ཉེ་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གི་བོད་སྐད་ཡིག་ལས་དོན་ལྷན་ཁང་གིས་ཡུལ་ཤུལ་གྱི་བརྡ་ཆད་བཀས་བཅད་བྱས་པའི་ཁྱབ་བསྒྲགས་ཤིག་སྤེལ་བར་བརྟེན། དྲ་ཐོག་ནས་ཁྱབ་བསྒྲགས་དེར་མངོན་པར་བསྟོད་ཆེད་བརྒྱུད་བསྐུར་རབས་དང་རིམ་པ་བྱས་དང་བྱེད་མུས་ཤིག་ཆགས་ཡོད། མི་མང་བོ་ཞིག་གིས་ཡུལ་ཤུལ་གྱི་བོད་སྐད་ཡིག་ལས་དོན་ལྷན་ཁང་གི་བཀས་བཅད་དེ་ཁྲིམས་བཟང་བོ་ཞིག་རེད་ཅེས་ལེགས་གསོལ་དང་བསྔགས་བརྗོད་ཡང་མི་ཉུང་བ་བརྗོད། དེས་ན། ས་གནས་སྲིད་གཞུང་མངའ་ཁོངས་ཀྱི་བོད་སྐད་

ཡིག་སྟངས་འཛིན་དོ་དམ་བྱེད་པའི་ལས་ཁུངས་འདིའི་ངོ་བོ་དང་དེ་ལ་ཁྲིམས་བཟོ་ཡི་དབང་ཐང་་ཡོད་མེད་དང་། དེའི་གནས་བབ་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་ཐུང་ཙམ་བྱས་ན་འདི་ལྟ་སྟེ།

རྩ་ཁྲིམས་ཀྱི་ནང་གི་མི་རིགས་སྐད་ཡིག་རང་དབང་དང་ཐོབ་ཐང་གི་དོན་ཚན།

རྩ་ཁྲིམས་ཀྱིས་མི་རིགས་རང་སྐྱོང་གི་རྩ་དོན་གཏན་དབབ་བྱས་པ་དང་ཆབས་ཅིག་ཏུ་སྤྱི་དམངས་ལ་རང་གི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་བྱེད་པའི་རང་དབང་ཡོད་པ་ངོས་ལེན་བྱས་པའི་རྒྱུ་མཚན་གྱིས། (རྩ་ཁྲིམས་ཀྱི་དོན་ཚན་བཞི་བར་གསལ།) ༡༩༨༤་ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་མི་རིགས་ས་གནས་རང་སྐྱོང་ཁྲིམས་བཅས་ཏེ། རང་སྐྱོང་ས་ཁུལ་གྱི་རང་སྐྱོང་དབང་འཛིན་ལས་ཁུངས་དང་རང་སྐྱོང་མི་རིགས་ཀྱིས་རང་སྐྱོང་ཇི་ལྟར་བྱེད་དགོས་པའི་སྐོར་ལ་དོན་ཚན་བརྒྱ་ལྷག་བཅས་ཏེ་གཏན་འཁེལ་གསལ་བོ་བྱས་ཡོད་པ་མ་ཟད།  ལྷག་པར་དུ་མི་རིགས་སོ་སོས་རང་གི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་ལམ་སྟོན་རང་བཞིན་ཅན་གྱི་གཏན་དབབ་གལ་ཆེན་ཀྱང་བྱས་ཡོད། རྩ་བའི་ཁྲིམས་ལུགས་ཀྱི་ཁྲིམས་ཡིག་འདི་དག་གཞིར་བཞག་སྟེ་མི་རིགས་རང་སྐྱོང་ས་ཁུལ་གྱིས་རང་རང་ས་ཁུལ་གྱི་རང་སྐྱོང་སྲོལ་ཡིག་བཟོས་ནས་རང་གི་གནས་བབས་དང་བསྟུན་ཏེ་ཆབ་དཔལ་རིག་གསུམ་གྱི་ལས་དོན་ཁག་རང་སྐྱོང་བྱེད་པར་རྩ་འཛིན་རང་བཞིན་ཅན་གྱི་ལམ་སྟོན་དང་གཏན་དབབ་བྱས། ཞིང་ཆེན་རིམ་པའི་རང་སྐྱོང་ས་ཁུལ་གྱིས་རང་གི་རང་

རྒྱལ་སྲིད་སྤྱི་ཁྱབ་ཁང་། 

སྐྱོང་སྲོལ་ཡིག་གཏན་དབབ་བྱེད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་ཐོན་ལས་ཁུངས་(能源部门)སོགས་ཀྱིས་ལས་ཁུངས་ཀྱི་ཁེ་ཕན་ཆེད་དུ་རང་སྐྱོང་ལྗོངས་ཀྱི་རང་སྐྱོང་སྲོལ་ཡིག་གི་ཟིན་བྲིས་ལ་དགག་བྱ་སྤེལ་ཏེ་བར་ཆད་བྱས་པའི་རྐྱེན་གྱིས་བོད་ལྗོངས་དང་ཞིན་ཅང་ལ་སོགས་པའི་རང་སྐྱོང་ལྗོངས་ལྔ་གང་རུང་གི་རང་སྐྱོང་སྲོལ་ཡིག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཆོག་མཆན་འགོད་མ་ཐུབ་པར་ད་བར་དུ་ལུས། བོད་རང་སྐྱོང་ལྗོངས་ལ་ཆ་མཚོན་ནས་བཤད་ན། རང་སྐྱོང་ལྗོངས་ཀྱི་རང་སྐྱོང་སྲོལ་ཡིག་གི་འཆར་ཟིན་དེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གིས་རེབ་ཐེངས་བཅུ་དྲུག་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཕུལ་ནས་ཆོག་མཆན་ཞུས་མོད་ཀྱང་། གོང་ནས་བཤད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་དེ་དག་གིས་ངམ་གནག་རང་བཞིན་ཅན་གྱི་བར་ཆད་རྒྱུན་ཆད་མེད་པར་བྱས་རྐྱེན་བོད་ལྗོངས་ཀྱི་རང་སྐྱོང་སྲོལ་ཡིག་ཕྱིར་འདོན་བྱ་དཀའ་བའི་ཚད་དུ་ལྷུང་།  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་ཡིད་རབ་ཏུ་མུག་ཅིང་མུ་མཐུད་དུ་ཁྲིམས་འཆར་ཕུལ་བའི་འདུན་པ་དང་རྗེས་འདེད་ཀྱི་སེམས་ཤུགས་་ཉམས་པས་བོད་རང་སྐྱོང་ལྗོངས་ཀྱི་རང་སྐྱོང་སྲོལ་ཡིག་ད་རག་བར་དུ་གསར་བཟོ་བྱས་མེད། འོན་ཀྱང་། རྒྱལ་ཡོངས་སུ་རང་སྐྱོང་ཁུལ་ ༣༠ ་ཡོད་པ་ཕལ་མོ་ཆེས་རང་གི་ས་གནས་ཀྱི་རང་སྐྱོང་ལ་ལམ་སྟོན་བྱེད་པའི་རང་སྐྱོང་སྲོལ་ཡིག་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་དུ་གསར་བཟོ་བྱས་ཤིང་། སྟོང་ལོ་གསར་བའི་ལོ་མགོ་ཡས་མས་སུ་འཕར་བཅོས་ཀྱང་བྱས་ཚར།

རང་སྐྱོང་ས་ཁུལ་གྱི་རང་སྐྱོང་བྱེད་པའི་མི་རིགས་དེའི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་བྱེད་དགོས་པ་དང་། ས་ཁུལ་དེའི་མི་རིགས་ཀྱི་སྐད་ཡིག་རང་དབང་མངོན་སུམ་དོན་ལྡན་གྱིས་ཁག་ཐེག་ཇི་ལྟར་བྱེད་དགོས་པ་ལ་དམིགས་ཏེ། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་ ཡས་མས་སུ་རང་སྐྱོང་ས་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་སྐྱོང་མི་རིགས་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་མི་རིགས་སྐད་ཡིག་ལས་དོན་སྲོལ་ཡིག་བཟོས། སྲོལ་ཡིག་དེ་དག་ཀྱང་ཉེ་བའི་ལོ་འགའི་སྔོན་ལ་འཕར་བཅོས་བྱས་ཟིན།

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་ལ་སོགས་པས་འབད་བརྩོན་གནང་བ་ལ་བརྟེན་ནས། ༡༩༨༧་ལོར་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གཏན་འབེབས་ཞེས་བྱ་བ་བཟོས་ཏེ། བོད་ལྗོངས་ནས་བོད་སྐད་ཡིག་འཛིན་སྐྱོང་བྱེད་པར་ས་གནས་ཁྲིམས་སྲོལ་གྱིས་ཁག་ཐེག་དང་ལམ་སྟོན་བྱེད་པའི་མགོ་ཚུགས། (བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གཏན་འབེབས་ཀྱི་ནང་དོན་ཆ་ཚང་ལ་ཞིབ་ཏུ་གཟིགས་འདོད་ན་དྲ་ཐག་འདིར་བསྣུན།http://trimleng.com/2018/04/02/tibetan-language-regulation-in-tra/)  གཏན་འབེབས་དེ་ལ་བརྟེན་ནས་བོད་ལྗོངས་ཀྱི་སྲིད་གