ཉེ་ཆར་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ་ཡིས་༼ཁྱིམ་བདག་ལ་སྤྲིངས་པའི་ཡི་གེ༽ཞེས་བྱ་བ་ཞིག་སྤེལ་ཏེ། སློབ་གྲྭ་དེའི་སློབ་མ་རྣམས་དབྱར་གནང་གི་སྐབས་སུ་ཆོས་ལུགས་བྱེད་སྒོ་སྣ་ཚོགས་སུ་ཞུགས་པར་ཁྱིམ་བདག་གིས་བཀག་སྡོམ་བྱེད་དགོས་ཞེས་འབོད་སྐུལ་བྱས་ཡོད། ཡང་། ད་ལོའི་ཟླ་ ༥་བའི་ཡས་མས་སུ་ལྷ་ས་གྲོང་ཁྱེར་གྱི་རྗེ་འབུམ་སྒང་སློབ་ཆུང་གིས་ཀྱང་བརྡ་སྦྱོར་ཞིག་སྤེལ་ཏེ། སློབ་གྲྭ་དེའི་དགེ་སློབ་དང་ལས་མི་སྣ་ཡོངས་ས་ག་ཟླ་བའི་ཆོས་ལུགས་དུས་ཆེན་དང་ཟླ་མཆོད་དུས་ཆེན་བཅས་ལ་ཞུགས་མི་ཆོག་ལ་སློབ་མའི་ཁྱིམ་བདག་ཀྱང་མི་ཞུགས་པའི་འགན་ཁུར་དགོས་པ་མ་
ཟད། ཆོས་ལུགས་བྱེད་སྒོ་དེ་དག་རྨོངས་དད་ཡིན་ཚུལ་བཤད། བོད་ཁུལ་གྱི་མང་ཚོགས་ཀྱི་ཁྲིམས་ལུགས་གོ་རྟོགས་ཞན་ཟེར་བ་ལས་བོད་ཁུལ་གྱི་སྲིད་གཞུང་དང་སློབ་གྲྭའི་ཁྲིམས་ལུགས་གོ་རྟོགས་ཞན་ཟེར་ན་བདེན་པ་ཡིན་པ་སློབ་གྲྭ་འདི་དག་གི་བརྡ་སྦྱོར་གྱིས་ར་སྤྲོད་བྱས་ཡོད། བོད་ཁུལ་གྱི་སྲིད་གཞུང་དང་སློབ་གྲྭ་ཁག་གིས་གཤམ་གྱི་ཁྲིམས་ལུགས་རྒྱུན་ཤེས་ཁག་ལ་དོ་སྣང་བརྩི་སྲུང་བྱས་ཏེ། དགེ་སློབ་དང་ཁྱིམ་བདག་གི་ཐོབ་ཐང་ལ་བརྩི་བཀུར་དང་མཐོང་ཆེན་བྱེད་དགོས།
དང་པོ། རྩ་ཁྲིམས་ཀྱི་དོན་ཚན་ ༣༦་གི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལུགས་དད་མོས་རང་དབང་ཡོད། རྒྱལ་ཁབ་ཀྱི་སྲིད་གཞུང་དང་ལས་ཁུངས། སྤྱི་ཚོགས་ཚོགས་པ་དང་གང་ཟག་སུ་གང་གིས་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་དད་བྱེད་དུ་འཇུག་པའམ། སྤྱི་དམངས་ཀྱིས་ཆོས་དད་བྱེད་པ་ལ་བཙན་ཤེད་ཀྱིས་བཀག་སྡོམ་བྱས་མི་ཆོག་ཅེས་གཏན་འབེབས་བྱས་པ་མ་ཟད། མི་རིགས་རང་སྐྱོང་ས་ཁུལ་གྱི་རྩ་ཁྲིམས་ལྟ་བུའི་གོ་གནས་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་ ༡༡་གི་ནང་དུ། མི་རིགས་རང་སྐྱོང་ས་ཁུལ་གྱི་དབང་འཛིན་ལས་ཁུངས་ཀྱིས་རིགས་སོ་སོའི་མི་རིགས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་ཁག་ཐེག་བྱེད་དགོས་ཤིང་། སྤྱི་དམངས་ཀྱི་ཆོས་དད་རང་དབང་ལ་བཙན་ཤེད་ཀྱིས་བཀག་སྡོམ་བྱས་མི་ཆོག་པ་དང་། དོན་ཚན་༥༣་ནང་དུ། རིགས་སོ་སོའི་མི་རིགས་ཀྱི་ཆོས་ལུགས་དད་མོས་དང་སྐད་ཡིག་གོམས་གཤིས་སོགས་ལ་བརྩི་བཀུར་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཞེས་གཏན་འཁེལ་བྱས་ཡོད། དེས་ན། ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ་དང་རྗེ་འབུམ་སྒང་སློབ་ཆུང་གིས་སློབ་མ་དང་། ལས་བྱེད་དང་ཁྱིམ་བདག་ཆོས་ལུགས་བྱེད་སྒོར་ཞུགས་པར་བཀག་སྡོམ་བྱེད་པའི་བྱ་སྤྱོད་དེ་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་དང་དངོས་སུ་འགལ་བའི་བྱ་སྤྱོད་ཅིག་རེད། རྒྱལ་ཡོངས་ནས་རྩ་ཁྲིམས་ཞྭ་ལྟར་གྱོན་ནས་བརྩི་མཐོང་བྱེད་པའི་སྐབས་འདིར་། ལྷ་ས་གྲོང་ཁྱེར་གྱི་སློབ་གསོ་ལས་ཁུངས་ཀྱིས་རྩ་ཁྲིམས་མཆིལ་མ་ལྟར་འདོར་ཕོད་པ་དེར་མི་མཚར་རམ། རྨོངས་པའི་མི་ལ་འཇིགས་པ་དབེན་ཟེར་བ་ཅིས་མ་བདེན།
གཉིས་པ། ས་ག་ཟླ་བ་སྲུང་བརྩི་བྱེད་པ་ནི་བོད་བརྒྱུད་ནང་བསྟན་མ་ཟད་པའི་འཛམ་གླིང་གི་ནང་པའི་ཆོས་ལུགས་ཡོངས་ཀྱིས་བརྩི་སྲུང་བྱེད་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་པ་ལས་རྨོངས་དད་ཀྱི་གནས་ཤིག་མིན། ༡༩༩༩་ལོ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་ག་ཟླ་བ་དུས་ཆེན་ནི་ལུགས་མཐུན་གྱི་ཆོས་ལུགས་བྱེད་སྒོ་ཡིན་པར་ངོས་འཛིན་བྱས་ཏེ་ལོ་རེ་བཞིན་དུས་ཆེན་དེ་་སྲུང་བརྩི་བྱེད་གྱིན་ཡོད། དེ་བཞིན་དུ། ༡༩༩༢ལོར་ཀྲུང་གོ་རྒྱལ་ཁབ་ཀྱིས་མིང་རྟགས་བཀོད་ནས་ཁས་བླངས་པའི་རྒྱལ་སྤྱིའི་གཞོན་སྐྱེས་སྤྱི་ཆིངས་( 儿童权利公约 )ཀྱིས་ཀྱང་ཆིངས་ཡིག་ངོས་ལེན་བྱེད་པའི་རྒྱལ་ཁབ་ཀྱིས་གཞོན་སྐྱེས་ཀྱི་བསམ་བློ་དང་དད་མོས། ཆོས་ལུགས་རང་དབང་གི་ཐོབ་ཐང་བཅས་ལ་བརྩི་བཀུར་བྱེད་དགོས་པ་བཅས་ཀྱི་གཏན་འབེབས་ལྟར། གཞོན་སྐྱེས་ཀྱི་ཆོས་དད་རང་དབང་ལ་བརྩི་བཀུར་དང་ཁག་ཐེག་བྱེད་པ་ནི་རྒྱལ་ཁབ་དང་རྒྱལ་སྤྱི་ཡོངས་ཀྱི་ཐུན་མོང་གི་མངོན་འདོད་ཡིན་པས། ཀྲུང་གོ་རྒྱལ་ཁབ་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་མ་ཟད་ཆིངས་ཡིག་འདི་ངོས་ལེན་བྱེད་པའི་རྒྱལ་ཁབ་ཅིག་ཡིན། དེས་ན། ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་སློབ་གསོའི་ལས་ཁུངས་དང་སློབ་གྲྭ་ཁག་གིས་ས་ག་ཟླ་བའི་དུས་ཆེན་རྨོངས་དད་ཡིན་ཚུལ་བཤད་པ་དང་གཞོན་སྐྱེས་ལ་ཆོས་དད་རང་དབང་མེད་ཚུལ་བཤད་ན། དེས་རྒྱལ་ཁབ་ཀྱིས་ཁས་བླངས་པའི་ཆིངས་ཡིག་དང་ལངས་ཕྱོགས་དང་། ཁྲིམས་ལུགས་བཅས་ལ་མངོན་སུམ་འཛེམ་མེད་ཀྱིས་ ངོ་ལོག་བྱས་པ་མ་རེད་དམ། རྩ་ཁྲིམས་ཀྱི་ནང་དུ་རྒྱལ་ཁབ་ཀྱིས་ཁྲིམས་མཐུན་གྱི་ཆོས་ལུགས་བྱེད་སྒོ་ལ་སྲུང་སྐྱོབ་བྱེད་གིན་ཡིན་ཞེས་གཏན་འབེབས་བྱས་ཡོད་པའང་འདི་ལ་ཐུག་ཡོད་པ་རེད། ཆོས་ལུགས་ལས་དོན་སྲོལ་ཡིག་( 宗教事务条例 )གི་དོན་ཚན་༦༢ པ་ལས། བཙན་ཤེད་ཀྱིས་སྤྱི་དམངས་ཀྱི་ཆོས་དད་རང་དབང་ལ་བཀག་སྡོམ་བྱས་ན་བདེ་སྲུང་དོ་དམ་གྱི་ཆད་པ་གཅོད་དགོས་ཤིང་། དད་ལྡན་སྤྱི་དམངས་ཀྱི་ཁྲིམས་མཐུན་གྱི་ཐོབ་ཐང་དང་ཁེ་ཕན་ལ་གནོད་འཚེ་བྱས་ན་དམངས་དོན་འགན་ཁུར་འཁུར་དགོས་པ་མ་ཟད་ཉེས་བྱས་བསགས་པ་ཡིན་ན་ཉེས་དོན་འགན་ཁུར་འདེད་དགོས་བཅས་འཁོད་ཡོད་པ་དང་། ཉེས་ཁྲིམས་ཀྱི་དོན་ཚན་༢༥༡་ལས། རྒྱལ་ཁབ་ཀྱི་ལས་བྱེད་པས་ཁྲིམས་འགལ་གྱི་སྒོ་ནས་སྤྱི་དམངས་ཀྱི་ཆོས་དད་རང་དབང་བཙན་འཕྲོག་གམ་བཀག་སྡོམ་བྱས་ཏེ་གནས་ཚུལ་ཚབས་ཆེན་ལྷག་ན་དེ་ལ་ལོ་གཉིས་ཀྱི་དུས་ཅན་བཙོན་འཇུག་དང་བཙོན་བཀོལ་གྱི་ཉེས་ཆད་གཅོད་དགོས་ཞེས་གཏན་འབེབས་བྱས་ཡོད། དེས་ན། སློབ་གསོ་ལས་ཁུངས་དང་སློབ་གྲྭའི་འགན་འཛིན་གྱིས་སློབ་མ་ཆོས་ལུགས་བྱེད་སྒོར་ཞུགས་པར་བཀག་འགོག་བྱས་ན་བཙོན་ཁང་དུ་འགྲོ་་སྲིད་པའི་གནད་དེ་ཤེས་ན་བཟང་། འགྲོ་མ་ཤེས་རྐང་སྣེ་རྡོ་ལ་ཐོགས། བཤད་མ་ཤེས་ཚིག་སྣེ་སྐྱོན་ལ་ཐོགས་ནས་ཆད་པ་ཉོས་ན་སྡུག་གྱོང་ཡིན།
གསུམ་པ། རྒྱལ་ཁབ་ཅིག་གི་སྤྱི་དམངས་ཀྱི་འགྲོ་འདུག་རང་དབང་ལ་ཚད་བཀག་བྱེད་དགོས་ན་ངེས་པར་དུ་ཁྲིམས་ལུགས་ཀྱི་བཅས་པ་ཡོད་དགོས། ཁྲིམས་ལུགས་ཀྱི་བཅས་པ་མེད་པར་སྤྱི་དམངས་ཀྱི་འགྲོ་འདུག་རང་དབང་ལ་ཚད་བཀག་དང་བཀག་སྡོམ་བྱས་མི་ཆོག རྩ་ཁྲིམས་ཀྱི་དོན་ཚན་ ༣༧་ནང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་གནོད་འཚེ་བྱས་མི་ཆོག མི་དམངས་ཞིབ་དཔྱོད་ཁང་གི་ཆོག་མཆན་དང་མི་དམངས་ཁྲིམས་ཁང་གི་ཐག་བཅད་མ་བརྒྱུད་ཅིང་སྤྱི་བདེ་བདེ་ལས་ཁུངས་ཀྱིས་ལག་བསྟར་མ་བྱས་པར་སྤྱི་དམངས་སུ་གང་ཡང་འཛིན་
བཟུང་བྱས་མི་ཆོག ཁྲིམས་འགལ་གྱི་སྒོ་ནས་མི་གཞན་བཀག་ཉར་དང་མི་གཞན་གྱི་མི་ལུས་རང་དབང་ལ་ཚད་འཛིན་དང་བཀག་སྡོམ་བྱས་མི་ཆོག་ཅེས་གཏན་འབེབས་བྱས་ཡོད། སྤྱི་དམངས་གང་ཞིག་གི་ས་ག་ཟླ་བ་དང་དགོན་ཆེན་ཁག་ལ་མཆོད་མཇལ་འགྲོ་བའི་ཐོབ་ཐང་ལ་བཀག་སྡོམ་བྱེད་དགོས་ན་ངེས་པར་དུ་ཁྲིམས་ལུགས་ཀྱི་བཅས་པ་གསལ་པོི་ཡོད་དགོས་པ་ཁྲིམས་བཟོའི་ཁྲིམས་(立法法)ཀྱི་དོན་ཚན་༨་པ་དང་༩་པ་ནང་དུ། སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་བཀག་སྡོམ་བྱེད་པའི་ཁྲིམས་དེ་ངེས་པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བཟོས་པའི་ཁྲིམས་ལུགས་ཡིན་དགོས་ཞེས་ཁ་གསལ་པོས་གཏན་འབེབས་བྱས་ཡོད། དེའི་ཕྱིར། ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཞིག་ཕར་ཞོག བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་བཟོ་ལས་ཁུངས་ལའང་སྤྱི་དམངས་ཀྱི་ཆོས་དད་རང་དབང་ལས་འཕྲོས་པའི་མཆོད་མཇལ་དང་ཆོས་ལུགས་བྱེད་སྒོར་ཞུགས་པའི་མི་ལུས་ཐོབ་ཐང་ལ་བཀག་སྡོམ་བྱེད་པའི་ཁྲིམས་དང་ཡིག་ཆ་བཟོ་བའི་དབང་ཐང་མེད།
བཞི་པ། སློབ་གྲྭ་ནི་སློབ་མའི་རྗེ་བོ་དང་བདག་པོ་མིན་ལ། སློབ་མ་ནི་སློབ་གྲྭའི་རྒྱུ་རྫས་དང་འཁོར་གཡོག་མིན། དབྱར་གནང་དགུན་གནང་གི་སྐབས་སུ་སློབ་གྲྭས་སློབ་མ་རྣམས་ལ་དོ་དམ་དང་བཀོད་འདོམས་བྱེད་པའི་དབང་ཐང་དང་འགན་ཁུར་མེད། དཔེར་ན། དབྱར་གནང་གི་སྐབས་སུ་སློབ་མ་གང་ཞིག་གིས་གཞན་ལ་གནོད་འཚེས་བྱས་ན། སློབ་མ་དེའི་ཁྱིམ་བདག་གིས་འཚེ་འགན་ཁུར་དགོས་པ་མ་གཏོགས་སློབ་གྲྭས་འགན་ཁུར་གི་མ་རེད་ལ་འགན་ཁུར་ཡོད་ཅེས་ངོས་ལེན་ཀྱང་བྱེད་གིན་མ་རེད། སུ་ལ་འགན་ཁུར་མེད་ན་དེ་ལ་ཐོབ་ཐང་མེད་ཅེས་པའི་ཁྲིམས་ལུགས་ཀྱི་རྩ་དོན་ཡང་འདི་ལ་ཟེར་གི་ཡོད། ཁྱིམ་བདག་གིས་རང་གི་བུ་ཕྲུག་མི་ཡ་རབས་དང་གཞན་ཕན་གྱི་སེམས་པ་ལྡན་པ། སློབ་གྲྭ་ནས་སློབ་མི་ཐུབ་པའི་ཤེས་རྒྱ་མཐོང་རྒྱ་བསྐྱེད་པའི་ཆེད་བུ་ཕྲུག་མཆོད་མཇལ་དུ་འཁྲིད་པ། སློབ་མ་རང་ངོས་ནས་ཀྱང་སློབ་གྲྭ་ནས་བསླབ་པའི་ཤེས་བྱ་དེ་དག་བརྡར་ཤ་གཅོད་པའམ་དབྱར་གནང་སྐབས་ལུས་བདེ་སེམས་སྐྱིད་ཅིག་ཡོང་བ་བཅས་ཀྱི་ཀུན་སློང་འདུ་ཤེས་སྣ་ཚོགས་ཀྱིས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་པའམ་མཆོད་མཇལ་དུ་ཕྱིན་ན། དེ་ནི་སློབ་མའི་ལུས་སེམས་ལ་ཕན་པའི་ལས་ཤིག་ཡིན་ལ་ཁྱིམ་བདག་དང་སློབ་མའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཞིག་ཀྱང་ཡིན། བཙན་དབང་ལ་རྒྱབ་སྐྱོར་དང་དེའི་རྗེས་སུ་ཞུགས་པའི་སློབ་གྲྭ་ཞིག་ཡིན་ན། དེས་སློབ་མས་ཕྱོགས་གཞན་ནས་ཤེས་བྱ་འཚོལ་བ་དང་སློབ་གྲྭ་ནས་སྦྱངས་པའི་ཤེས་བྱ་སྤྱི་ཚོགས་སྟེང་བརྡར་ཤ་གཅོད་པ་ལ་དགྲ་ལྟར་མཐོང་ནས་ཚར་གཅོད་བྱེད་པ་མ་གཏོགས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་ཁས་ལེན་བྱེད་པའི་སློབ་གྲྭ་དང་སློབ་གསོ་ལས་ཁུངས་ཀྱིས་དེ་ལྟར་བྱས་ན་ནོར་བ་ཡིན། སློབ་གསོ་ཁྲིམས་ཀྱི་དོན་ཚན་༢༩་ལས། སློབ་གྲྭས་རྒྱལ་ཁབ་ཀྱི་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་དགོས་ཞེས་གཏན་འབེབས་བྱས་པའང་སློབ་གྲྭས་ཁྲིམས་བཤིག་པའི་གནས་ཚུལ་འགོག་པའི་ཆེད་དུ་བཟོས་པ་རེད། ཁྲིམས་དེའི་དོན་ཚན་༤༢་་ནང་དུ་། སློབ་གྲྭ་ཡིས་སློབ་མའི་མི་ལུས་ཐོབ་ཐང་དང་རྒྱུ་ནོར་ཐོབ་ཐང་ལ་སོགས་པའི་ཁྲིམས་མཐུན་གྱི་ཁེ་དབང་ལ་གནོད་འཚེ་བྱས་ན། སློབ་མས་ཐེར་འདོན་བྱེད་པའམ་ཁྲིམས་ལྟར་གཏུག་བཤེར་བྱེད་པའི་ཐོབ་ཐང་ཡོད། ཅེས་འཁོད་ཡོད་པ་ལྟར། སློབ་མ་དང་ཁྱིམ་བདག་གིས་སློབ་གྲྭ་འདི་རིགས་ཀྱིས་སློབ་མའི་ཐོབ་ཐང་ལ་གནོད་སོང་ཞེས་གྱོད་བཤད་ན་ཆོག
མདོར་ན།དེང་སང་བོད་ཀྱི་སློབ་གྲྭ་དང་སྲིད་གཞུང་གོང་འོག་ནི་རང་གི་དབང་ཚད་དང་དབང་ཐང་ལ་མི་བལྟ་བར་འོལ་ཚོད་ཀྱིས་སྤྱི་དམངས་ཀྱི་མི་ལུས་རང་དབང་དང་འགྲོ་འདུག་རང་དབང་ལ་ཚོད་འཛིན་བྱེད་པའི་ཡིག་ཆ་བཟོ་བ་དང་བརྡ་སྦྱོར་གཏོང་བར་སྤྲོ། དཔེར་ན། སྤྱི་དམངས་ཀྱི་ཕྱི་སྐྱོད་ལམ་ཡིག་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར་གང་ཡང་ཁྲིམས་ལུགས་ཀྱི་རྒྱུ་མཚན་མེད་པར་ཕྱིར་བསྡུ་བྱེད་པའི་སྲིད་ཇུས་གཏན་འབེབས་བྱེད་པ་དང་། བོད་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གྲྭའི་བོད་སྐད་ཡིག་གི་ཁྲིད་གཞི་འཕྲི་འཐེན་བྱེད་པའི་ཡིག་ཆ་བཟོ་བ། འོས་འགན་སློབ་གསོའི་དུས་ཡུན་འོལ་ཚོད་ཀྱིས་རིང་དུ་བཏང་ནས་དགོན་པའི་གཞོན་སྐྱེས་རྣམས་གྲྭ་ས་ནས་དབྱུངས་པ་ལ་སོགས་པའི་བྱ་སྤྱོད་འདི་དག་ནི་ཁྲིམས་ལུགས་ལ་མངོན་གསལ་གྱིས་ཐོ་འཚམས་པའི་བྱ་སྤྱོད་ཡིན་པ་ལས་རྒྱལ་ཁབ་ཀྱི་མངོན་འདོད་དང་འདུན་མ་མཚོན་པའི་ཡ་རབས་བཟང་སྤྱོད་མིན། ང་ཚོ་བོད་ལ་གཏམ་དཔེ་ཞིག་ཡོད། སྦྲང་མ་ཐིག་ལེ་ཅན་ལ་སྟག་མི་ཟེར། འབུ་ནག་རྭ་ཅོ་ཅན་ལ་འབྲོང་མི་ཟེར། ལས་ཁུངས་འདི་དག་ལ་དབང་ཐང་ཅུང་ཟད་བདོག་པས་རང་ཚོད་མི་འཛིན་པར་རང་སྣང་གང་དྲན་གྱིས་ཁྲིམས་དང་མི་མཐུན་པའི་ལས་དོན་སྒྲུབ་པའམ་མང་ཚོགས་ལ་མཛད་དཀའ་བཟོས་ནས་ཁོང་ཅག་ཆེ་
ལུགས་བཙན་ལུགས་ཡིན་པའི་སྟོན་་ཆེད་ཡིག་ཆ་འདི་རིགས་བཟོས་པ་རེད། ཁྲིམས་ལུགས་ཀྱི་རྒྱབ་རྩ་མེད་པའི་བརྡ་སྦྱོར་འདི་དག་ མང་ཚོགས་ཀྱིས་ལག་བསྟར་བྱེད་མི་དགོས་པ་མ་ཟད་གོང་རིམ་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་བྱས་ནས་སུན་འབྱིན་དང་ཐེར་འདོན་བྱེད་དགོས། ཁྲིམས་སྐྱོང་གི་སྤྱི་ཚོགས་ནང་དུ། སློབ་གྲྭ་ཞིག་གིས་ཅི་ཞིག་བྱེད་ཆོག་པ་དང་ཅི་ཞིག་བྱེད་མི་ཆོག་པ་ལ་ས་མཚམས་གསལ་པོ་ཡོད། སྤྱི་དམངས་ཀྱི་ཐོབ་ཐང་ནི་རྩ་ཁྲིམས་ཀྱིས་ཁག་ཐེག་བྱེད་པའི་སྲུང་བྱ་ཡིན་པས་སློབ་གྲྭ་དག་གིས་ཀྱང་རྩ་ཁྲིམས་ཡ་ཐོད་དུ་བཀུར་ནས་སློབ་མའི་རྒྱུད་ལ་ཁྲིམས་སྲུང་གི་གོ་རྟོགས་སྤེལ་དགོས་པ་ལས། སློབ་གྲྭས་མགོ་ཁྲིད་ནས་རྩ་ཁྲིམས་བཤིག་གིན་བསྡད་ན་ག་ལ་འགྲིག མི་རིགས་ཤིག་གི་རིག་གནས་དང་ལེགས་བྱང་མཆིལ་མ་ལྟར་དོར་ནས་དབང་བསྒྱུར་བའི་འདོད་འདུན་ཁོ་ནར་དམིགས་ཏེ་སློབ་མར་སྟངས་འཛིན་བྱེད་པའི་སློབ་གྲྭ་ནི་རང་དབང་དང་བདེ་སྐྱིད་ལྡན་པའི་སྤྱི་དམངས་བསྐྱེད་བསྲིང་བྱེད་སའི་སློབ་གྲྭ་ཞིག་མིན་པར་བཙན་དབང་དང་སྡུག་བསྔལ་ཅན་གྱི་བྲན་གཡོག་ཉར་ཚགས་བྱེད་སའི་བཙོན་ར་ཞིག་ཡིན།
ཁྲིམས་ཡིག་ཀུན་བཏུས།
རྩ་ཁྲིམས།
དོན་ཚན་༣༦་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལུགས་དད་མོས་རང་དབང་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། གང་ཟག་སུ་གང་གིས་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་ལ་བཀག་སྡོམ་བྱས་མི་ཆོག རྒྱལ་ཁབ་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ལ་སྲུང་སྐྱོབ་བྱེད་གིན་ཡིན།
