༡ ཅི་ཞིག་ལ་ཁོར་ཡུག་སྤྱི་ཕན་གཏུག་བཤེར་ཟེར།

ལན། ཁོར་ཡུག་སྤྱི་ཕན་གཏུག་བཤེར་ཞེས་པ་ནི། ཁོར་ཡུག་སྲུང་སྐྱོབ་དང་། ཐུན་མོང་གི་ཁེ་ཕན་དང་། སྤྱིའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ཆེད་དུ་གཏུག་བཤེར་བྱས་པ་ཞིག་ལ་གོ་དགོས། དེའི་ཁྱད་ཆོས་སམ་དམིགས་ཡུལ་གཙོ་བོ་ནི་སྤྱི་ཕན་རང་བཞིན་ཡིན། དེ་ནི་ཞུ་གཏུག་བྱེད་པའི་གྱོད་བདག་རང་སྟེང་ན་གྱོད་གཞི་དང་ཐད་ཀར་ཁེ་གྱོང་གི་འབྲེལ་བ་མེད་པ་དེ་ཡིན། ཁོར་ཡུག་སྤྱི་ཕན་གཏུག་བཤེར་ནི་ཐུན་མོང་གི་ཁེ་ཕན་ལ་གཞན་གྱིས་གནོད་པ་བྱས་ན་ཞུ་གཏུག་བྱེད་མཁན་མེད་པའི་སྲོལ་རྒྱུན་གྱི་ཁྲིམས་འཛིན་གནད་དོན་དེ་རིགས་ཐག་གཅོད་བྱེད་པར་གསར་གཏོད་བྱས་པའི་ལམ་ལུགས་ཤིག་ཡིན།

༢ ཁོར་ཡུག་སྤྱི་ཕན་གཏུག་བཤེར་ལ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་གང་གང་ཡིན།

ལན། ༢༠༡༢ ་ལོར་དམངས་དོན་གཏུག་བཤེར་གྱི་ཁྲིམས་འཕར་བཅོས་བྱེད་དུས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་གྱི་ལམ་ལུགས་གཏན་འཁེལ་བྱས་ཤིང་། དེའི་དོན་ཚན་ ༥༥ ་པའི་ནང་དུ་ཁོར་ཡུག་འབག་བཙོག་དང་འཛད་སྤྱོད་པ་ཕལ་མོ་ཆེའི་ཁྲིམས་མཐུན་གྱི་ཁེ་ཕན་ལ་གནོད་པ་ཐེབས་པའི་བྱ་སྤྱོད་ཅི་རིགས་བདོག་ན། ཁྲིམས་ལུགས་ཀྱིས་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་དང་འབྲེལ་ཡོད་ཚོགས་པས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག་ཅེས་གཏན་འཁེལ་བྱས་ཡོད། འོན་ཀྱང་། ཁྲིམས་འཕར་བཅོས་ཀྱིས་ཞུ་གཏུག་བྱེད་མཁན་གྱི་ཆ་རྐྱེན་དང་ས་མཚམས་ཁ་གསལ་བར་གཏན་འཁེལ་བྱས་མེད་པའི་རྐྱེན་གྱིས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་ལ་ཁྲིམས་ཁང་སོ་སོས་ངོས་ལེན་དང་རྒྱབ་སྐྱོར་འོས་འཚམ་བྱས་མེད། དཔེར་ན། ༢༠༡༣ ་ལོར། ཀྲུང་ཧྭ་ཁོར་སྲུང་མཉམ་འབྲེལ་ཚོགས་པས་སྤྱི་ཕན་ཁོར་སྲུང་གི་གཏུག་བཤེར་ཐེངས་བརྒྱད་ལ་བྱས་ཀྱང་ཞུ་གཏུག་བྱེད་མཁན་གྱི་ཆ་རྐྱེན་ལ་ཁྲིམས་ཀྱི་བཅས་པ་མི་འདུག་ཅེས་པ་ལ་ཁག་བཞག་ནས་ཞུ་གཏུག་ཚང་མ་ཁྲིམས་ཁང་གིས་བཟློག་བཅད་བྱས།

