ཁྲིམས་རྩོད་པ་ལིན་ཆི་ལེ་ནས།

རྣམ་པ་ལྷན་རྒྱས། བཀྲ་ཤིས་བདེ་ལེགས། དེ་རིང་། ཚོམས་འདིར་ཡོང་ནས་སྐད་ཆ་བཤད་རྒྱུར་ཧ་ཅང་དགའ་པོ་བྱུང་། ངས་བོད་སྐད་མི་ཤེས་པའི་རྒྱུ་མཚན་གྱིས་རྒྱ་སྐད་ཀྱི་སྟེང་ནས་བཤད་ཀྱི་ཡིན། གྲོགས་པོ་གཞན་གྱིས་སྐད་བསྒྱུར་གནང་རོགས། དེ་རིང་ཁྱེད་རྣམ་པ་དང་ལྷན་ཏུ་བགྲོ་གླེང་བྱ་འདོད་པ་ནི། ཉེས་དོན་གཏུག་བཤེར་གྱི་སྐབས་སུ་ཉེས་ཅན་དོགས་ཡོད་མི་སྣ་དང་གྱོད་ཡ། གནོད་འཚེ་ཐེབས་མཁན་བཅས་ཀྱི་ནང་མི་ལ་ཐོབ་ཐང་ཅི་ཡོད་ཀྱི་སྐོར་ཡིན། ནང་མི་ཟེར་བ་ནི་ཉེས་དོན་གཏུག་བཤེར་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཁྲིམས་ཀྱི་གཏད་གཉེར་བ་དང་གཉོར་མཁན་བཅས་ལ་གོ་དགོས། ནམ་རྒྱུན་ནང་མི་ཟེར་བ་གྱོད་ཡ་འདིའི་སྟེང་ལ་ཆ་བཞག་ནས་བཤད་ན། ཁོང་གི་ནང་མི་ཞེས་པ་ནི་ཁོང་གི་བཟའ་ཟླ་དང་ཕ་མ། བུ་ཕྲུག་དང་སྤུན་མཆེད་བཅས་པ་འདུས་ཡོད་པ་ཞིག་ཡིན།

ཁྱབ་ཇེ་ཆུང་དུ་བཏང་ནས་བཤད་ན། ང་ཚོས་འདིའི་ཐད་ལ་གཙོ་བོ་ཁྲིམས་ལུགས་ཀྱིས་ཇི་ལྟར་གཏན་འཁེལ་བྱས་ཡོད་པ་དེ་བགྲོ་གླེང་ཞིག་བྱེད། ང་ཚོའི་གཉེན་ཉེ་དུ་གང་ཞིག་ཉེས་དོན་གྱི་གྱོད་གཞི་དང་འཕྲད་པའམ། འཛིན་བཟུང་སོགས་བྱས་ཚེ་ང་ཚོས་ཇི་ལྟར་བྱ་དགོས་ཞེས་པ་དེ་ཡིན། ཉེས་དོན་གཏུག་བཤེར་གྱི་ཁྲིམས་དང་ཁྲིམས་འཛིན་འགྲེལ་བཤད་ཀྱི་ནང་དུ་ཉེས་ཅན་དོགས་ཡོད་པ་དང་གྱོད་ཡ་བཅས་ཀྱི་ནང་མིའི་སྐོར་ལ་གཏན་འབེབས་སྣ་ཚོགས་ཤིག་ཡོད། གཙོ་བོ་ནི་ནང་མིའི་ཤེས་རྟོགས་ཐོབ་ཐང་གི་སྐོར་ཡིན། དེ་མིན་ཟུར་ཞུགས་ཐོབ་ཐང་ཡང་གཏན་འཁེལ་བྱས་ཡོད། ཤེས་རྟོགས་ཐོབ་ཐང་གི་ནང་དུ་ནང་མི་བཀག་ཉར་བྱས་པའི་བརྡ་སྦྱོར་དང་། འཛིན་བཟུང་བརྡ་སྦྱོར་ལ་སོགས་པ་དོགས་ཡོད་པ་དང་གྱོད་ཡའི་ནང་མིར་ཤེས་རྟོགས་ཀྱི་ཆེད་ངེས་པར་དུ་བསྐུར་དགོས། དེ་ནི་ཁྲིམས་ལུགས་ཀྱིས་གཏན་ལ་ཕབ་ཡོད་པ་ཞིག་ཡིན། དེ་མིན་ཁྲིམས་ལུགས་གཞན་གྱིས་ནང་མིའི་ཐོབ་ཐང་སྐོར་ལ་ཐད་ཀར་གཏན་འཁེལ་བྱས་མེད། འོན་ཀྱང་། གྱོད་ཡ་ལ་སོགས་པའི་ནང་མིར་ཐོབ་ཐང་གང་འཚམ་ཤིག་ཡོད། ཁྲིམས་ར་ནས་ཁྲིམས་བཤེར་བྱེད་པའི་དུས་ཚོད་དེ་ཡང་གྱོད་ཡ་ལ་སོགས་པའི་ནང་མིར་བརྡ་སྦྱོར་གཏོང་དགོས། དེ་ནི་ནང་མིའི་ཁྲིམས་བཤེར་ཟུར་ཉན་གྱི་ཐོབ་ཐང་ཡིན། ཁྲིམས་ལུགས་ཀྱིས་ནང་མིར་ཁྲིམས་བཤེར་གྱི་དུས་ཚོད་ལ་བརྡ་སྦྱོར་གཏོང་དགོས་ཞེས་ཁ་གསལ་པོ་འཁོད་མེད་རུང་། ཟུར་ཉན་ཐོབ་ཐང་ལ་བརྟེན་ནས་ནང་མིར་བརྡ་སྦྱོར་གཏོང་དགོས་པ་ཆགས་ཡོད།  ནང་མི་ཟུར་ཞུགས་ཀྱི་ཐོབ་ཐང་ནི་ནང་མི་རྣམས་གྱོད་ཡ་ལ་སོགས་པའི་དག་སེལ་བ་བྱས་ཏེ་གྱོད་གཞི་དག་སེལ་ལས་དོན་སྒྲུབ་པ་སོགས་ལ་གོ་དགོས། དཔེར་ན། ཁྲིམས་ཁང་མང་ཆེ་བས་བཤད་ན། གྱོད་ཡའི་ནང་མིར་ཁྲིམས་ར་ནས་ཁྲིམས་བཤེར་བྱེད་པའི་དུས་ཚོད་ཀྱི་བརྡ་སྦྱོར་གཏོང་དོན་མེད་ཟེར། ཁྲིམས་ལུགས་ཀྱིས་དེའི་སྐོར་ལའང་ཁ་གསལ་གྱི་གཏན་འབེབས་བྱས་མེད། འོན་ཀྱང་། ཁྲིམས་ལུགས་ཀྱི་ཚིག་སྔ་ཕྱི་བསྡུར་ནས་བཤད་ན་བརྡ་སྦྱོར་གཏོང་དགོས། ནང་མིའི་ཤེས་རྟོགས་ཐོབ་ཐང་ནི་གཞན་དྲིང་མི་འཇོག་པ་ཞིག་ཡིན། ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་མེད་རུང་། ནང་མིའི་ཟུར་ཉན་གྱི་ཐོབ་ཐང་ལ་དམིགས་ནས་བརྡ་སྦྱོར་གཏོང་དགོས། དེ་སྔོན་གྱི་ཉེས་དོན་ཁྲིམས་ལུགས་ཀྱི་ནང་དུ་ཁྲིམས་ར་ནས་ཁྲིམས་བཤེར་གྱི་ཉིན་མོ་དང་དུས་ཚོད་ཀྱི་གནས་ཚུལ་གྱོད་ཡ་དང་དག་སེལ་བ། གཞུང་གཏུག་པ་དང་གྱོད་ཡའི་ནང་མིར་བརྡ་སྦྱོར་གཏོང་དགོས་ཞེས་གཏན་འབེབས་བྱས་ཡོད་མོད། ཉེས་དོན་གཏུག་བཤེར་གྱི་ཁྲིམས་གསར་པའི་ནང་དུ་འདིའི་སྐོར་ལ་གཏན་འཁེལ་གསར་པ་མེད། འོན་ཀྱང་། ནང་མི་ཡིན་པའི་ཆ་ནས་ཁོང་ཚོར་གནས་ཚུལ་ཤེས་རྟོགས་ཐོབ་ཐང་ཡོད། ཟུར་ཞུགས་ཀྱི་ཐོབ་ཐང་ནི་ནང་མི་དང་གཉེན་ཉེ་དུ། གྲོགས་བཟང་པོ་སོགས་ཀྱང་གྱོད་ཡར་དག་སེལ་གྱི་ཆེད་དུ་དག་སེལ་བའི་གོ་ཐོབ་སྤྱད་ནས་ཁྲིམས་ཪར་ཟུར་ཞུགས་བྱས་ཆོག དེ་མིན་ཉེས་དོན་གཏུག་བཤེར་ཁྲིམས་ཀྱི་དམིགས་བསལ་བརྒྱུད་རིམ་དཔེར་ན། དྲག་ཤུལ་སྨན་བཅོས་བརྒྱུད་རིམ། གཞོན་ནུའི་ཉེས་དོན་གྱོད་གཞིའི་བརྒྱུད་རིམ། དོགས་ཡོད་པ་དང་གྱོད་ཡ་སོགས་བྲོས་བྱོལ་དུ་སོང་བས་དེའི་ཤུལ་གྱི་རྒྱུ་ནོར་གཞུང་བཞེས་བརྒྱུད་རིམ་དང་བཅས་པའི་གོ་རིམ་འདི་དག་གི་ནང་དུ་ནང་མིར་ཟུར་ཞུགས་ཀྱི་ཐོབ་ཐང་ཡོད། ནང་མིར་ཟུར་ཞུགས་ཀྱི་ཐོབ་ཐང་གལ་ཆེ་བ་གཞན་ཞིག་ཡོད་པ་དེ་ནི། ཁྲིམས་བཤེར་དང་པོ་དང་གཉིས་པ་བརྒྱུད་ནས་ཁྲིམས་ནུས་སོན་པའི་བཅད་ཁྲ་ལ་རང་རྐྱ་ཐུབ་པའི་སྒོ་ནས་ཡང་བཤེར་ཞུ་དགོས་པའི་རེ་འདུན་འདོན་པའི་ཐོབ་ཐང་དེ་ཡིན། བཙོན་མས་བཙོན་ཁང་ནས་ཡང་བཤེར་ཞུས་ན་ཆོག་པ་མ་ཟད། ཁོང་གི་ནང་མིས་ཀྱང་རང་རྐྱ་ཐུབ་པའི་སྒོ་ནས་ཡང་བཤེར་གྱི་རེ་འདུན་བཏོན་ཆོག འདི་ནི་ཟུར་ཞུགས་ཀྱི་ཐོབ་ཐང་གལ་ཆེན་པོ་ཞིག་ཡིན།