དོན་ཚན་༣༧་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་གནོད་འཚེ་བྱས་མི་ཆོག མི་དམངས་ཞིབ་དཔྱོད་ཁང་གི་ཆོག་མཆན་དང་མི་དམངས་ཁྲིམས་ཁང་གི་ཐག་བཅད་མ་བརྒྱུད་ཅིང་སྤྱི་བདེ་བདེ་ལས་ཁུངས་ཀྱིས་ལག་བསྟར་མ་བྱས་པར་སྤྱི་དམངས་སུ་གང་ཡང་འཛིན་བཟུང་བྱས་མི་ཆོག ཁྲིམས་འགལ་གྱི་སྒོ་ནས་མི་གཞན་བཀག་ཉར་དང་མི་གཞན་གྱི་མི་ལུས་རང་དབང་ལ་ཚད་འཛིན་དང་བཀག་སྡོམ་བྱས་མི་ཆོག
མི་རིགས་ས་གནས་རང་སྐྱོང་གི་ཁྲིམས།
དོན་ཚན་༡༡་པ། མི་རིགས་རང་སྐྱོང་ས་ཁུལ་གྱི་དབང་འཛིན་ལས་ཁུངས་ཀྱིས་རིགས་སོ་སོའི་མི་རིགས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་ཁག་ཐེག་བྱེད་དགོས་ཤིང་། སྤྱི་དམངས་ཀྱི་ཆོས་དད་རང་དབང་ལ་བཙན་ཤེད་ཀྱིས་བཀག་སྡོམ་བྱས་མི་ཆོག
དོན་ཚན་༥༣་ནང་དུ་རིགས་སོ་སོའི་མི་རིགས་ཀྱི་ཆོས་ལུགས་དད་མོས་དང་སྐད་ཡིག་གོམས་གཤིས་སོགས་ལ་བརྩི་བཀུར་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས། ཞེས་གཏན་འབེབས་བྱས་ཡོད།
ཁྲིམས་བཟོའི་ཁྲིམས།
དོན་ཚན་༨་པ། གཤམ་གྱི་ལས་དོན་ཁག་ལ་ཁྲིམས་ལུགས་ཁོ་ནས་གཏན་འཁེལ་བྱེད་དགོས།
༼༥༽ སྤྱི་དམངས་ཀྱི་མི་ལུས་རང་དབང་ཚོད་འཛིན་བྱེད་པའི་དྲག་ཤུལ་ཐབས་ཚུལ་དང་ཆད་པའི་སྐོར།
ཉེས་ཁྲིམས།
དོན་ཚན་༢༥༡་པ། རྒྱལ་ཁབ་ཀྱི་ལས་བྱེད་པས་ཁྲིམས་འགལ་གྱི་སྒོ་ནས་སྤྱི་དམངས་ཀྱི་ཆོས་དད་རང་དབང་བཙན་འཕྲོག་གམ་བཀག་སྡོམ་བྱས་ཏེ་གནས་ཚུལ་ཚབས་ཆེན་ལྷག་ན་དེ་ལ་ལོ་གཉིས་ཀྱི་དུས་ཅན་བཙོན་འཇུག་དང་བཙོན་བཀོལ་གྱི་ཉེས་ཆད་གཅོད་དགོས།
སློབ་གསོ་ཁྲིམས།
དོན་ཚན་༢༩་པ། སློབ་གྲྭ་དང་སློབ་གསོ་ལས་ཁུངས་ཀྱིས་གཤམ་གྱི་འགན་འཁྲི་ཁུར་དགོས།
༼༡༽ ཁྲིམས་ལུགས་དང་ཁྲིམས་སྲོལ་སྲུང་བརྩི་བྱེད་པ།
དོན་ཚན་༤༢་པ། སློབ་གསོ་ཐོབ་མཁན་ལ་གཤམ་གྱི་ཐོབ་ཐང་ཡོད།
༼༤༽སློབ་གྲྭ་ཡིས་སློབ་མའི་མི་ལུས་ཐོབ་ཐང་དང་རྒྱུ་ནོར་ཐོབ་ཐང་ལ་སོགས་པའི་ཁྲིམས་མཐུན་གྱི་ཁེ་དབང་ལ་གནོད་འཚེ་བྱས་ན། སློབ་མས་ཐེར་འདོན་བྱེད་པའམ་ཁྲིམས་ལྟར་གཏུག་བཤེར་བྱེད་པའི་ཐོབ་ཐང་ཡོད།