༢༠༡༤ལོར། ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལ་བཟོ་བཅོས་བྱེད་དུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་ ༢༠༡༤ ་ལོའི་ཟླ་ ༤ ་བའི་ཚེས་ ༢༠ ཉིན་ལོ་རྒྱུས་སྟེང་ཆེས་དམ་དྲག་རང་བཞིན་ཅན་གྱི་ཁོར་སྲུང་གི་ཁྲིམས་ཀྱི་འཕར་བཅོས་ཀྱི་གྲོས་གཞི་ལ་མོས་མཐུན་བྱུང་། ཁྲིམས་གསར་བ་དེས་སྔོན་གྱི་ཁྲིམས་ཡིག་གི་ནང་དུ་སྤྱི་ཕན་ཁོར་ཡུག་གཏུག་བཤེར་གྱི་ཁྱབ་ཁོངས་དེ་ཁོར་ཡུག་འབག་བཙོག་ཁོ་ན་ལས་རྒྱ་བསྐྱེད་བྱས་ཏེ་སྐྱེ་ཁམས་གཏོར་བཤིག་གི་གནད་དོན་ཡང་ནང་དུ་འདུས་པར་བྱས། ཁྲིམས་གསར་དེའི་དོན་ཚན་ ༥༨ ་གྱིས་སྤྱི་ཕན་གཏུག་བཤེར་བྱེད་མཁན་གྱི་ཆ་རྐྱེན་ཡང་གཏན་འབེབས་གསལ་པོ་བྱས། ཁྲིམས་གསར་དེ་ ༢༠༡༥ ་ལོའི་ཟླ་ ༡ ་པོའི་ཚེས་གཅིག་ནས་བཟུང་ལག་བསྟར་བྱས་པ་ཡིན་པས། ལོ་དེ་ལ་ཁོར་སྲུང་སྤྱི་ཕན་གཏུག་བཤེར་གྱི་ལོ་ཐོག་མ་ཞེས་ཀྱང་ཟེར།

 

༣  དེས་ན་ཅི་ཞིག་ལ་ཁོར་ཡུག་ཟེར་རམ།

ལན། ཁོར་སྲུང་གི་ཁྲིམས་གསར་བའི་དོན་ཚན་གཉིས་པའི་ནང་དུ། ཁྲིམས་ཡིག་འདིའི་ནང་གི་ཁོར་ཡུག་ཅེས་པ་ནི་མིའི་འཚོ་གནས་ལ་ཤན་ཤུགས་ཐེབས་པའི་ལྷན་སྐྱེས་དང་སྦྱར་བྱུང་གི་སྣོད་བཅུད་ཀྱི་ཚོགས་ལ་ཟེར། དེའི་ནང་དུ་དབུགས་ཁམས་དང་། ཆུ། རྒྱ་མཚོ། ས་གཞི། གཏེར་མཛོད། ནགས་ཚལ། རྩྭ་ཐང་། ན། རྒོད་སྐྱེས་སྐྱེད་ཚལ། རང་བྱུང་ཤུལ་རྫས། མིའི་རིག་གནས་ཤུལ་རྫས། རང་བྱུང་སྲུང་སྐྱོབ་ས་ཁུལ། གནས་མཆོག་ཡུལ་བཟང་། གྲོང་ཁྱེར་དང་ཞིང་འབྲོག་བཅས་འདུ།

 

༤  སུས་ཁོར་ཡུག་སྤྱི་ཕན་གྱི་གཏུག་བཤེར་བྱས་ན་ཆོག

ལན། གང་ཟག་སྒེར་ངོས་ནས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་བྱས་མི་ཆོག མིག་སྔར་དེ་འདྲའི་གཏུག་བཤེར་ཞུ་ཆོག་མཁན་ནི་ཆ་རྐྱེན་ཚང་བའི་སྤྱི་ཚོགས་ཚོགས་པ་དང་ཞིབ་དཔྱོད་ཁང་ཡིན། ཞིབ་དཔྱོད་ཁང་དེ་ཡང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་དབང་བསྐུར་ཐོབ་པའི་ཞིབ་དཔྱོད་ཁང་ཡིན་དགོས།

འཕར་བཅོས་བྱས་པའི་ཁོར་སྲུང་གི་ཁྲིམས་གསར་བའི་དོན་ཚན་ ༥༨ ་ཀྱིས་གཏན་འཁེལ་བྱས་དོན། ཁོར་ཡུག་འབག་བཙོག་བཟོས་པ་དང་། སྐྱེ་ཁམས་གཏོར་བརླག་བྱས་པ། སྤྱི་ཚོགས་ཐུན་མོང་གི་ཁེ་ཕན་ལ་གནོད་འཚེ་བྱས་པའི་བྱ་སྤྱོད་ལ་གཤམ་གྱི་ཆ་རྐྱེན་ཚང་བའི་སྤྱི་ཚོགས་ཚོགས་པས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག ༡ ཁྲིམས་ལྟར་ཁུལ་ཅན་གྲོང་ཁྱེར་རམ་དེའི་ཡན་གྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་ལས་ཁུངས་ནས་ཐོ་འགོད་བྱས་ཡོད་པ། ༢ ཆེད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་དོན་གཉེར་ནས་ལོ་ལྔ་ལོན་པ་དང་ཁྲིམས་འགལ་གྱི་ནག་ཐིག་མེད་པ།

ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ཁོར་ཡུག་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁྲིམས་བཤེར་སྐབས་སུ་ཁྲིམས་ལུགས་གཞི་འཛིན་ཐད་ཀྱི་གནད་དོན་རེ་འགའི་གསེད་བཀྲོལ་གྱི་དོན་ཚན་གསུམ་པ། ཁུལ་ཅན་གྱི་གྲོང་ཁྱེར་དང་། རང་སྐྱོང་ཁུལ། མོན། ས་ཁུལ། ཁུལ་མེད་ས་ཁུལ་གྲོང་ཁྱེར། ཐད་གཏོགས་གྲོང་ཁྱེར་གྱི་ཁུལ་ཡན་གྱི་མི་དམངས་སྲིད་གཞུང་ཁག་ལ་ཁོར་ཡུག་སྲུང་ཁྲིམས་ཀྱི་དོན་ཚན་ ༥༨ ་ནང་གི་ཁུལ་ཅན་དང་དེའི་ཡན་གྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་ལས་ཁུངས་ལ་ངོས་འཛིན་བྱས་ན་འགྲིག དོན་ཚན་བཞི་བ། སྤྱི་ཚོགས་ཚོགས་པའི་བཅའ་ཡིག་གི་དམིགས་ཡུལ་དང་ལས་དོན་གཙོ་བོ་ནི་སྤྱི་ཚོགས་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱེད་པ་ཡིན་དགོས་ཤིང་། ཁོར་སྲུང་གི་ལས་དོན་གཉེར་མཁན་ཞིག་ཡིན་ཚེ། དེ་ལ་ཁོར་སྲུང་གི་ཁྲིམས་ཀྱི་དོན་ཚན་ ༥༨ ་གྱི་གཏན་འབེབས་ཀྱི་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་སྤྱི་ཕན་ལས་དོན་གཉེར་བར་ངོས་འཛིན་བྱས་ན་ཆོག སྤྱི་ཚོགས་ཚོགས་པས་ཞུ་གཏུག་བྱས་པ་དེའང་སྤྱི་ཚོགས་ཐུན་མོང་གི་ཁེ་ཕན་དང་འབྲེལ་བ་ཡོད་དགོས་ཤིང་། དེའི་དམིགས་ཡུལ་དང་ལས་དོན་གྱི་ཁྱབ་ཡུལ་དང་རྟེན་འབྲེལ་གྱི་རང་བཞིན་ཡོད་པ། དོན་ཚན་ལྔ་བ། སྤྱི་ཚོགས་ཚོགས་པས་གཏུག་བཤེར་གོང་རོལ་གྱི་ལོ་ལྔའི་ཚུན་ལས་དོན་བསྒྲུབས་ནས་ཁྲིམས་དང་ཁྲིམས་སྲོལ་དང་འགལ་ནས་སྲིད་འཛིན་དང་ཉེས་དོན་ཆད་པ་ཕོག་མ་མྱོང་ན་དེ་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ཀྱི་དོན་ཚན་༥༨་པའི་ཁྲིམས་འགལ་གྱི་ནག་ཐིག་མེད་པ་ཞེས་པར་ངོས་འཛིན་བྱས་ཆོག

༢༠༡༥ ་ལོའི་ཟླ་ ༧ ་པའི་ཚེས་ ༡ ་ཉིན། སྐབས་ ༡༢ ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གི་ཐེངས་༡༥་པའི་ཚོགས་འདུའི་ཐོག་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ས་ཁུལ་རེ་འགའ་ནས་སྤྱི་ཕན་གཏུག་བཤེར་སྤེལ་བའི་ཚོད་ལྟའི་ལས་དོན་ཐད་ཀྱི་དབང་བསྐུར་བའི་གྲོས་ཆོད་ཅེས་བྱ་བར་མོས་མཐུན་བྱུང་སྟེ། འདི་ལ་བརྟེན་ནས་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་བཅོས་བསྒྱུར་ཚོད་ལྟའི་ཐབས་ལམ་སྤྱི་བསྒྲགས་བྱས་ཤིང་། པེ་ཅིང་དང་ནང་སོག ཇི་ལིན་དང་ཅང་སུའུ། ཨན་ཧྭེ་དང་ཧྥུ་ཅན། ཧྲན་ཏུང་དང་ཧུའུ་པེ། ཀོང་ཏུང་དང་ཀོས་ཀྲིག ཡུན་ནན་དང་ཧྲན་ཞི། ཀན་སུའུ་བཅས་ཞིང་ཆེན་དང་། རང་སྐྱོང་ལྗོངས་དང་། ཐད་གཏོགས་གྲོང་ཁྱེར་ཁག་གི་ཞིབ་དཔྱོད་ཁང་ནས་ལས་དོན་འདི་རིགས་སྒྲུབ་པའི་ཚོད་ལྟ་བྱས་ཤིང་། ཚོད་ལྟའི་དུས་ཡུན་ལོ་གཉིས་ཡིན།

༢༠༡༥ ་ལོར་དམངས་སྲིད་པུའུ་ཡིས་སྡོམ་རྩིས་བྱས་པ་ལྟར་ན། སྐབས་དེར་ཁོར་ཡུག་སྤྱི་ཕན་གཏུག་བཤེར་བྱེད་པར་གཞི་རྟེན་གྱི་ཆ་རྐྱེན་ཚང་བའི་ཁོར་སྲུང་ཚོགས་པ་ ༧༠༠ ་ལྷག་ཡོད་སྐད།

