རང་རྫོང་གི་མཐོ་རིམ་ལས་ཁུངས་ཁག་དང་སྤྱི་སྟེགས་དོ་དམ་པ་རྣམ་པ།

དེ་ཡང་རང་རྫོང་གི་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་དོ་མཉམ། སྤྱི་ཚོགས་ཀྱི་སྒྲིག་གཞི་དང་སྤུས་ཚད་སྔར་ལས་འཐུས་ཚང་དང་ཆ་མཐུན་དུ་ཕྱོགས་བཞྀན་པའི་དུས་འདིར། ང་ཚོས་ཀྱང་དུས་མཚུངས་སུ་ཁྱེད་གོང་རིམ་གྱི་ལས་ཁུངས་ཁག་དང་འབྲེལ་ཡོད་སྤྱི་སྟེགས་དོ་དམ་པ་རྣམས་ལ། ལས་ཁུངས་ཀྱི་ཡིག་ཆ་གལ་ཆེན་དག་དང་སྤྱི་སྟེགས་སུ་བཀོད་པའི་བརྡ་འཕྲིན་གསར་བ་དེ་དག་རྒྱ་ཡིག་གིས་གསལ་ཞིང་རྒྱས་པར་བཀོད་པ་ནང་བཞིན། བོད་ཡིག་གི་ལམ་ནས་ཀྱང་དེ་མཚུངས་སུ་གསལ་ཞིང་རྒྱས་པར་བཀོད་པའི་རེ་བ་སྙིང་ནས་ཞུས་པ་ཡིན། 

དེ་ཡང་ང་ཚོའི་ས་གནས་ལ་མཚོན་ན་འདུས་བསྡོད་མི་གྲངས་ལས་ཉུང་མཐའ་ཡང་བརྒྱ་ཆའི་དགུ་ཅུ་བོད་རིགས་ཡིན་པ་དང་། དེ་ལས་བོད་ཡིག་ཁོ་ན་ལས་རྒྱ་ཡིག་ཡིག་འབྲུ་གཅིག་ཙམ་ཡང་མི་ཤེས་མཁན་ཧ་ལམ་ཡང་བརྒྱ་ཆའི་ལྔ་བཅུ་ཡས་མས་དང་། ལྷག་པར་དུ་དགོན་པའི་གྲྭ་བ་དང་རོང་འབྲོག་མང་ཚོགས་ལས་ཕོ་མོ་རྒན་གཞོན་མེད་པར་ཚང་མས་བོད་ཡིག་ཁོ་ན་ལས་ཡིག་རིགས་གཞན་པ་གཞར་ཡང་མི་ཤེས་ལ། ཡིག་རིགས་གཞན་ལ་འབྲེལ་འདྲིས་དང་བསླབ་པའི་སྐལ་བ་དང་གོ་སྐབས་ཀྱང་ཤིན་ཏུ་ཉུང་བས། ད་ལྟ་ཁོ་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སམ་སྒྲིག་ཡིག སྲིད་གཞུང་དང་གོང་རིམ་གྱི་དགོངས་དོན་དང་བཀའ་རྒྱ སྤྱི་ཚོགས་གསར་བའི་བཅོས་བསྒྱུར་གྱི་ཁ་ཕྱོགས། ཐ་ན་རྫོང་ནང་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་དང་། སྤྱི་ཚོགས་ཆ་མཐུན་གྱི་རྩ་བའི་བསམ་བློ། རྫོང་སྲིད་གཞུང་གི་འབྲེལ་ཡོད་གནས་ཚུལ་དང་བརྡ་འཕྲིན། ལྷག་པར་དུ་ཁོ་ཚོ་མི་རེ་རེ་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཤེས་བྱ་དང་། བདེ་འཇགས་ཤེས་བྱ། འཕྲོད་བསྟེན་ཤེས་བྱ། རྫོང་ནང་ཁུལ་གྱི་གསར་བྱུང་གནས་ཚུལ་ཙམ་ཡང་རྟོག་ཐབས་བྲལ་ལ། དེ་དག་མ་ཤེསཔའི་རྒྱུ་མཚན་གྱིས་ཁོ་ཚོ་རྒྱུན་དུ་ཁྲིམས་ལ་འགལ་བ། སྤྱི་ཚོགས་བདེ་འཇགས་ལ་འགལ་བ། འགྲིམ་འགྲུལ་བདེ་འཇགས་ལ་འགལ་བ་སོགས་དོན་དག་འདྲ་མིན་སྣ་ཚོགས་འབྱུང་གིན་འདུག་ལ། ལྷག་པར་དུ་ཁོ་ཚོས་རང་གི་འཚོ་བ་དང་འབྲེལ་བའི་གོང་རིམ་གྱི་བརྡ་སྦྱོར་དང་དྲིལ་བསྒྲགས་ཡི་གེ་ཙམ་ཡང་ཀློག་ཐབས་བྲལ་བས། ད་ནས་བཟུང་གོང་རིམ་ལས་ཁུངས་དང་འབྲེལ་ཡོད་སྤྱི་སྟེགས་དོ་དམ་པ་རྣམ་པས་འདྲ་མཉམ་ངང་བོད་ཡིག་གི་ལམ་ནས་ང་ཚོར་ལམ་སྟོན་དང་སློབ་གསོ། ཁྲིམས་ལུགས་དྲིལ་བསྒྲགས་དང་གསར་འགྱུར་ཤེས་བྱ་ངོ་སྤྲོད་བྱ་བར་རེ་བ་ནན་གྱིས་ཞུས་པ་ཡིན། 