ངས་འདི་ནས་ཉེས་དོན་གྱོད་གཞིའི་སྐབས་ཀྱི་ནང་མིའི་ཤེས་རྟོགས་ཐོབ་ཐང་དང་ཟུར་ཞུགས་ཐོབ་ཐང་འདི་གཉིས་ཀྱི་ཐད་ལ་རང་གི་ཉམས་མྱོང་དང་སེམས་ཚོར་བཤད་ཀྱི་ཡིན། ཤེས་རྟོགས་ཀྱི་ཐོབ་ཐང་ནི་རང་གི་ཉེ་དུ་ཐོག་མར་འཛིན་བཟུང་བྱས་པ་ནས་བཟུང་སྟེ་དྲག་འགུགས་དང་གློད་གྲོལ་ཐོབ་པའམ། ཡང་སྐྱར་རྩད་གཅོད་ཀྱི་སྐབས་སུ་གློད་གྲོལ་ཐོབ་པ། ཡང་ན། ཁྲིམས་བཤེར་གོང་འོག་བརྒྱུད་དེ་བཙོན་ཁང་གི་ཉེས་ཆད་ཁུར་ཚར་ནས་གློད་གྲོལ་ཐོབ་པ། གང་ལྟར་བརྒྱུད་རིམ་འདིའི་ཐོག་མཐའ་བར་གསུམ་དུ་ནང་མིར་ཤེས་རྟོགས་ཀྱི་ཐོབ་ཐང་དེ་ཡོད། བོད་ཀྱི་ས་ཁུལ་ནས། ཚོགས་གཙོས་བཤད་པ་ལྟར་བོད་ཁུལ་གྱི་ཁྲིམས་ལུགས་ཤེས་རྟོགས་ཞན་པ་ངས་ཀྱང་ཤེས་ཡོད། ས་ཁུལ་ལ་ལ་ཤིན་ཏུ་མཐའ་ཁོབ་ཡིན། ལྷག་པར་དུ་བོད་འབྲེལ་གྱི་ཆབ་སྲིད་ཕོག་ཐུག་ཆེ་བའི་གྱོད་གཞི་དཔེར་ན། རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་གྱོད་གཞི་དང་མི་རིགས་སྡང་ཟུག་གི་གྱོད་གཞིའི་ཁྲོད་དུ། ནང་མིའི་ཤེས་རྟོགས་ཀྱི་ཐོབ་ཐང་ནི་ཤིན་ཏུ་གལ་ཆེན་ཡིན་མོད། དེའི་རྒྱུ་མཚན་གྱིས་གཞུང་ཕྱོགས་ནས་ཀྱང་ཐོབ་ཐང་འདི་རིགས་འདིའི་སྐབས་སུ་བསམ་བཞིན་དུ་འཕྲི་འཐེན་བྱེད་ཀྱི་རེད། དེའི་རྒྱུ་མཚན་གྱིས་འཛིན་བཟུང་བྱས་པའི་གང་ཟག་དེའི་གཉེན་ཉེ་ཡིས་དུས་ལྟར་སྤྱི་བདེ་ལས་ཁུངས་ལ་རྩད་གཅོད་བྱེད་དགོས། སྤྱི་བདེ་ལས་ཁུངས་ལ་སོང་ནས་རང་གི་ནང་མིས་ཅི་ཞིག་བྱས་སོང་། གང་ན་བཀག་ཡོད་ལ་སོགས་པའི་གནས་ཚུལ་འདྲི་རྩད་བྱེད་དགོས། དེས་མི་ཚད་སྤྱི་བདེ་ལས་ཁུངས་སོགས་ནས་ཡིག་ཐོག་གི་བཀག་ཉར་བརྡ་ཡིག་སོགས་སྟོན་དགོས་པའི་རེ་འདུན་ཞུ་དགོས། ཁྲིམས་ལྟར་ན། བཀག་ཉར་བརྡ་ཡིག་དང་ཞར་བྱུང་གི་འཛིན་བཟུང་བརྡ་ཡིག་དེ་དག་སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་དོགས་ཡོད་པ་དང་གྱོད་ཡའི་ནང་མིར་བསྐུར་དགོས། དེ་ནི་སྤྱི་བདེ་ཡི་འོས་འགན་ཡིན་ལ་ནང་མིའི་ཐོབ་ཐང་ཞིག་ཀྱང་ཡིན། གལ་ཏེ། ནང་མིས་རང་གི་གཉེན་ཉེ་དུ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་དང་ཉེས་འཛུགས་དང་བཀག་བསྐྱིལ་བྱས་ཡོད་སའི་གནས་ཚུལ་སོགས་ཤེས་རྟོགས་བྱུང་རྗེས། ཐོག་མར་བཀག་ཉར་བྱས་ཡོད་པའི་ནང་མིའི་དག་སེལ་བ་བྱེད་པར་རེ་འདུན་ཞུ་དགོས། གཉེན་ཉེ་དུ་གང་ཞིག་ཐོག་དང་པོར་འཛིན་བཟུང་ལ་སོགས་པའི་དྲག་ཤུལ་ཐབས་ཚུལ་གྱི་འོག་ཏུ་ཚུད་པའི་སྐབས་སུ། དེའི་ནང་མིས་ཁོང་གི་དག་སེལ་བ་བྱེད་རྒྱུ་ཡིན་པའི་རེ་འདུན་བཏོན་ཆོག དེ་ནས་སྤྱི་བདེ་ལས་ཁུངས་སོགས་ལ་ཡི་གེ་བྲིས་ཤིང་དཔང་རྟགས་བསྟན་ནས་རང་གི་ཉེ་བོའི་གཟུགས་གཞི་སྐྱོ་བོ་ཡིན་པ་དང་། ཡང་ན། ཁོང་ལ་མ་ཉེས་ཁག་གཡོགས་ཐེབས་པ་ཡིན་པའི་འགྲེལ་བརྗོད་བྱེད་དགོས།

ལས་དོན་གཞན་ཞིག་ནི་ཁྲིམས་རྩོད་པ་གླ་རྒྱུ་དེ་ཡིན། ཁྲིམས་རྩོད་པ་ནི་ཁྲིམས་ལུགས་ཤེས་བྱ་ཁོང་དུ་ཆུད་པའི་ཆེད་མཁས་དག་སེལ་བ་ཡིན། ཤ་ཁྲག་གི་འབྲེལ་བ་ལ་བརྟེན་ནས་རང་གི་གཉེན་ཉེ་དུ་ལ་དག་སེལ་བྱེད་པ་དེ་ནི་སྤྱི་དམངས་དག་སེལ་བ་ཡིན་པ་དང་། དག་སེལ་གྱི་སྐབས་སུ་རང་གིས་རང་ཉིད་ལ་དག་སེལ་བྱས་ཆོག་ལ། ཆེད་ལས་ཁྲིམས་རྩོད་པར་མངགས་བཅོལ་བྱས་ཏེ་དག་སེལ་བྱས་ནའང་ཆོག རང་གི་ས་ཐོག་ནས་རང་གི་གཉེན་ཉེ་དུ་ཡིས་དག་སེལ་བྱས་ན་ཤིན་ཏུ་སྟབས་བདེ་ཞིང་། ཁྲིམས་རྩོད་པ་གླས་ན་བར་ཐག་རིང་བས་སྟབས་མི་བདེ་བ་ཡང་ཡོད། དེས་ན། ཉེས་དོན་གྱོད་གཞི་དང་ལྷག་པར་དུ་ཆབ་སྲིད་ཕོག་ཐུག་རང་བཞིན་ཅན་གྱི་གྱོད་གཞི་ལ་མཚོན་ན། ནང་མིར་ཐོབ་པའི་གནས་ཚུལ་དང་གསར་གནས་མཐའ་དག་ཕྱི་རོལ་ཏུ་བཀྲམ་ཐུབ་པར་འབད་པ་བྱ་དགོས། འདི་ཡང་ཤིན་ཏུ་གལ་ཆེན་པོ་ཡིན། ནང་མི་ལ་ལར་ཁྲིམས་འཛིན་ལས་ཁུངས་སོགས་ཀྱིས་འཇིགས་སྐུལ་བྱས་ནས་གནས་ཚུལ་ཕྱིར་བསྒྲགས་བྱ་མི་ཆོག་ཟེར། ཡིན་ནའང་། རང་གི་ཉེ་དུ་འཛིན་བཟུང་བྱས་པའི་སྐོར་དང་། དཔེར་ན། བཀག་ཉར་དང་གཏུམ་སྤྱོད་ཀྱིས་མནར་གཅོད་བྱས་པ་སོགས་ཀྱི་གནས་ཚུལ་ཕྱི་རོལ་ཏུ་བསྒྲགས་ཐུབ་ན། ཕྱོགས་གཞན་ཞིག་ནས་བཤད་ན། དེས་ཁྱེད་ཀྱི་ནང་མིར་སྲུང་སྐྱོབ་ཐུབ་སྲིད་པ་ཞིག་ཡིན། ནང་མིའི་རྟོགས་ཐོབ་ཐང་གི་ཡ་གྱལ་ནི་གོང་ནས་ངས་བཤད་པ་ལྟར་གྱོད་གཞི་ལ་ར་མདའ་བྱེད་པ་དང་། གྱོད་རྩ་གསལ་བསྒྲགས་བྱེད་པ། འཛིན་བཟུང་བཀག་ཉར་གྱི་གནས་ཚུལ་ཡོངས་བསྒྲགས་བྱེད་པ་མ་ཟད། དག་སེལ་ཁྲིམས་རྩོད་པ་གླ་རྒྱུ་དེ་ཡང་གལ་ཆེན་པོ་ཞིག་རེད།

དེ་ནས་ཆབ་སྲིད་ཕོག་ཐུག་ཆེ་བའི་གྱོད་གཞི་ཞིག་ཡིན་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་དོ་བདག་ལ་འཇིགས་སྐུལ་དང་བསླུ་བྲིད་གཏོང་བ་ལ་གཟབ་གཟབ་བྱེད་དགོས། ཁོང་ཚོས་འདི་ལྟར་ཁྱེད་ལ་མགོ་གཡོགས་མགོ་སྐོར་གཏོང་གི་རེད། སྤྱི་བདེ་ལས་ཁུངས་ཀྱིས་ཁྱེད་ལ། ཁྱེད་ཀྱི་ནང་མིར་གནད་དོན་མི་འདུག ཉིན་གཅིག་གཉིས་ཀྱི་ནང་དུ་ཁོ་རང་ལ་གློད་གྲོལ་ཐོབ་ཀྱི་རེད། ཁྱེད་ཀྱིས་གནས་ཚུལ་ཕྱི་རོལ་ལ་ཁྱབ་བསྒྲགས་མ་བྱེད། ཁྲིམས་རྩོད་པ་ཡང་མ་གླ་ཞེས་བཤད་ན། སྐད་ཆ་དེ་ལ་ཡིད་ཆེས་མ་བྱེད། ཁྱེད་ཀྱིས་ཁྱེད་ཀྱི་ནང་མིར་ཁྲིམས་རྩོད་པ་གླས་པའམ། ལྷག་པར་དུ་གཞུང་ལ་ཁ་གཏད་གཅོག་ཕོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞིག་གླས་པ་ཡིན་ན། ཉེན་རྟོག་པས་ཁྱེད་ལ་འཇིགས་སྐུལ་དང་བསླུ་བྲིད་ཀྱི་སྒོ་ནས་འདི་ལྟར་བཤད་ཀྱི་རེད། སྤྱིར་བཏང་གནད་དོན་མེད་ཀྱང་། ཁྱེད་ཀྱིས་ཁྲིམས་རྩོད་པ་འདི་དག་གླས་པའི་རྒྱུ་མཚན་གྱིས་ཁྱེད་ཀྱི་ནང་མིར་ཆད་པ་ལྕི་མོ་ཕོག་སྲིད་ཟེར་ནས་སྤྱི་བདེ་ལས་ཁུངས་ཀྱིས་ཁྱེད་ཀྱིས་ཁྲིམས་རྩོད་པ་གླས་ནས་དག་སེལ་བྱེད་པ་འདོར་དགོས་ཞེས་བསམ་ཚུལ་བཤད་ཀྱི་རེད། འདིའི་སྐབས་སུ་གྱོད་ཡའི་ནང་མི་ཞིག་ཡིན་པའི་ཆ་ནས་ཁྱེད་ལ་རང་ཚུགས་ངེས་པར་དུ་ཡོད་དགོས། ཐོག་མར་ཁྱེད་ལ་ཁྲིམས་རྩོད་པ་གླ་བའི་གཞི་རྩའི་ཐོབ་ཐང་ཡོད་པ་ཁོང་ཚོར་བཤད་དགོས་པ་དང་། དེ་ནས་ཁྲིམས་རྩོད་པ་འདོར་དགོས་ན་ཁྱེད་ཀྱི་ནང་མི་ཐོག་མར་ཉེས་མེད་ཀྱི་མིང་ཐོག་ནས་གློད་དགོས། མིན་ན་གཏའ་གྲོལ་དུ་བསྒྱུར་དགོས་ཞེས་གཏམ་ན་ཆོག ཁྱེད་ཀྱིས་འདི་ལྟར་ཁོང་ཚོར་སྐད་ཆ་བཤད་དགོས་པ་ལས་ཁོང་ཚོའི་གཡོ་འོག་ཏུ་མི་ཚུད་པ་ཞིག་བྱ་དགོས།