 

༥  སྤྱི་ཕན་གཏུག་བཤེར་དང་སྒེར་ཕན་གཏུག་བཤེར་གྱི་ཁྱད་པར།

ལན། ཁོར་ཡུག་སྤྱི་ཕན་གཏུག་བཤེར་དེ་ཁྲིམས་ཀྱི་བཅས་པའི་ཕན་གནོད་དང་འབྲེལ་བ་མེད་པའི་ཚོགས་པའམ་གང་ཟག་གིས་ཁྲིམས་ལྟར་བསླངས་ན་ཆོག དེའི་དམིགས་ཡུལ་ནི་ཁོར་ཡུག་འབག་བཙོག་དང་གཏོར་བརླག་འགོག་པ་དེ་ཡིན། དེས་ཁ་གཏད་གཅོག་ས་ནི་ཁོར་ཡུག་འཕྲོ་བརླག་བྱེད་མཁན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་མི་སྒྲུབ་པའམ་ལོག་སྒྲུབ་བྱེད་པའི་སྲིད་འཛིན་ལས་ཁུངས་བཅས་ཡིན། གལ་ཏེ། ཁོར་ཡུག་དང་སྐྱེ་ཁམས་གཏོར་བརླག་གི་བྱ་སྤྱོད་དེས་གང་ཟག་སྒེར་རམ་ཚོགས་པ་ཞིག་གི་ཁེ་ཕན་ལ་གནོད་ཚེ། དེ་དག་གིས་ཐད་ཀར་གཏུག་བཤེར་བྱས་ཚེ་དེ་ལ་སྒེར་ཕན་གཏུག་བཤེར་ཟེར། དམངས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་དོན་ཚན་ ༥༥ པ་ལྟར་ན། དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་ཁྱབ་ཡུལ་ནི་ཁོར་ཡུག་འབག་བཙོག་དང་ཕོན་ཆེ་བའི་འཛད་སྤྱོད་པའི་ཁྲིམས་མཐུན་གྱི་ཐོབ་ཐང་དང་། ཁེ་ཕན་ལ་གནོད་འཚེ་བྱས་ནས་ཐུན་མོང་གི་ཁེ་ཕན་དང་ཐོབ་ཐང་ལ་གནོད་པའི་བྱ་སྤྱོད་དག་ཡིན། དེས་ན། གནོད་པ་ཐེབས་མཁན་གྱིས་ཐད་ཀར་ཞུ་གཏུག་བྱས་ཚེ་དེ་ལ་སྤྱི་ཕན་གཏུག་བཤེར་མི་ཟེར་བར་སྒེར་ཕན་གཏུག་བཤེར་ཟེར། ཐུན་མོང་གི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་དེ་དག་མཚམས་འཇོག་པའི་ཆེད་དུ་ཁོར་ཡུག་འབག་བཙོག་ལ་ཕན་གནོད་ཀྱི་འབྲེལ་བ་མངོན་སུམ་མེད་པའི་ཚོགས་པའམ་ཞིབ་དཔྱོད་ལས་ཁུངས་ཀྱིས་གནོད་པ་ཐེབས་མཁན་གྱི་ཚབ་བྱས་ཏེ་སྤྱི་མཐུན་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཆེད་འབག་བཙོག་བྱེད་མཁན་གྱི་ཁེ་ལས་ལ་ཞུ་གཏུག་བྱེད་པ་ཞིག་ལ་སྤྱི་ཕན་གཏུག་བཤེར་ཟེར། འདི་ནས་ཤེས་དགོས་པའི་གནད་ཅིག་ཡོད་པ་དེ་ནི། སྤྱི་ཚོགས་ཚོགས་པའི་སྤྱི་ཕན་གཏུག་བཤེར་དང་མང་ཚོགས་ཀྱི་སྒེར་ཕན་གཏུག་བཤེར་བར་ན་ཁེ་ཕན་གྱི་འགལ་ཟླ་མེད། སྤྱི་ཕན་གཏུག་བཤེར་སྐབས་སུ་བཀོལ་སྤྱོད་བྱས་པའི་བདེན་དཔང་དེ་དག་ཕྱིས་སུ་སྒེར་ཕན་གཏུག་བཤེར་བྱེད་སྐབས་བཀོལ་སྤྱོད་བྱས་ཆོག

 

༦ ཁྱེད་ཅག་གིས་ཞུ་གཏུག་བྱེད་སྐབས་ཁྲིམས་ཁང་གིས་ཁྱེད་ཅག་ལ་ཞུ་གཏུག་བྱེད་མཁན་གྱི་ཆ་རྐྱེན་ཚང་མིན་ལ་དོགས་འདྲི་བྱས་ཡོད་དམ།

