ཉེས་ཁྲིམས་དང་དེའི་ཁྲིམས་འཛིན་གསེད་བཀྲོལ་གྱི་གཏན་དབབ་ལྟར་ན། བྱིས་པ་བརྐུས་པའམ་འཕྲོག་པའམ་བསླུ་བྲིད་བྱས་ཏེ་ཉོ་འཚོང་སོགས་བྱས་ན། གནས་ཚུལ་གྱི་ཚབས་ཆེ་ཆུང་ལ་གཞིགས་ནས་སྦྱོར་བ་བོ་ལ་ལོ་ལྔ་ཡན་གྱི་བཙོན་འཇུག་ནས་ཚེ་བཙོན་དང་སྲོག་གཅོད་བཅས་ཀྱི་ཉེས་ཆད་བཅད་ན་ཆོག་ཟེར། བྱིས་པ་བརྐུས་པ་དང་བརྐུ་བཞིན་པའི་སྣང་ཚུལ་དབྱར་གྱི་ཆུ་མིག་ལྟར་བརྡོལ་བཞིན་པའི་དུས་སྐབས་འདིར། མི་ཚང་མས་ནག་ཉེས་འདིའི་ངོ་བོ་དང་ཉེས་ཆད་ཀྱི་རིམ་པ་བཅས་ཀྱི་གཏན་དབབ་ཤེས་པ་ཡིན་ན། ཉེས་

བྱས་འདི་རིགས་ལ་མི་འཇུག་པའམ་སྔོན་འགོག་བྱེད་པ་ལ་ཕན། ཉེ་སྔོན་ཀྭོང་ཞི་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་ཉེས་ཅན་༢༢་ལ་བྱིས་པ་བརྐུས་ཚོང་གི་ཉེས་མིང་འོག་སྲོག་ཁྲིམས་བཅད་དེ་ལྔ་ལམ་དུ་བསྐྱེལ། བྱིས་པ་བརྐུ་ཚོང་བྱེད་པ་ནི་སྒོར་མོ་འཚོལ་སྒྲུབ་བྱེད་པའི་ཉེས་ཅན་གྱི་ཐབས་ལམ་ཞིག་ཡིན་ཡང་། དེ་ནི་སྤྱི་ཚོགས་སྟེང་ན་ཆེས་སྡང་དམོད་བྱེད་པའི་ནག་ཉེས་ཤིག་ཡིན་ཕྱིན། བྱིས་པ་བརྐུས་འཚོང་གི་ལས་ལ་དངོས་སུ་ཞུགས་པའམ་སྦྱོར་དངོས་རྗེས་གསུམ་གང་རུང་ལ་འབྲེལ་ཐོགས་ཀྱི་སྦྱོར་བ་ཡོད་ན་དེ་ལ་ཉེས་ཆད་ཤིན་ཏུ་ལྗིད་མོ་ཕོག་སྲིད་པས། ཉེས་ཅན་དེ་དག་ལ་ཁྲིམས་དཔོན་དང་མང་ཚོགས་ཀྱིས་གུ་ཡངས་སྤྲོད་མི་སྲིད་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན། སྲོག་ཁྲིམས་ཕོག་ན་འཆི་དགོས་པ་དང་བཙོན་ཁྲིམས་ཕོག་ན་ཁུར་དགོས་པའི་ནག་ཉེས་ཤིག་ཏུ་གྱུར། རྒྱུ་མཚན་འདི་འདྲ་ཡིན་སྟབས་མིག་མདུན་གྱི་སྒོར་མོ་ཁྲི་སྟོང་ལྷག་ལ་ཧེབ་ལངས་ནས་གཞན་གྱི་བྱིས་པ་བརྐུ་འཕྲོག་བསླུ་བྲིད་བྱེད་པའི་འདུན་མ་དང་བསམ་བློ་དང་བྱ་སྤྱོད་ཀྱི་སྦྱོར་བའི་རིགས་ལ་རྩ་བ་ནས་ཞུགས་མི་རུང་བ་མ་ཟད། ། གཞན་ཞིག་གིས་དེ་ལྟར་བྱས་ན་སྒོར་མོ་མང་པོ་སྟེར་ཞེས་པའི་བསྒོ་བ་ལ་མི་ཉན་པར་ནག་ཉེས་འདི་རིགས་ལ་ལག་པ་གཏན་ནས་མ་འཆང་ན་བཟང་། དེ་བཞིན་དུ་གཞན་གྱི་ལག་ནས་བྱིས་པ་ཉོས་ན་ཡང་ཉེས་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན་པས་ཉོ་མཁན་ལ་ལྗིད་ན་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཅད་ཆོག་པ་ཉེས་ཁྲིམས་སུ་གསལ། བྱིས་པ་དང་ཁྱིམ་ཚང་གི་བདེ་སྐྱིད་དང་རང་ཉིད་འཆི་ལམ་ལ་མི་འདེད་པ་དང་། བཙོན་དུ་འགྲོ་མི་དགོས་པ་བཅས་ཀྱི་ཆེད་དུ་ཉེས་བྱས་འདི་རིགས་དང་རྒྱང་དུ་བཀྱེད་དགོས།