ཟུར་ཞུགས་ཐོབ་ཐང་གི་ཆ་ཤས་ཏེ་ཁྲིམས་རའི་ཁྲིམས་བཤེར་ཟུར་ཉན་གྱི་ཐོབ་ཐང་དེ་ཡང་གལ་ཆེ། ཟུར་ཉན་ལ་ཞུགས་པ་དེ་གལ་ཆེ་བས་དོ་སྣང་བྱེད་དགོས། ཁྱེད་ཀྱི་ནང་མི་འཇུ་བཟུང་བྱས་རྗེས་སྤྱི་བདེ་ལས་ཁུངས་ཁྱེད་སར་ཡོང་ནས་སྐད་ཆ་དྲིས་པ་ཟིན་བྲིས་དང་ཚིག་ཐོར་བཏབས་ན། ཁྱེད་རང་ཚིག་ཐོ་ལེན་པའི་ནང་དུ་མ་ཞུགས། ཚིག་ཐོ་དེའི་སྟེང་དུ་མིང་རྟགས་ཀྱང་མ་འགོད། ཁྲིམས་ལྟར་ན། གནས་ཚུལ་ཤེས་རྟོགས་བྱུང་བའི་གང་ཟག་གིས་ངེས་པར་དུ་བདེན་པ་ར་སྤྲོད་བྱེད་པའི་འོས་འགན་ཡོད་ཅེས་འཁོད་ཡོད་ཀྱང་། གཉེན་ཉེ་དུའི་བར་ན་ཕན་ཚུན་ལ་མི་ཕན་པའི་ཉེས་འཛུགས་བྱེད་པའི་བདེན་དཔང་ར་སྤྲོད་མི་བྱེད་པར་དམིགས་བསལ་ཡོད། གལ་ཏེ་སྤྱི་བདེ་ལས་ཁུངས་ཀྱིས་བརྩད་གཅོད་བརྒྱུད་རིམ་གྱི་སྐབས་སུ་ཁྱེད་ཀྱི་ཚིག་ཐོ་བླངས་པ་ཡིན་ན། ཁྱེད་ཉིད་དཔང་མིར་གྱུར་ཟིན་པས། ཁྲིམས་ཁང་གི་ཁྲིམས་བཤེར་གྱི་སྐབས་སུ་ཟུར་ཞུགས་བྱས་ཏེ་ཟུར་ཉན་གྱི་ཐོབ་ཐང་ཤོར་ཚར། དེའི་རྒྱུ་མཚན་ནི། ཁྲིམས་ལུགས་ཀྱི་གཏན་འཁེལ་ལྟར་ན། དཔང་མི་ཞིག་ཡིན་ཕྱིན་ཁྲིམས་ར་ནས་ཟུར་ཉན་གྱི་ཐོབ་ཐང་མེད་ཅེས་གཏན་འབེབས་བྱས་ཡོད། དེའི་ཕྱིར། གཉེན་ཉེ་དུ་དང་ལྷག་པར་དུ་བཟའ་ཟླ་དང་ཕ་མའམ་བུ་ཕྲུག་སྤུན་མཆེད་བཅས་ཀྱི་འབྲེལ་བ་ཡོད་ན། ངས་བལྟས་ན། ཚིག་ཐོའི་སྟེང་དུ་མིང་རྟགས་མ་བཀོད་ན་བཟང་། དེ་ལྟར་མ་བྱས་ན་ཕྱིས་སུ་ཁྲིམས་ར་ནས་ཟུར་ཉན་གྱི་ཐོབ་ཐང་ཡང་ཤོར་འགྲོ་ཡི་རེད།

ངས་གོང་ནས་ཞུས་པའི་གནས་ཚུལ་དེ་དག་གི་ནང་ལོགས་ནའང་ཕོག་ཐུག་ཅན་གྱི་གྱོད་གཞི་མང་པོ་ཞིག་ཡོད། ངས་བོད་ཀྱི་ས་ཁུལ་ནས་ཀྱང་གྱོད་གཞི་རེ་གཉིས་བསྒྲུབས་མྱོང་། དཔེར་ན། བཀྲ་ཤིས་དབང་ཕྱུག་གི་གྱོད་གཞི་ལྟ་བུ། ཁོང་ལ་ཉེས་འཛུགས་བྱས་པའི་ཉེས་མིང་ནི། རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པའི་ནག་ཉེས་ཞེས་པ་དེ་ཡིན། ཁོང་གི་ནང་མི་ཁ་ཤས་སྲིད་གཞུང་གི་ལས་བྱེད་པ་ཡིན་པས། ཁོང་ཚོས་གནས་ཚུལ་གྱི་རྒྱུས་ལོན་ཡོད། ང་ཚོས་ཁོང་ཚོར་གནས་ལུགས་འགྲེལ་བརྗོད་མ་བྱས་ཀྱང་གྱོད་གཞི་ཡི་བརྒྱུད་རིམ་ཁྲོད་ནས་ཁོང་ཚོ་ཉེན་རྟོག་པ་དང་འབྲེལ་ལམ་བཟང་པོ་ཆགས་ཡོད། གནད་དེ་ལ་དོ་སྣང་བྱེད་དགོས།