སྤྱིར་རང་སྐྱོང་ཁུལ་གྱི་སྲོལ་ཡིག་ཁག་ཏུ། ས་གནས་དེའི་སྐད་ཡིག་གི་བདག་དབང་དང་དེ་ཁྲིམས་མཐུན་གྱིས་སྤྱོད་པའི་ཁེ་དབང་། དེ་མ་བཀོལ་བའི་ཁྲིམས་ཀྱི་བདའ་འདེད་སོགས་གཏན་འབེབས་ཇི་མ་ཇི་བཞིན་དུ་ཡོད་མོད། ཐེངས་འདིར་དེ་དག་འདིར་མི་འདྲེན་པར། གཙོ་བོ་ང་ཚོས་རང་རྫོང་གི་སྤྱི་འབངས་ཡོངས་ཀྱི་འདྲ་མཉམ་ངང་། རྒྱལ་ཁབ་དང་གོང་རིམ་གྱི་དགོངས་དོན་དང་སྒྲིག་སྲོལ་སོགས་དུས་ཚོད་ལྟར་ཤེས་རྟོགས་བྱེད་ཐུབ་པ་དང་། ཁྲིམས་ལུགས་རྒྱུན་ཤེས་སློབ་སྦྱོང་བྱེད་པ། འགྲིམ་འགྲུལ་གྱི་ཤེས་བྱ་སློབ་སྦྱོང་བྱེད་པ།་དེ་བཞིན་དུ་འཕྲོད་བསྟེན་ཤེས་བྱ་སློབ་སྦྱོང་དང་གསར་བྱུང་གནས་ཚུལས་རྒྱུས་ལོན་བྱེད་པ་སོགས། མདོར་ན་བོད་ཡིག་གི་ལམ་ནས་ཁོ་ཚོར་ཏང་དང་རྒྱལ་ཁབ་ཀྱི་ལམ་ལུགས་ལྟར་ཁྲིད་སྟོན་ཡག་པོ་ཞིག་བྱེད་པར་སེམས་བསམ་པའི་གཏིང་ནས་རེ་བ་ཆེན་པོ་ཡོད་པ་དང་། རང་རྫོང་གི་ད་ལྟའི་གནས་བབས་གཞིར་བཟུང་ནས། འབྲེལ་ཡོད་ལས་ཁུངས་ཁག་དང་ལས་ཁུངས་ཁག་གི་སྤྱི་སྟེགས་རྣམས་སུ་བོད་ཡིག་ཆ་ཚང་ཞིག་བཀོལ་བར་རེ་བ་ལན་བརྒྱར་ཞུས་པ་ཡིན། 

རེ་ཞུ་འབུལ་ཡུལ་གྱི་ལས་ཁུངས་གཙོ་བོ་དག་ནི། པདྨ་རྫོང་མི་དམངས་སྲིད་གཞུང་། པདྨ་རྫོང་དམངས་སྲིད་ཅུའུ། པདྨ་རྫོང་སྤྱི་བདེ་ལས་ཁུངས།  པདྨ་རྫོང་མི་དམངས་ཁྲིམས་ཁང་། པདྨ་རྫོང་མི་དོན་ལས་ཁུངས། པདྨ་རྫོང་འཕྲོད་བསྟེན་ལས་ཁུངས།  པདྨ་རྫོང་མི་དམངས་སྨན་ཁང་།  པདྨ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་།  པདྨ་རྫོང་དབུལ་སྐྱོར་ལས་ཁུངས།  པདྨ་རྫོང་འགྲིམ་འགྲུལ་ལས་ཁུངས།  པདྨ་རྫོང་སློབ་གསོ་ཅུའུ་དང་། གཞན་རྫོང་ནང་ཁུལ་གྱི་སྐད་འཕྲིན་སྤྱི་སྟེགས་སོ་སོར།

 རེ་ཞུ་ཡི་གེ་འདི་པདྨའི་ས་ཁུལ་གྱི་དགེ་རྒན་དང་མཐོ་རིམ་སློབ་མ། དགོན་སྡེའི་གྲྭ་བ་དང་སྤྱི་ཚོགས་ཁྲོད་ཀྱི་མི་དམངས་དཀྱུས་མ་སོགས་མི་བཞི་ཅུ་ལྷག་གིས་མཉམ་རུབ་སྒོས་བྲིས་ཤིང་ཡར་ཞུ་བྱས་པ་ཡིན་ལ། འདི་ནི་རང་རིགས་ཀྱི་སྐད་ཡིག་དང་ས་གནས་སྤྱིའི་འཕེལ་རྒྱས། ལྷག་པར་དུ་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཕྱོགས་མང་བོར་ཕན་པ་རེ་ཨེ་ཐོན་སྙམ་ནས་ཁོ་ཚོའི་མགྲིན་ཚབ་ཏུ་སྤེལ་བ་ཡིན་པས། སྙན་ཞུ་འདི་སོ་སོས་སྣང་མེད་དུ་མི་བཞག་རྒྱུ་རེ་བ་ཧ་ཅང་ཆེ།