ལན། ༢༠༡༦ ་ལོའི་ཟླ་དང་པོའི་སྔ་རོལ་ཏུ་དོགས་འདྲི་འདི་དག་རྒྱུན་ཆད་མེད་པར་བྱུང་། ཁོར་ཡུག་སྤྱི་ཕན་གཏུག་བཤེར་གྱི་གྱོད་དོན་ཁག་ཁྲིམས་ཁང་གིས་ཞུ་སྦྱོར་བྱེད་མཁན་ལ་ཆ་རྐྱེན་མི་ཚང་ཞེས་ཞུ་བཟློག་དང་ལན་མི་འདེབས་པ། ཞུ་གཏུག་དང་དུ་མི་ལེན་པ་ལ་སོགས་པའི་གནས་ཚུལ་མང་པོ་བྱུང་། ས་གནས་སོ་སོའི་ཁྲིམས་ཁང་གིས་འབྲེལ་ཡོད་ཁྲིམས་ཡིག་དང་ཁྲིམས་འཛིན་གསེད་བཀྲོལ་གྱི་གོ་བ་ལེན་སྟངས་གཅིག་གྱུར་མིན་པའི་རྒྱུ་མཚན་ལས་གནད་དོན་འདི་དག་བྱུང་བ་རེད།

 

༧ དཔེ་མཚོན་ཁག་ཡོད་དམ།

ལན། ཐང་དཀར་བྱེ་ཐང་འབག་བཙོག་གི་གྱོད་གཞི། ༢༠༡༥ ་ལོའི་ཟླ་ ༨ ་པའི་ཚེས་ ༡༣ ་ཉིན། ཐང་དཀར་བྱེ་ཐང་འབག་བཙོག་གི་གནད་དོན་ལ་དམིགས་ནས་ཀྲུང་གོ་ལྗང་མདོག་དར་སྤེལ་ཚོགས་པས་ཉིན་ཞ་ཧེ་རིགས་རང་སྐྱོང་ལྗོངས་ཀྲུང་དབུས་འབྲིང་རིམ་ཁྲིམས་ཁང་ལ་གྱོད་སྣ་མི་འདྲ་བའི་སྤྱི་ཕན་གཏུག་བཤེར་གྱི་ཞུ་གཏུག་བརྒྱད་ཞུས་ཀྱང་། ༢༠༡༥ ་ལོའི་ཟླ་ ༨ ་པའི་ཚེས་ ༡༩ ་ཉིན་ཀྲུང་དབུས་ཁྲིམས་ཁང་གིས་ལྗང་དར་ཚོགས་པ་ནི་ཆེད་དུ་ཁོར་ཡུག་སྤྱི་ཕན་བྱ་འགུལ་སྤེལ་བའི་ཚོགས་པ་མིན་པས། ཞུ་གཏུག་བྱེད་མཁན་གྱི་ཆ་རྐྱེན་མི་ཚང་ཞེས་ཁ་ཚོན་བཅད་ནས་ཞུ་གཏུག་བཟློག་པའི་བཅད་ཁྲ་བཏབས། ལྗང་དར་ཚོགས་པས་བཅད་ཁྲ་དེ་མྱུར་དུ་གོང་གཏུག་བྱས་ཤིང་ཁྲིམས་ཁང་གོང་མ་སྟེ་ཉིན་ཞ་མཐོ་ཪིམ་ཁྲིམས་ཁང་གིས་ཀྲུང་དབུས་ཁྲིམས་ཁང་གི་བཅད་ཁྲ་ལ་བདེན་མཐའ་སྐྱོང་བའི་བཅད་བཏབས། དེ་ནས་ལྗང་དར་ཚོགས་པས་ཁྲིམས་ཁང་གོང་འོག་གིས་ཁོར་ཡུག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐ་སྙད་ལ་གོ་བ་རྙེད་མི་འདུག་ཅེས་པ་རྒྱུ་མཚན་དུ་བགྲངས་་ཏེ་༢༠༡༥ ་ལོའི་ཟླ་ ༡༡ ་ནང་ཆེས་མཐོ་ཁྲིམས་ཁང་ལ་ཡང་བཤེར་གྱི་ཞུ་གཏུག་ཞུས། ༢༠༡༦ ་ལོའི་ཟླ་དང་པོ་ནང་དུ་ཆེས་མཐོ་ཁྲིམས་ཁང་གིས་གདགས་བཤེར་གྱི་ཐག་བཅད་ནས་ཀྲུང་གོ་ལྗང་དར་ཚོགས་པ་ལ་ཁོར་ཡུག་སྤྱི་ཕན་གཏུག་བཤེར་གྱི་གཏུག་མཁན་གྱི་ཆ་རྐྱེན་ཚང་བ་གཏན་འཁེལ་བྱས་ཤིང་། ཉིན་ཞ་ཀྲུང་དབུས་ཁྲིམས་ཁང་གིས་ཐང་དཀར་བྱེ་ཐང་འབག་བཙོག་གི་གྱོད་གཞི་བརྒྱད་དང་ལེན་བྱས་ཏེ་ཁྲིམས་བཤེར་བྱེད་དགོས་པའི་རེ་འདུན་བཏོན།