དེ་ནས་ནང་མི་ཟུར་ཞུགས་ཀྱི་ཐོབ་ཐང་སྐོར་རེད། ཟུར་ཞུགས་ཞེས་པ་ནི་གྱོད་གཞི་ནང་དུ་ཐད་ཀར་མཉམ་ཞུགས་བྱེད་པ་ཞིག་ལ་གོ་དགོས། ཐོག་མར་དག་སེལ་བ་བྱེད་པ་དེ་ཡིན། ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་ན། གཉེན་ཉེ་དང་གྲོགས་པོ་སོགས་དག་སེལ་བ་བྱས་ནས་གྱོད་གཞིའི་ནང་དུ་ཟུར་ཞུགས་བྱས་ཆོག དག་སེལ་བ་བྱེད་དགོས་ན་ཁྲིམས་འཛིན་ལས་ཁུངས་ཀྱི་མོས་མཐུན་དགོས་ཤིང་། གལ་ཏེ། ཁྱེད་ཉིད་གྲོགས་པོ་དང་གཉེན་ཉེའི་ངོས་ནས་དག་སེལ་བ་བྱས་ཚེ། ཁྱེད་ཀྱིས་ཁྱེད་ཀྱི་དག་སེལ་བྱ་ཡུལ་གྱི་ནང་མི་དེ་ངོ་ཐུག་ཐུབ། ངོ་ཐུག་པ་ལ་ཡང་ཁྲིམས་འཛིན་ལས་ཁུངས་ཀྱི་མོས་མཐུན་དགོས། དེ་ནས་གྱོད་གཞི་ཞིབ་དཔྱོད་ལས་ཁུངས་དང་ཁྲིམས་ཁང་ལ་སླེབས་དུས། ཁྱེད་ཀྱིས་གྱོད་གཞིའི་ཡིག་ཚགས་དཔར་ལ་བཏབས་ན་ཆོག ཁྲིམས་ལུགས་ལྟར་ན། འདི་ནི་བྱས་ཆོག་པ་ཞིག་ཡིན། འོན་ཀྱང་། གྱོད་གཞི་སྟངས་འཛིན་བྱེད་པའི་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་དགོས། དག་སེལ་བའི་མིང་ཐོག་ནས་གྱོད་གཞིའི་ནང་དུ་ཟུར་ཞུགས་བྱེད་ཐུབ་ན་གྱོད་ཡ་སོགས་དང་ངོ་ཐུག་ཐུབ། ཁྲིམས་འཛིན་ལས་ཁུངས་ཀྱིས་ཀྱང་ངོ་ཐུག་པ་དེ་ཁག་ཐེག་བྱེད་ཀྱི་རེད། ཡིན་ནའང་། ཕོག་ཐུག་ཆེ་བའི་གྱོད་གཞི་ཡི་ནང་དུ་ཁོང་ཚོས་ཆོག་མཆན་མི་སྤྲོད་པའང་རྒྱུན་དུ་མཐོང་རྒྱུ་ཡོད། ཆོག་མཆན་སྤྲད་ཀྱང་རུང་མ་སྤྲད་ཀྱང་རུང་སྤྱི་དམངས་ཀྱི་ངོས་ནས་དག་སེལ་བྱེད་པའི་རྣམ་འགྱུར་ཞིག་སྟོན་ནུས་ན་བཟང་། འཕྲོས་འཛར་གྱི་ལས་དོན་ཁྲོད་དུ་ཁྲིམས་རྩོད་པ་གཉིས་ཀྱིས་དག་སེལ་བྱེད་ཐུབ་ན་ལེགས།

ནང་མིས་དག་སེལ་བྱེད་པ་ནི་ཐོབ་ཐང་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་པས། ཁྱེད་ཀྱིས་དག་སེལ་གྱི་རེ་བ་བཏོན་ནས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཆོག་མཆན་མ་སྤྲད་ན་དེ་ནི་བརྒྱུད་རིམ་ལ་རྒྱབ་འགལ་ཚབས་ཆེན་བྱས་པའི་གནད་དོན་ཞིག་ཡིན་པས། ཁྱེད་ཀྱིས་ཁོང་ཚོ་སུན་འབྱིན་བྱས་ཆོག དག་སེལ་བའི་ངོས་ནས་ནང་མིར་ངོ་ཐུག་ནས་སྐད་ཆ་བཤད་ཐུབ། ནང་མིའི་དག་སེལ་བ་ཡིན་ན་འདྲ། མིན་ནའང་འདྲ། ནང་མིར་གྱོད་གཞི་དང་ལེན་བྱེད་པའི་སྤྱི་བདེ་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་དང་བཙོན་ཁང་བཅས་ལ་རང་གི་བསམ་ཚུལ་བཤད་ཆོག ཁྲིམས་དང་འགལ་བའི་བརྒྱུད་རིམ་དེ་ཞུ་གཏུག་བྱས་ནའང་ཆོག འདིའི་རིགས་ཀྱི་ཞུ་གཏུག་ཚང་མ་ཡིག་ཐོག་ནས་བཤད་ན་ཆོག ནང་མིས་དག་སེལ་བ་བྱས་ཆོག་པ་མ་ཟད། ཁོང་ལ་ཐོབ་ཐང་གལ་ཆེན་གཞན་ཞིག་ཡོད་པ་དེ་ལ་ཡང་བཤེར་ཞུ་གཏུག་གི་ཐོབ་ཐང་ཟེར། དོ་བདག་གིས་ཡང་བཤེར་གྱི་ཞུ་གཏུག་བྱས་ཆོག་པ་མ་ཟད། དོ་བདག་གི་གཉེན་ཉེ་དང་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་གཏད་གཉེར་སོགས་ཀྱིས་རང་རྐྱ་ཐུབ་པའི་སྒོ་ནས་ཁྲིམས་ཀྱི་ནུས་པ་ཐོན་ཟིན་པའི་བཅད་ཁྲ་སོགས་ལ་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་དུ་སོང་ནས་ནང་མིས་ཐོབ་ཐང་འདི་རིགས་ངེས་པར་དུ་ཁོང་དུ་ཆུད་པ་བྱས་ནས་བེད་སྤྱོད་བྱེད་དགོས། འདི་ནི་བརྒྱུད་རིམ་གྱི་སྟེང་ནས་བཤད་ན་མཇུག་རྫོགས་ཟིན་པ་ཞིག་ཡིན་མོད། འོན་ཀྱང་། དེ་ནི་ཁྲིམས་ལུགས་ཀྱིས་གཏན་ལ་ཕབ་པའི་བརྒྱུད་རིམ་ཞིག་རེད། ཡང་བཤེར་སོགས་ཀྱི་ཞུ་གཏུག་བྱས་ཆོག འདི་ནི་དོ་བདག་ལ་ལ་བཙོན་ཁང་དུ་སོང་བའི་རྗེས་སུ་ཡང་བཤེར་ཞུ་གཏུག་བྱེད་པར་སྟབས་མི་བདེ་བའི་གནས་ཚུལ་ལ་དམིགས་ནས་གཏན་འཁེལ་བྱས་པ་རེད།

ཚོགས་གཙོ་ནས་བཏོན་པའི་ནང་མིའི་ཐོབ་ཐང་སྐོར་གྱི་བརྗོད་གཞི་འདི་ནི་ཤིན་ཏུ་དགོས་མཁོ་ཆེ་བའི་བརྗོད་གཞི་ཞིག་ཡིན། ངས་ཀྱང་འདིའི་སྐོར་གྱི་ཁྲིམས་ལུགས་ཀྱི་བཅས་པ་དང་རང་གི་ཉམས་མྱོང་ཕྱོགས་བསྡོམས་ཞིག་བྱེད་འདོད་བྱུང་། ཉེས་དོན་གྱོད་གཞིའི་ཁྲོད་དུ་ནང་མི་ཇི་ལྟར་གྱོད་གཞིའི་ནང་དུ་ཟུར་ཞུགས་བྱས་ན་ཕན་ཐོགས་ཡོང་བ་དེ་ང་ཚོ་ཁྲིམས་རྩོད་པ་ཚོར་མཚོན་ནའང་ལས་ཀ་སྒྲུབ་དུས་ཉམས་མྱོང་ཕྱོགས་བསྡོམས་བྱེད་པར་བཏོན་པའི་བསམ་ཚུལ་ཤིན་ཏུ་བཟང་པོ་ཞིག་ཡིན། ངས་ཁྲིམས་ལུགས་ཀྱི་གཏན་འབེབས་དང་རང་གི་ཉམས་མྱོང་ལྟར་ནང་མིའི་རྟོགས་དང་ཟུར་ཞུགས་ཀྱི་ཐོབ་ཐང་ཐད་ལ་གོང་གི་བསམ་ཚུལ་འདི་དག་བཤད་པ་ཡིན། བཤད་འདོད་པའི་སྐད་ཆ་ཕལ་ཆེར་འདི་ཚོ་ཡིན། གཤམ་ལ་ཚང་མར་བསམ་ཚུལ་ཡོད་པའམ། ཡང་ན། རང་གི་ནང་མི་དང་གཉེན་ཉེ་སོགས་ལ་འདིའི་སྐོར་གྱི་དཀའ་ངལ་འཕྲད་ཀྱིན་ཡོད་ན་སྐད་ཆ་དྲིས་ཆོག དེ་ནས་ང་ཚོས་གནད་དོན་འདིར་ཡང་བསྐྱར་བགྲོ་གླེང་བྱས་ཆོག དེ་ནས་ཚོགས་པ་འདི་མུ་མཐུད་ནས་རྒྱན་སྐྱོང་ཐུབ་ན་བཟང་། ནམ་རྒྱུན་འདིའི་ཐད་ལ་དྲི་བ་ཡོད་ན་འདི་ནས་དྲིས་ཆོག ཡིན་ནའང་། སྐད་འཕྲིན་ནི་སྦ་གསང་མེད་པ་ཞིག་ཡིན་པས་ཚང་མས་གནད་དོན་འདི་ཤེས་དགོས།

