བོད་ཀྱི་གཞི་རིམ་ས་ཁུལ་གང་ས་ན། སྲིད་གཞུང་གིས་སྡེ་བའི་མང་ཚོགས་ཀྱི་ཆེད་དུ་འཛུགས་སྐྲུན་བྱས་ཡོད་པའི་ཁང་པ་དེ་འདྲ་ཡོད་པ་རེད། བོད་ཁུལ་གྱི་སྡེ་བ་ཞིག་ཏུ་རླུང་འཚུབ་དྲག་པོ་ཞིག་གཡུགས་ནས་དེ་འདྲའི་ཁང་པ་འགའ་ཡི་ཀླད་ཁེབས་བཀོག་ཅིང་སྤུར་བའི་གནས་ཚུལ་བྱུང་ཡོད། སྡེ་མི་ཞིག་གིས་གནས་ཚུལ་དེའི་སྐོར་དྲ་ལམ་དུ་སྤེལ་སྟབས། སྤྱི་བདེ་ལས་ཁུངས་ཡོང་ནས་སྡེ་མི་དེ་འཛིན་བཟུང་བྱས་པའི་གནས་ཚུལ་གསར་པ་ཞིག་ཐོས།དེས་ན། སྡེ་མི་དེ་ག་རེ་བྱས་ནས་འཛིན་བཟུང་བྱས་པ་དང་། ཇི་ལྟར་འཛིན་བཟུང་བྱས་པ་རེད་དམ། ཡང་ན། དེ་འཛིན་དགོས་དོན་དང་འཛིན་བཟུང་བྱས་པའི་བརྒྱུད་རིམ་དེ་ཁྲིམས་མཐུན་ཞིག་ཆགས་ཡོད་དམ། དྲི་བ་འདི་འདྲའི་རིགས་ལ་ལན་འདེབས་ཡང་དག་ཅིག་བྱེད་དགོས་ན། རྩ་ཁྲིམས་དང་འབྲེལ་ཡོད་ཁྲིམས་ལུགས་གཞན་གྱི་སྲུང་སྐྱོབ་ཆ་རྐྱེན་སྐོར་གླེང་ནས་ལན་འདེབས་བྱས་ན་ད་གཟོད་གསལ་པོ་ཆགས་ཐུབ་པ་ཡིན།

དེ་ནི་འདི་ལྟ་སྟེ། རྩ་ཁྲིམས་ཀྱི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་ཕྱིན། མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ལས་ཁུངས་ཀྱི་ཐག་གཅོད་དང་། སྤྱི་བདེ་ལས་ཁུངས་ཀྱི་ལག་བསྟར་མ་བརྒྱུད་པར་དེ་འཛིན་བཟུང་བྱས་མི་ཆོག་ཅེས་གཏན་འབེབས་བྱས་ཤིང་།ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཡིག་ཏུའང་འཛིན་བཟུང་གི་བརྒྱུད་རིམ་དང་ཆ་རྐྱེན་ཁག་མངོན་གསལ་དོད་པོས་གཏན་འཁེལ་བྱས་ཡོད། དཔེར་ན། ཉེས་དོན་གཏུག་བཤེར་ཁྲིམས་ཀྱི་དོན་ཚན་ ༧༩ པ་ཡི་ནང་དུ་ཉེས་དོན་དོགས་ཡོད་མི་སྣ་དང་གྱོད་ཡ་སོགས་ཀྱིས་ཉེས་གསོག་བྱས་ཡོད་པ་བདེན་དཔང་བྱེད་ཐུབ་པ་དང་བཙོན་འཇུག་གི་ཉེས་ཆད་གཅོད་སྲིད་ཅིང་། དེ་གཏའ་གྲོལ་བྱས་ན་སྤྱི་ཚོགས་ལ་ཉེན་ཁ་ཡོད་པ་ཞིག་ཡིན་ན། ད་གཟོད་འཛིན་བཟུང་བྱེད་དགོས་ཤིང་། དེ་དག་གིས་ཉེས་གསོག་གསར་པ་བྱེད་སྲིད་པའམ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་མངོན་གསལ་གྱི་ཉེན་ཁ་ཡོད་ན་ཡང་འཛིན་བཟུང་བྱས་ཆོག་ཅེས་གཏན་འབེབས་བྱས། འཛིན་བཟུང་གི་བརྒྱུད་རིམ་ནི། སྤྱི་བདེ་ལས་ཁུངས་ཀྱིས་དོགས་ཡོད་མི་སྣ་ཐད་ཀར་འཛིན་བཟུང་བྱས་མི་ཆོག་པར། ཞིབ་དཔྱོད་ལས་ཁུངས་ལ་འཛིན་བཟུང་ཆོག་མཆན་ཞུས་ནས་འཛིན་བཟུང་ཆོག་མཆན་ཐོབ་ན་ད་གཟོད་འཛིན་བཟུང་བྱེད་པ་ལས། ཞིབ་དཔྱོད་ལས་ཁུངས་ཀྱི་ཆོག་མཆན་མེད་པར་སྤྱི་བདེ་ལས་ཁུངས་ལ་དོགས་ཡོད་མི་སྣ་ཐད་ཀར་འཛིན་བཟུང་གི་དབང་ཆ་མེད། འཛིན་བཟུང་ཆོག་མཆན་མ་ཐོབ་སྔོན་ལ་སྤྱི་བདེ་ལས་ཁུངས་ཀྱིས་དོགས་ཡོད་མི་སྣ་བཀག་ཉར་བྱས་ཆོག་མོད། གནས་ཚུལ་ཚབས་ཆེན་མིན་ན་ཉིན་གསུམ་གྱི་ནང་ཚུན་ལ་ཞིབ་དཔྱོད་ལས་ཁུངས་ནས་འཛིན་བཟུང་ཆོག་མཆན་གྱི་ཡི་གེ་ཞུ་དགོས་ཤིང་། ཆོག་མཆན་མ་ཐོབ་པ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱིས་བཀག་ཉར་བྱས་པའི་དོགས་ཡོད་མི་སྣའམ་གྱོད་ཡ་མྱུར་དུ་གློད་གྲོལ་གཏོང་དགོས། བཀག་ཉར་དུས་ཡུན་ནི་ཆེས་རིང་ན་ཉིན་ ༣༧ ་ལས་བརྒལ་མི་ཆོག འཛིན་བཟུང་བྱེད་སྐབས་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་ཡི་གེ་དེ་དོགས་ཡོད་མི་སྣ་སོགས་ལ་ངེས་པར་དུ་སྟོན་དགོས་ཤིང་། འཛིན་བཟུང་བྱས་པའི་རྗེས་སུ་དོགས་ཡོད་མི་སྣར་སྐད་སྒྱུར་དང་། ཁྲིམས་རྩོད་པ་སོགས་དགོས་པའི་རེ་འདུན་འདོན་པའི་ཐོབ་ཐང་ཡོད། དེས་མི་ཚད་འཛིན་བཟུང་གི་བརྒྱུད་རིམ་དང་བདེན་དཔང་ལ་ཤན་དང་སྐྱོན་ཡོད་པ་སོགས་ཞིབ་དཔྱོད་ལས་ཁུངས་ལ་བཤད་དེ་ཐར་ཐབས་བྱེད་པའི་ཐོབ་ཐང་ཡང་ཡོད་པ་ཉེས་དོན་གཏུག་བཤེར་གྱི་ཁྲིམས་སུ་གསལ་བོར་འཁོད་ཡོད།

དེས་ན། རླུང་འཚུབ་ཀྱིས་ཁང་ཀླད་བཀོག་ཅིང་སྤུར་བའི་གོང་གསལ་གནས་ཚུལ་དྲ་ལམ་དུ་ཁྱབ་སྤེལ་བྱེད་མཁན་གྱིས་འབྲེལ་ཡོད་ཁྲིམས་ལུགས་སུ་གསལ་བའི་ཉེས་གསོག་ཅི་ཡང་བྱས་མེད་པ་མ་ཟད། གནས་ཚུལ་བརྒྱུད་བསྐུར་བྱས་པ་དེས་སྤྱི་ཚོགས་ལ་མངོན་གསལ་གྱི་ཉེན་ཁ་ཅི་ཡང་བཟོས་མེད་པ་དང་བཟོ་ཡང་མི་སྲིད་པ་བཅས་གསལ་པོ་ཡིན་པས། ཁོང་འཛིན་བཟུང་བྱས་པ་དེ་ནི་སྤྱི་བདེ་ལས་ཁུངས་ཀྱིས་རང་ཤེད་ཀྱིས་འཛིན་བཟུང་བྱས་པ་ཞིག་ཆགས་ཡོད་སྟབས། འཛིན་བཟུང་དེའི་བརྒྱུད་རིམ་མཐའ་དག་ཁྲིམས་འགལ་ཆགས་ཡོད།