 

༨ ཁྱེད་ཅག་གིས་སྤྱི་ཕན་ཁོར་སྲུང་གི་ལས་དོན་ཐད་ལ་འབད་འབད་དུང་དུང་བྱེད་དགོས་པའི་དམིགས་འདུན་ཅི་ཡིན།

ལན། ཚོགས་ཆེན་ ༡༨ ་ནས་བཟུང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་བསམ་བློའི་ནང་ཐོག་མཐའ་བར་གསུམ་དུ་གནས་ཡོད། ཆེས་མཐོ་ཁྲིམས་ཁང་དང་ཆེ་མཐོ་ཞིབ་དཔྱོད་ཁང་གིས་ཁོར་ཡུག་གྱོད་དོན་ཐད་ཀྱི་འགྲེལ་བཤད་རབ་དང་རིམ་པ་སྤེལ་བའི་གནས་ཚུལ་དང་བསྟུན་ནས། མི་མང་གི་སྤྱི་མཐུན་ཁེ་ཕན་གྱིས་ཀྱང་གཞུང་འབྲེལ་མིན་པའི་ཚོགས་པ་ལྷག་བསམ་ཅན་གྱིས་ཁོར་ཡུག་སྲུང་སྐྱོབ་ལ་ལས་དོན་སྒྲུབ་པར་གཞེན་སྐུལ་བྱེད་ཀྱིན་ཡོད། ༡༩༨༥་ལོ་ནས་གསར་འཛུགས་བྱས་པའི་ལྗང་དར་ཚོགས་པ་ནི་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་དར་སྤེལ་བྱེད་པ་དམིགས་ཡུལ་དུ་བཟུང་བའི་ཚོགས་པ་ཞིག་ཡིན། དགེ་རྩ་ཚོགས་པ་ཞིག་ཡིན་ཕྱིན་ང་ཚོར་གཏུག་བཤེར་གྱི་ཁྲོད་དུ་དཔལ་འབྱོར་གྱི་ཁེ་ཕན་ཅི་ཡང་ཐོབ་ཀྱིན་མེད། དེས་མི་ཚད་གཏུག་བཤེར་གྱི་ཆེད་དུ་ང་ཚོས་སྒོར་མོ་ཕོན་ཆེན་པོ་ཞིག་གཏོང་གིན་ཡོད། དེ་ནི་སྤྱི་ཕན་ལ་དམིགས་ནས་ལས་དོན་སྒྲུབ་པའི་རྣམ་པ་ཞིག་ཡིན།

 

༩ ཁོར་ཡུག་སྤྱི་ཕན་གཏུག་བཤེར་གྱི་སྐབས་སུ་སྲིད་གཞུང་གཏུག་ཆོག་གམ།

ལན། ༢༠༡༥ ་ལོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་ཞིང་ཆེན་ ༡༣ ་ནས་ལོ་གཉིས་རིང་ལ་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱི་ཚོད་ལྟ་བྱེད་པའི་གྲོས་ཆོད་བཞག་སྟེ། པེ་ཅིན་ལ་སོགས་པའི་ཞིང་ཆེན་རིམ་པའི་ས་ཁུལ་ ༡༣ ནས་་ཞིབ་དཔྱོད་ཁང་གིས་སྲིད་འཛིན་སྤྱི་ཕན་གཏུག་བཤེར་ལམ་ལུགས་ཚོད་ལྟ་བྱེད་པའི་མགོ་བརྩམས། དོན་དངོས་སུ་སྲིད་འཛིན་སྤྱི་ཕན་གཏུག་བཤེར་ནི་ལྟ་རྟོག་གི་བྱེད་ཐབས་བཟང་བོ་ཞིག་ཡིན་ཕྱིན། སྲིད་འཛིན་བྱ་རྩོལ་མི་བྱེད་པ་དང་བྱ་རྩོལ་ལོག་བྱེད་བཅས་ལ་བཀག་སྡོམ་གྱི་ནུས་པ་ཐོན་ཐུབ། འོན་ཀྱང་། ཞིབ་དཔྱོད་ཁང་ཁོ་ནས་སྤྱི་ཕན་ལས་དོན་འདི་རིགས་སྒྲུབ་ནུས་པ་ཞིག་མིན་ལ། ཚོད་ལྟའི་ས་ཁུལ་ཉུང་དྲགས་པས་ས་ཆ་གཞན་གྱི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་བྱེད་པའི་གོ་སྐབས་དབེན། ང་ཚོས་ཁོར་སྲུང་སྤྱི་ཚོགས་ཚོགས་པས་སྲིད་འཛིན་སྤྱི་ཕན་གཏུག་བཤེར་ཞུ་སྦྱོར་བྱེད་ཆོག་པའི་ཐོབ་ཐང་དེ་ཁྲིམས་ཡིག་ནང་དུ་མངོན་གསལ་བྱ་དགོས། སྤྱི་ཚོགས་ཚོགས་པ་ཕུང་བོ་གསུམ་པ་བྱས་ཏེ་སྲིད་འཛིན་བྱ་རྩོལ་ནུས་ལྡན་དང་རུང་མཐུན་གྱི་སྒོ་ནས་འཁོར་བསྐྱོད་བྱེད་པར་སྐུལ་འདེད་དང་ལྟ་རྟོག་བྱེད་ཐུབ།