 

དྲི་བ་དྲིས་ལན་གྱི་སྐོར།

དྲི་བ། ཉེས་དོན་གཏུག་བཤེར་བརྒྱུད་རིམ་གྱི་སྐབས་སུ་དག་སེལ་བ་དཔང་མི་བྱས་ན་ཆོག་གམ།

ལན། མི་ཆོག དག་སེལ་བ་ནི་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་ཉེས་འཛུགས་དང་དག་སེལ་དང་ཁྲིམས་བཤེར་བཅས་ཀྱི་སྒྲིག་གཞིའི་ཁོངས་ཀྱི་་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དག་སེལ་བ་ཁོང་གྱོད་ཡ་ངོ་འཕྲད་པའི་སྐབས་སུ་གྱོད་ཡ་དང་འབྲེལ་ཐོགས་ཀྱི་མི་སྣ་མང་པོའི་གནས་ཚུལ་རྒྱུས་ལོན་བྱེད་ཐུབ་པ་དང་། དེའི་ནང་དུ་གྱོད་གཞི་དེའི་གནས་ཚུལ་དང་གྱོད་ཡ་གཞན་གྱི་གནས་ཚུལ་ཡང་འདུས་ཡོད། དག་སེལ་བ་ཡིན་ན་གྱོད་ཡའི་ཆེད་དུ་གྱོད་ཡ་ཉེས་མེད་དང་ཉེས་ཡང་ཡིན་པའི་དག་འབུད་བྱེད་པ་ནི་རྩ་དོན་ཡིན། དེའི་རྒྱུ་མཚན་གྱིས་གཞུང་གཏུག་པས་ཉེས་འཛུགས་གཅིག་བྱས་ན་དག་སེལ་བས་ཉེས་པ་གཉིས་མཆིས་ཞེས་ལབ་མི་རུང་བ་དང་། གཞུང་གཏུག་པས་གྱོད་ཡར་ལོ་གསུམ་གྱི་བཙོན་འཇུག་དགོས་ཞེས་རེ་འདུན་བཤད་ན་དག་སེལ་བས་ལོ་བཅུ་དགོས་ཞེས་བཤད་མི་རུང་བ་ལྟ་བུ་ཡིན། དག་སེལ་བས་དེ་ལྟར་བྱས་ན་མི་འགྲིག དེ་ནི་ཁྲིམས་རྩོད་པ་ཞིག་གི་ལས་དོན་ཀུན་སྤྱོད་ཀྱི་ཆ་རྐྱེན་ཞིག་ཡིན་པ་མ་ཟད། ཉེས་འཛུགས་དང་དག་སེལ་དང་ཁྲིམས་བཤེར་བཅས་ཀྱི་སྒྲོམ་གཞིའི་ཆ་རྐྱེན་ཡང་ཡིན། གལ་ཏེ། དག་སེལ་བས་ཀྱང་གྱོད་ཡར་ཉེས་འཛུགས་བྱས་ན་སྒྲོམ་གཞི་དེ་ནི་ཉེས་འཛུགས་དང་ཁྲིམས་བཤེར་གྱི་སྒྲོམ་གཞི་ཞིག་ཡིན་པས། སྒྲོམ་གཞིའི་ངོས་ཐད་ནས་བཤད་ན་དག་སེལ་བས་དེ་ལྟར་བྱར་མི་རུང་། དེ་མིན། ཁྲིམས་རྩོད་པའི་ལས་དོན་ཀུན་སྤྱོད་དང་འབྲེལ་ཡོད་ཀྱི་བཅས་ཁྲིམས། ཕྱིའི་རྒྱལ་ཁབ་ཀྱི་ལས་རུང་གི་ཉམས་མྱོང་ཅན་གྱི་གཏན་འཁེལ་ལྟར་ན། དག་སེལ་བས་གྱོད་ཡའི་ཉེས་དོན་གྱི་བདེན་དཔང་དང་དོན་དངོས་སོགས་ལ་ཤེས་རྟོགས་བྱུང་ཡོད་ཀྱང་ཁྲིམས་ར་ནས་བདེན་དཔང་བྱེད་མི་དགོས་པའི་གུ་བཤང་གི་ཐོབ་ཐང་ཡོད། ཀྲུང་གོ་རྒྱལ་ཁབ་ལ་དམིགས་བསལ་གྱི་འབྲེལ་ཡོད་གཏན་འབེབས་ཤིག་ཡོད། དེ་ནི་དག་སེལ་ཁྲིམས་རྩོད་པས་དོ་བདག་ལ་མི་ཕན་པའི་གནས་ཚུལ་སོགས་ཤེས་རྟོགས་བྱུང་ཡོད་ཀྱང་གཞུང་ལ་བཤད་དགོས་པའི་འགན་ཁུར་མེད་ཟེར། འོན་ཀྱང་། རྒྱལ་ཁབ་བདེ་འཇགས་ཀྱི་གྱོད་གཞི་དང་སྤྱི་ཚོགས་ལ་གནོད་པ་ཚབས་ཆེན་བཟོ་སྲིད་པའི་གྱོད་གཞི་ཡིན་ན་བཤད་དགོས་པའི་དམིགས་བསལ་ཡོད་ཅེས་གཏན་འབེབས་བྱས་ཡོད། གཏན་འབེབས་འདི་ལྟར་བྱས་ཡོད་ཀྱང་། ངས་བལྟས་ན། དག་སེལ་ཁྲིམས་རྩོད་པས་བཤད་ན་མི་རུང་། ཁྲིམས་རྩོད་པས་རང་གི་དག་སེལ་བྱེད་མཁན་སུན་འབྱིན་བྱེད་མི་རུང་། འདི་ལྟར་བྱས་ན་ད་གཟོད་ཁྲིམས་ཀྱི་གཏན་འཁེལ་དང་མཐུན་པར་སྙམ།

 

