱི་མཚོ་སྔོན་འཛིན་སྐྱོང་བྱེད་པའི་ལམ་ལུགས་དེ་རྒྱལ་ཁབ་ཀྱི་ངོ་བོ་དང་། རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་དགོངས་པ་དང་ཡོངས་སུ་མི་མཐུན་པས། ལམ་ལུགས་དེས་གྲངས་ཉུང་མི་རིགས་ཀྱི་ཁྲིམས་དང་སྲིད་ཇུས་མཚོ་སྔོན་ནས་ལག་ལེན་དང་ལམ་ལྷོང་བྱུང་བར་བར་ཆད་སྣ་ཚོགས་བཟོས་དང་བཟོ་བཞིན་ཡོད། དཔེར་ན་མཚོ་སྔོན་གྱི་རང་བྱུང་ཐོན་ཁུངས་ལྟ་བུར་མཚོན་ན། མཚོ་སྔོན་ཞིང་ཆེན་དཀྱུས་མ་ཞིག་ཡིན་པས་རྒྱུ་མཚན་གྱིས། རྩ་ཁྲིམས་ལ་སོགས་པའི་གཏན་འཁེལ་ལྟར་ཞིང་ཆེན་སྲིད་གཞུང་ལ་རང་བྱུང་ཐོན་ཁུངས་བདག་ཏུ་འཛིན་པའི་དབང་ཐང་མེད། གལ་ཏེ་མཚོ་སྔོན་ནི་མི་རིགས་རང་སྐྱོང་ལྗོངས་ཞིག་ཡིན་ཚེ། རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་རང་གི་ས་གནས་ཀྱི་ཐོན་ཁུངས་བདག་གིར་འཛིན་པ་དང་ལོངས་སུ་སྤྱོད་པའི་དབང་ཐང་ཡོད་པས། དབང་ཐང་དེ་གཅིག་པོས་ཀྱང་མཚོ་སྔོན་མི་དམངས་ཡོངས་ལ་བརྗོད་ལས་འདས་པའི་དཔལ་འབྱོར་གྱི་ཡོང་འབེབ་བསྐྲུན་ཐུབ་པ་ལྟ་བུའོ། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་མེད་པས་མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་ལའང་གཏོར་བརླག་ཚབས་ཆེན་བཟོས་ཡོད། མཚོ་སྔོན་གྱི་ས་ཆ་ཡོངས་ནི་གྲངས་ཉུང་མི་རིགས་འདུས་བསྡོད་ཀྱི་ས་ཆ་ཡིན་པས། རྒྱལ་ཁབ་ཀྱིས་རང་སྐྱོང་ལྗོངས་གཞན་ལ་རོགས་དངུལ་སྤྲོད་བཞིན་པའི་དམིགས་བསལ་གྱི་ཐོབ་ཐང་དེ་མཚོ་སྔོན་མི་དམངས་ལའང་ཐོབ་འོས། མཚོ་སྔོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་ལ་བསྒྱུར་ཐུབ་ན། མཚོ་སྔོན་གྱི་རྒྱ་རིགས་དང་ཧེ་རིགས་ལའང་ཁེ་ཕན་སྔར་ལས་ལྷག་པ་ཞིག་འབྱུང་བ་གདོན་མི་ཟ།

མཚོ་སྔོན་ཞིང་ཆེན་མཚོ་སྔོན་བོད་རིགས་རང་སྐྱོང་ལྗོངས་ལ་བསྒྱུར་དགོས་ན་བརྒྱུད་རིམ་གང་འདྲ་ཞིག་ཡིན་ཞེ་ན། ༡༩༨༤་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་ལ་བབས་པའི་སྲིད་འཛིན་ས་ཁོངས་རྣམ་དབྱེ་དོ་དམ་གྱི་ཆོད་ཡིག་ནང་དུ་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་གསར་འཛུགས། ཕྱིར་འཐེན་དང་ཡང་ན་མིང་གི་འབོད་སྟངས་གསར་བཅོས་བྱ་དགོས་ཚེ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་ནས་ཐག་གཅོད་བྱེད་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོས་བསྡུར་བྱས་ཏེ་སྲིད་བློན་གྱི་མཚན་ཐོག་ནས་རྒྱལ་ཡོངས་མི་དམངས་ཚོགས་ཆེན་ལ་གྲོས་གཞི་བཏོན་ནས་ཐག་གཅོད་བྱེད་དུ་འཇུག་དགོས་ཞེས་གཏན་འཁེལ་བྱས། དེའི་ཕྱིར་ང་ཚོས་མཚོ་སྔོན་གྱི་བོད་རིགས་དང་རྒྱ་རིགས། སོག་རིགས་དང་ཁ་ཆེ་བཅས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཐབས་ལམ་སྣ་ཚོགས་བརྒྱུད་ཏེ་མཚོ་སྔོན་ཞིང་ཆེན་མཚོ་སྔོན་བོད་རིགས་རང་སྐྱོང་ལྗོངས་ལ་བསྒྱུར་ན་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཞུ་འབུལ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་མང་ལ་འདི་འདྲའི་མངོན་འདོད་ཡོད་པ་ཤེས་སུ་བཅུག་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཀྱང་མངོན་འདོད་འདི་ལ་རྒྱུ་མཚན་ཡོད་མེད་བརྟག་ནས་སྤང་བླངས་བྱེད་གིན་རེད། བོད་ཕྱི་ནང་གི་ཤེས་ཡོན་པ་དང་། ལྷག་པར་དུ་མཚོ་སྔོན་གྱི་ཤེས་ཡོན་པ་དག་གིས་ཀྱང་མཚོ་སྔོན་ཞིང་ཆེན་བོད་རིགས་རིགས་སྐྱོང་ལྗོངས་ལ་བསྒྱུར་ན་རྒྱ་བོད་སོག་གསུམ་ལ་དགེ་མཚན་གང་ཡིན་པ་དང་། མ་བསྒྱུར་བའི་ཉེས་དམིགས་སོགས་འགྲེལ་བཤད་བྱས་ནས། རིགས་སོ་སོའི་མི་རིགས་ཀྱི་མངོན་འདོད་དང་ཆོད་སེམས་གཅིག་ཏུ་སྤུངས་བ་ལ་འབད་བྱས་ཏེ། ད་ལྟ་ནས་བཟུང་མཚོ་སྔོན་བོད་རིགས་རང་སྐྱོང་ལྗོངས་ཀྱི་ཐ་སྙད་བློས་བསླངས་དང་འཆར་འགོད་སྟ་གོན་བྱས་ཏེ་ལས་དོན་རླབས་ཆེན་འདིའི་འགོ་འཛིན་དགོས། དེ་རིང་གི་བློས་བསླངས་དང་ལག་ལེན་ནི་སང་ཉིན་གྱི་ཐོང་ཐང་དང་ལོངས་སྤྱོད་ཡིན།