ཆོས་ལུགས་དོ་དམ་སྲོལ་ཡིག
དོན་ཚན་༦༢་པ། བཙན་དྲག་གིས་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་ལ་བཀག་སྡོམ་བྱེད་པའམ་ཆོས་ལུགས་བྱེད་སྒོ་ལ་ཇུས་གཏོགས་བྱས་ན། བདེ་སྲུང་དོ་དམ་གྱི་ཆད་པ་བཅད་ཆོག་པ་དང་། དད་ལྡན་སྤྱི་དམངས་ཀྱི་ཁྲིམས་མཐུན་ ཁེ་དབང་ལ་གནོད་འཚེ་བྱས་ན་དམངས་དོན་འགན་ཁུར་འཁུར་དགོས་པ་མ་ཟད། གནས་ཚུལ་ཚབས་ཆེན་བྱུང་ན་ཉེས་དོན་འགན་ཁུར་ཀྱང་འདེད་དགོས།
གཞོན་སྐྱེས་ཐོབ་ཐང་གི་སྤྱི་ཆིངས།
ཆིངས་ཡིག་ལ་མོས་མཐུན་ཡོད་པའི་རྒྱལ་ཁབ་ཀྱིས་གཞོན་སྐྱེས་ལ་དབང་བའི་བསམ་བློ་དང་དད་མོས། ཆོས་ལུགས་རང་དབང་གི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས།
《中华人民共和国宪法》
第三十六条:中华人民共和国公民有宗教信仰自由。
任何国家机关、社会团体和个人不得强制公民信仰宗教或者不信仰宗教,不得歧视信仰宗教的公民和不信仰宗教的公民。
国家保护正常的宗教活动。任何人不得利用宗教进行破坏社会秩序、损害公民身体健康、妨碍国家教育制度的活动。
宗教团体和宗教事务不受外国势力的支配
第三十七条 中华人民共和国公民的人身自由不受侵犯。
任何公民,非经人民检察院批准或者决定或者人民法院决定,并由公安机关执行,不受逮捕。
禁止非法拘禁和以其他方法非法剥夺或者限制公民的人身自由,禁止非法搜查公民的身体。
《民族区域自治法》
第十一条民族自治地方的自治机关保障各民族公民有宗教信仰自由。
任何国家机关、社会团体和个人不得强制公民信仰宗教或者不信仰宗教,不得歧视信仰宗教的公民和不信仰宗教的公民。
国家保护正常的宗教活动。
任何人不得利用宗教进行破坏社会秩序、损害公民身体健康、妨碍国家教育制度的活动。
宗教团体和宗教事务不受外国势力的支配。
第五十三条民族自治地方的自治机关提倡爱祖国、爱人民、爱劳动、爱科学、爱社会主义的公德,对本地方内各民族公民进行爱国主义、共产主义和民族政策的教育。教育各民族的干部和群众互相信任,互相学习,互相帮助,互相尊重语言文字、风俗习惯和宗教信仰,共同维护国家的统一和各民族的团结。
《中华人民共和国立法法》
第八条 下列事项只能制定法律:
(五)对公民政治权利的剥夺、限制人身自由的强制措施和处罚;
第九条本法第八条规定的事项尚未制定法律的,全国人民代表大会及其常务委员会有权作出决定,授权国务院可以根据实际需要,对其中的部分事项先制定行政法规,但是有关犯罪和刑罚、对公民政治权利的剥夺和限制人身自由的强制措施和处罚、司法制度等事项除外。
《中华人民共和国刑法》
第二百五十一条 国家机关工作人员非法剥夺公民的宗教信仰自由和侵犯少数民族风俗习惯,情节严重的,处二年以下有期徒刑或者拘役。
《宗教事务条例》
第六十二条 强制公民信仰宗教或者不信仰宗教,或者干扰宗教团体、宗教院校、宗教活动场所正常的宗教活动的,由宗教事务部门责令改正;有违反治安管理行为的,依法给予治安管理处罚。
侵犯宗教团体、宗教院校、宗教活动场所和信教公民合法权益的,依法承担民事责任;构成犯罪的,依法追究刑事责任。
《儿童权利公约》中规定:“缔约国应尊重儿童享有思想、信仰和宗教自由的权利。缔约国应尊重父母并于适用时尊重法定监护人以下的权利和义务,以符合儿童不同阶段接受能力的方式指导儿童行使其权利。”
Leave a Reply