མཆན། ༢༠༡༧ ་ལོར་སྲིད་འཛིན་གཏུག་བཤེར་གྱི་ཁྲིམས་ལ་འཕར་བཅོས་བྱེད་དུས། མི་དམངས་ཞིབ་དཔྱོད་ཁང་གིས་སྲིད་འཛིན་སྤྱི་ཕན་གཏུག་བཤེར་ཞུ་ཆོག་པའི་གཏན་འབེབས་བྱས་པས། ལོ་དེ་ནས་བཟུང་རྒྱལ་ཡོངས་ཀྱི་མི་དམངས་ཞིབ་དཔྱོད་ཁང་གིས་སྲིད་འཛིན་སྤྱི་ཕན་གཏུག་བཤེར་བྱེད་པར་ཞུ་སྦྱོར་བའི་ཆ་རྐྱེན་ཚང་བར་ངོས་འཛིན་བྱས་ཡོད།

 

༡༠  སྤྱི་ཕན་གཏུག་བཤེར་ལ་འཕྲད་བཞིན་པའི་དཀའ་ངལ་གང་གང་ཡོད།

ལན། ཐོག་མར་དཔང་རྟགས་འཚོལ་སྡུད་བྱེད་དཀའ་བ་བའི་གནད་དོན་ཡིན། གཏུག་བཤེར་གྱི་སྐབས་སུ་དཔང་རྟགས་མང་དགོས་པ་མ་ཟད། དཔང་རྟགས་དེ་ལ་ཡང་ཚད་མཐོ་བའི་ཆེད་ལས་རང་བཞིན་དང་འཕྲུལ་རྩལ་རང་བཞིན་ཚང་དགོས། དེ་མིན་དཔང་རྟགས་ཀྱི་དུས་ནུས་རང་བཞིན་ཀྱང་ཤུགས་ཆེ་བས། དོན་དག་བྱུང་ཚར་བའི་རྗེས་ཀྱི་དུས་ཚོད་གང་འཚམ་ཞིག་ནར་འགྱང་བྱས་ཏེ་དཔང་རྟགས་འཚོལ་སྡུད་བྱས་ཚེ་དཔང་རྟགས་འཚལ་དཀའ་བར་འགྱུར་བ་ཡིན། གྱོད་གཞི་མང་ཆེ་བ་ཞིག་ལ་དཔང་རྟགས་འཚོལ་དཀའ་བའི་དཀའ་ངལ་འཕྲད་བཞིན་ཡོད།

གཉིས་པ་ནི། སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཁྲིམས་ཁང་གིས་དང་ལེན་བྱེད་དཀའ་བ་མ་ཟད། དེ་ལ་དམངས་དོན་གཏུག་བཤེར་གྱི་ཁྲིམས་ལྟར་གྱོད་གཞི་ཐོ་འགོད་ཀྱི་ལམ་ལུགས་མེད་པས། ཁྲིམས་ཁང་གིས་དང་ལེན་མ་བྱས་སྔོན་ལ་བརྟག་དཔྱད་བྱེད་པ་དེས་དང་ལེན་གྱི་ཆུ་ཚོད་ ནར་འགྱངས་བྱེད་པ་དེ་ཡིན།

གསུམ་པ་ནི། ཁྲིམས་བཤེར་བྱེད་དཀའ་བ། འཕྲུལ་རྩལ་ཐད་ཀྱི་གནད་དོན་མི་ཉུང་བ་ཞིག་ལ་འབྲེལ་བ་ཆགས་ཡོད་པས། ཁོར་ཡུག་གྱོད་གཞི་ལ་གནོད་འཚེའི་བརྟག་དཔྱད་དང་དཔྱད་འབྲས་སོགས་དགོས། དཔྱད་པ་གཏོང་ནུས་པའི་ཆེད་ལས་ལས་ཁུངས་དང་མི་སྣའི་ནུས་པ་དོ་མཉམ་བྱེད་པ་ལ་ད་དུང་ཤུགས་སྣོན་བྱེད་དགོས།