དྲི་བ། གཏའ་གྲོལ་ཞུ་ན་དེའི་བརྒྱུད་རིམ་ཅི་ཞིག་ཡིན།

ལན། གཏའ་གྲོལ་ཞུ་བའི་བརྒྱུད་རིམ་ནང་དུ་ནང་མིས་གཏའ་གྲོལ་ཞུ་བ་ནི་ནང་མིའི་ཐོབ་ཐང་ཞིག་ཡིན། རང་གི་ནང་མི་ཞིག་འཛིན་བཟུང་བྱས་ནས་ཁྲིམས་ནུས་ཐོན་པའི་བཅད་ཁྲ་སོན་རག་བར་དུ་སྤྱི་བདེ་དང་ཞིབ་དཔྱོད་དང་ཁྲིམས་ཁང་། ཁྲིམས་བཤེར་དང་པོ་དང་གཉིས་པ་གང་རུང་གི་སྐབས་སུའང་ནང་མིས་གཏའ་གྲོལ་གྱི་རེ་འདུན་ཞུས་ཆོག འདི་ནི་རྩ་དོན་ཡིན་མོད། འོན་ཀྱང་། གཏའ་གྲོལ་ཞུ་ན་ཆ་རྐྱེན་ཚང་དགོས། གཏའ་གྲོལ་ཞུ་བའི་རྒྱུ་མཚན་ནི་ནང་མི་གློད་གྲོལ་གྱི་ཆེད་ཆོག་མཆན་ཐོབ་པ་ཞིག་ཡིན་དགོས་པས། དེ་ལ་གནས་ལུགས་དང་རྒྱུ་མཚན་ལྡན་དགོས། ནམ་རྒྱུན་ཡིན་ན་གྱོད་གཞི་དེ་སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ན་ཡོད་དུས་གཏའ་གྲོལ་ཞུ་དགོས། ཐད་ཀར་ལས་སྒྲུབ་ལས་ཁུངས་ལ་གཏའ་གྲོལ་ཞུ་ན། ཡིག་ཐོག་ནས་གཏའ་གྲོལ་གྱི་རེ་ཞུ་ཡི་གེ་ཞིག་བྲིས་ནས། རེ་བ་ཞུ་མཁན་དང་ཞུ་ས། རེ་ཞུའི་དོན་དག་ལ་སོགས་པ་ཚང་དགོས། གཏའ་གྲོལ་གྱི་རྐྱེན་གཅིག་ནི་གྱོད་ཡ་ལ་ཉེས་ཆད་ཡང་མོ་གཅོད་སྲིད་པ་དང་། ཡང་ན། གྱོད་ཡ་ལ་ལུས་སེམས་ཀྱི་ནད་ཚབས་ཆེན་ཕོག་ཡོད་པ། འགོས་ནད་ལྟ་བུ་སོགས། དེ་མིན་གཏུམ་སྤྱོད་ཀྱི་འདུན་མ་མེད་པ་སོགས་ནི་གཏའ་གྲོལ་ཞུ་བའི་རྒྱུ་མཚན་དུ་བཞག་ན་ཆོག ཕྱི་རྒྱལ་ལ་མཚོན་ན། གྱོད་ཡ་བཀག་ཉར་བྱེད་པ་ནི་དམིགས་བསལ་དང་གཏའ་གྲོལ་ནི་སྤྱིར་བཏང་ཡིན། རང་རེའི་རྒྱལ་ཁབ་ནི་དེ་ལས་ལྡོག་སྟེ་བཀག་བསྐྱིལ་ནི་ཐུན་མོང་དང་གཏའ་གྲོལ་ནི་ཐུན་མིན་ནམ་དམིགས་བསལ་དུ་བཞག་ཡོད། འོན་ཀྱང་། ནང་མི་དང་དག་སེལ་ཁྲིམས་རྩོད་པས་གཏའ་གྲོལ་ཞུ་དུས། གཏའ་གྲོལ་ཞུ་དགོས་པའི་རྒྱུ་མཚན་ཕྱོགས་བསྡོམས་བྱས་ཏེ། བདེན་དཔང་ཡོད་པའི་སྒོ་ནས་ཞུ་དགོས། ཐད་ཀར་ཞུས་ན་ཆོག་པ་མ་ཟད། ཆོག་མཆན་མ་ཐོབ་ནའང་དུས་ཚོད་ངེས་ཅན་འགོར་བའི་རྗེས་སུ་ཡང་བསྐྱར་ཞུས་ན་ཆོག སྤྱི་བདེ་ལས་ཁུངས་ལ་ཞུས་ན་འགྲིག ལས་ཁུངས་གཞན་དག་ནས་ཞུས་ནའང་འགྲིག བཅད་ཁྲ་ལ་ཁྲིམས་ཀྱི་ནུས་པ་སོན་པའི་རྗེས་སུ་ད་གཟོད་ཞུས་ན་དེ་ལ་སྨན་གྲོལ་ཟེར་གྱི། གཏའ་གྲོལ་དང་མི་འདྲ། ཁྲིམས་ཀྱི་ནུས་པ་ཐོན་པའི་བཅད་ཁྲ་མ་བྱུང་བར་དུ་གཏའ་གྲོལ་ཞུ་ཆོག་པ་ནི་རྩ་དོན་ཡིན་པ་དང་། གནད་འགག་ནི་བརྒྱུད་རིམ་སྔ་མ་ཡི་སྐབས་སུ་གཏའ་གྲོལ་ཞུ་བ་གཙོ་བོ་ཡིན། དཔེར་ན་སྤྱི་བདེའི་བརྒྱུད་རིམ་གྱི་སྐབས་སུ་ཞུ་ཐུབ་ན་བཟང་། གོང་དུ་ངས་བཤད་ཡོད་པ་ལྟར། ཚོགས་གཙོ་ནས་བཏོན་པའི་ཉེས་དོན་གཏུག་བཤེར་ཁྲོད་ཀྱི་ནང་མིའི་ཐོབ་ཐང་དང་འོས་འགན་གྱི་གླེང་གཞི་འདི་ང་ཚོ་ཁྲིམས་རྩོད་པ་ལ་མཚོན་ནའང་བློ་སྒོ་འབྱེད་པར་ཤིན་ཏུ་ཕན། རྗེས་ཕྱོགས་ནས་ང་ཚོས་འདིའི་ཐད་ལ་ཕྱོགས་བསྡོམས་ཤིག་བྱས་ཏེ། ཁྲིམས་ལུགས་ཀྱི་གཏན་འབེབས་དང་དངོས་ཡོད་གནས་བབས། ལག་ལེན་ཉམས་མྱོང་བརྒྱུད་ནས་ནང་མིས་ཇི་ལྟར་བྱ་དགོས་པའི་ཐད་ལ་དོ་སྣང་བྱུང་དགོས། འདི་ནས་ཤེས་དགོས་པ་ཞིག་ནི། ༢༠༡༥་ལོའི་ཟླ་༧་པའི་ཚེས་༩་ཉིན་གྱི་ཞོགས་པ་སྔ་མོར། རྒྱལ་ཡོངས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་སྤྱི་དམངས་གློ་བུར་དུ་འཛིན་བཟུང་བྱས་པའི་དོན་རྐྱེན་ཞིག་བྱུང་། འདི་ནི་གླིང་ལ་གྲགས་པའི་ ༧༠༩ ་དོན་རྐྱེན་ཟེར། དོན་རྐྱེན་དེའི་ནང་ནས་འཛིན་བཟུང་བྱས་ཡོད་པའི་ཁྲིམས་རྩོད་པ་དང་སྤྱི་དམངས་ཀྱི་ནང་མི་འཇིགས་སྐྲག་དང་ཁུ་སུམ་པའི་བརྟུལ་ཞུགས་དོར་ནས། ཁྲིམས་ལྟར་ཐོབ་ཐང་བརྩོན་ལེན་གྱི་ལས་ལ་ཞུགས། ཁོང་ཚོས་ཁྲིམས་ཀྱི་བཅས་པ་ལྟར་ཉེས་དོན་གྱོད་གཞིའི་ནང་མི་ཞིག་ཡིན་ན་ཇི་ལྟར་བྱ་དགོས་པའི་མིག་དཔེ་དང་ཐབས་ལམ་ཞིག་བསྐྲུན་ཡོད། ཚང་མས་འདིའི་ཐད་ཀྱི་གནས་ཚུལ་དང་རྒྱུ་ཆ་སོགས་འཚོལ་སྡུད་བྱས་ན་ཆོག ལྷན་རྒྱས་རྣམ་པས་ཁེངས་སྐྱུངས་གནང་དགོས་པ་མ་རེད། ང་ཚོས་འདི་ནས་བགྲོ་གླེང་བྱེད་ཀྱི་ཡོད།