བཞི་བ་ནི། ལག་བསྟར་གྱི་གནད་དོན་ཡིན། ཁོར་ཡུག་སྤྱི་ཕན་གཏུག་བཤེར་གྱི་གུན་གསབ་སུ་ལ་དབང་བ་དང་བཀོལ་སྤྱོད་དོ་དམ་ཇི་ལྟར་བྱེད་པ་དེ་ཡིན། གནད་དོན་དེ་ཐག་གཅོད་མ་བྱས་ཚེ་མི་དམངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་ལམ་ལུགས་ལ་དོགས་པ་ཟ་བ་ཞིག་ཆགས་འགྲོ་བ་རེད།

 

༡༡  སྤྱི་ཚོགས་ཚོགས་པས་སྤྱི་ཕན་གཏུག་བཤེར་བྱེད་པར་མོས་འདུན་ཡོད་དམ།

ལན། ༢༠༡༥ ་ལོ་ནི་ཁོར་སྲུང་སྤྱི་ཕན་གཏུག་བཤེར་གྱི་ལོ་ཐོག་མ་ལ་ངོས་འཛིན་བྱེད་ཀྱིན་ཡོད། རྒྱལ་ཁབ་ཡོངས་ན་ཁོར་སྲུང་སྤྱི་ཕན་གཏུག་བཤེར་བྱེད་པར་ཆ་རྐྱེན་ཚང་བའི་ཚོགས་པ་ ༧༠༠ ་ལྷག་ཡོད། འོན་ཀྱང་། ན་ནིང་ནས་ད་རག་བར་དུ་ཚོགས་པ་ ༡༥ ་མ་གཏོགས་སྤྱི་ཕན་གཏུག་བཤེར་ཞུ་མཁན་བྱུང་མེད། ཚོགས་པ་གང་མང་ཞིག་གིས་གནོན་ཤུགས་དང་དཀའ་ངལ་ལ་གདོང་ལེན་བྱེད་མ་ཕོད་པར་སྤྱི་ཕན་གཏུག་བཤེར་བྱེད་ཀྱིན་མེད། བྱེ་བྲག་གི་ལས་དོན་ཁྲོད་དུའང་དཔལ་འབྱོར་ཐད་ཀྱི་དཀའ་ཁག་ཡོད་པ་དང་། སྤྱི་ཚོགས་ཀྱི་རོགས་དངུལ་དང་འདུ་ཤེས་སོགས་ཞན་པས་ལས་དོན་སྤེལ་དཀའ་བར་གྱུར།

 

༡༢ ཁོར་ཡུག་ལ་གཏོར་བརླག་གི་མཇུག་འབྲས་མ་བྱུང་རུང་འབྱུང་ཉེན་ཆེ་ན་ཁོར་སྲུང་གཏུག་བཤེར་བྱས་ཆོག་གམ།

ལན། དེ་ཆོག་པ་རེད། འདིའི་རིགས་ཀྱི་གཏུག་བཤེར་ལ་སྔོན་འགོག་རང་བཞིན་ཅན་གྱི་ཁོར་ཡུག་སྲུང་སྐྱོབ་སྤྱི་ཕན་གཏུག་བཤེར་ཟེར། མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་འབའ་རྫོང་ན་མ་གཏོགས་འཛམ་གླིང་གི་ས་གནས་གཞན་ན་མེད་པའི་རྒྱ་ལྕང་ནགས་ཚལ་ཞིག་ཡོད། དེ་ནི་དཀར་མོ་གཡང་འཁྱིལ་ཆུ་མཛོད་ཁྱབ་ཁོངས་སུ་གནས་པས། གལ་ཏེ། ༢༠༡༨ ་ལོར་ཆུ་རགས་འགྲུབ་པ་ཡིན་ན་རྒྱ་ལྕང་འདི་དག་བསྣུབས་ངེས་ཡིན། དེར་བརྟེན། ཆུ་མཛོད་འཛུགས་སྐྲུན་བྱེད་མཁན་གྱིས་རྒྱ་ལྕང་གནས་གཞན་དུ་སྤོར་བའི་ཐབས་ལམ་ངོ་སྤྲོད་བྱས་ཀྱང་། སྐྱེ་དངོས་ཆེད་མཁས་པས་དེ་ལྟར་བྱས་ན་རྒྱ་ལྕང་ནགས་ཚལ་འཇིག་ཉེ་བའི་ཉེན་ཁ་ཡོད་པ་བསྟན། ༢༠༡༦ ་ལོའི་ཟླ་ ༡༡ ་པའི་ཚེས་ ༡ ་ཉིན་ལྗང་དར་ཚོགས་པས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་བྱས་ཏེ་རྒྱ་ལྕང་གནས་སྤོར་བྱེད་པའི་ལས་མཚམས་འཇོག་དགོས་པའི་ཞུ་གཏུག་བྱས་ཤིང་། ལྕང་སྡོང་སྤོ་སྣུར་བྱེད་པ་དང་ཆུ་མཛོད་གསར་འཛུགས་བྱེད་པ་མཚམས་འཇོག་དགོས་པའི་རེ་འདུན་བཏོན།