ངས་ཡང་བསྐྱར་ཞུ་འདོད་པ་ནི་ཚོགས་གཙོ་ནས་བཏོན་པའི་གླེང་གཞི་འདི་ང་ཚོ་ཁྲིམས་རྩོད་པ་རྣམས་ལ་མཚོན་ནའང་བློ་སྒོ་འབྱེད་པའི་ནུས་པ་ཐོན། དེ་ནི་ཉེས་དོན་གཏུག་བཤེར་གྱི་སྐབས་སུ་ནང་མིའི་ནུས་པ་ཇི་ལྟར་འབུར་དུ་བཏོན་ནས་ནུས་ཤུགས་ཐོབ་དགོས་པ་དེ་ཡིན། གླེང་གཞི་འདི་ལྟ་བུ་རྗེས་ཕྱོགས་སུ་གོ་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡུས་བྱེད་དགོས། ལྷག་པར་དུ་བོད་ཀྱི་ས་ཁུལ་ལ་མཚོན་ན། ནང་མིའི་ཤེས་རྟོགས་ཀྱི་ཐོབ་ཐང་དང་ནང་སྒོས་སུ་ཟུར་ཞུགས་ཀྱི་ཐོབ་ཐང་བརྩོན་ལེན་བྱས་ཏེ་མངོན་གྱུར་བྱ་ནུས་ན། དེ་ནི་རང་གི་གཉེན་ཉེ་དང་ནང་མི་རང་ལའང་ཕན་པ་ཡོད་ཅིང་། ཁྲིམས་ལུགས་ཀྱི་ལག་བསྟར་ལ་ཡང་ཕན་པ་ཞིག་རེད། ཁྲིམས་ལུགས་ཀྱི་གཏན་འཁེལ་མང་ཆེ་བ་ནི་དྲང་བདེན་ཡིན། འོན་ཀྱང་། ཁྲིམས་ལུགས་ནི་གང་ཟག་ལ་བརྟེན་ནས་ལག་བསྟར་བྱེད་ཀྱིན་ཡོད། ཁྲིམས་ལུགས་ལག་བསྟར་གྱི་དབང་ཐང་བཟུང་ཡོད་པའི་གང་ཟག་རྣམས་ཀྱིས་ཁྲིམས་ལ་ཡིད་ཆེས་གང་འདྲ་ཞིག་ཡོད་པ་ང་ཚོས་ཁོང་ཚོའི་སྤྱོད་ལམ་ལ་བརྟེན་ནས་ཁྲིམས་ལུགས་དྲང་བདེན་ཡིན་མིན་མྱོང་ཚོར་བྱེད་ཐུབ། རང་རེའི་རྒྱལ་ཁབ་ཀྱི་དམིགས་བསལ་གནས་ཚུལ་དང་བདེ་འཇགས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན་པའི་་དུས་ཚོད་དང་གནས་བབས་འདི་ལྟ་བུ་ཞིག་གི་འོག་ཏུ། གྱོད་གཞི་ལ་ལ་དང་། ལྷག་པར་དུ་གྱོད་གཞི་ཕོག་ཐུག་ཅན་དེ་དག་གི་ཁྲོད་དུ། ཁྲིམས་ལུགས་ཀྱི་ཐོབ་ཐང་མངོན་འགྱུར་ཡོང་དགོས་ན་དོ་བདག་དང་དོ་བདག་གི་ནང་མི། དོ་བདག་གི་དག་སེལ་བ་བཅས་ཀྱི་རྒྱུན་ཆད་མེད་པའི་བརྩོན་ལེན་ལ་རག་ལས་ཡོད། འདི་ནི་ངའི་རེ་བ་ཡིན་པ་ཚང་མས་ཤེས་པར་མཛོད།

 

དྲི་བ། ཕོག་ཐུག་ཆེ་བའི་དུས་སྐབས་ནག་ཉེས་བསགས་པ་དང་ནམ་རྒྱུན་ནག་ཉེས་བསགས་པ་ལ་ཁྱད་པར་ཡོད་དམ།

ལན། གནས་ལུགས་ལྟར་བཤད་ན། ནག་ཉེས་ཡིན་མིན་གྱི་ཚད་ཐིག་དེ་ནི་ནམ་ཡིན་ཡང་གཅིག་པ་ཡིན་དགོས། ཡིན་ནའང་། རང་རེའི་རྒྱལ་ཁབ་ལ་དམིགས་བསལ་མང་། བདེ་འཇགས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན་པ་ནི་ཚངས་ཐིག་ཡིན། དཔེར་ན། ལོ་རེའི་ཚོགས་ཆེན་གཉིས་དང་ཏང་གི་སྐབས་ཆེ་གེ་མོའི་ཚོགས་འདུ། ས་ཆ་ལ་ལ་ནས་ཚོགས་བཞིན་པའི་རྒྱལ་སྤྱི་ཚོགས་འདུ་ལ་སོགས་པའི་སྐབས་སུ། འདིའི་སྐབས་སུ་གོང་རིམ་ནས་གཞི་རིམ་བར་དུ་ནག་ཉེས་དང་ནག་ཉེས་མ་ཡིན་པའི་བྱ་སྤྱོད་ལའང་ནག་ཉེས་ལྟར་བརྩིས་ནས་བདའ་འདེད་བྱེད་ཀྱི་ཡོད།  དེ་ནི་རྒྱུན་ལྡན་དང་མ་འདྲ་བ་ཞིག་རེད། དཔེར་ན། ཁྱེད་རང་ཕོག་ཐུག་ལྡན་པའི་དུས་སྐབས་སུ་གོང་རིམ་ལ་སྙན་ཞུ་འབུལ་དུ་སོང་ན། ཡང་ན། ཚོགས་འདུ་གལ་ཆེན་འཚོགས་ས་དང་ཚོགས་འདུར་བཅར་བའམ། ཕོག་ཐུག་ཆེ་བའི་ས་གནས་ཤིག་ལ་བགྲོད་པ་ཡིན་ན། ཁྱེད་ཉིད་ལམ་བར་ནས་འཛིན་བཟུང་བྱེད་སྲིད། ས་ཆ་ལ་ལ་ནས་བྱ་སྤྱོད་འདི་རིགས་ལ་ཉེས་ཆད་གཅོད་ཀྱིན་ཡོད། དེང་སྐབས་ས་གནས་སོ་སོས་རྒྱུན་ཏུ་གོང་རིམ་ལ་སྙན་ཞུ་འབུལ་མཁན་དང་ལན་མང་པོར་སྙན་ཞུ་འབུལ་མཁན་དག་ལ་ཉེས་དོན་ལྟར་ཐག་གཅོད་བྱེད་ཀྱི་ཡོད།

ལགས་སོ། ། རྣམ་པ་ལྷན་རྒྱས་ལ་བཀའ་དྲིན་ཆེ་ཞུ། བོད་མི་རིགས་ནི་དད་པ་ཡོད་པའི་མི་རིགས་ཤིག་ཡིན། ངས་བསམ་ན་དད་པ་ཡོད་པའི་མི་རིགས་ནི་མི་རིགས་ཡ་རབས་ཤིག་ཡིན། བོད་མི་རིགས་ཀྱི་དད་པ་དང་བོད་ཀྱི་སྣོད་བཅུད་ལ་ང་ཤིན་ཏུ་དགའ། རྗེས་ཕྱོགས་ནས་ང་ཚོའི་བར་ལ་ཕར་ཚུར་སྐད་ཆ་བཤད་ནས་འབྲེལ་འདྲིས་མང་པོ་བྱས་ཏེ་འབྲེལ་བ་རྒྱུན་མཐུད་ཡོང་བར་སྨོན།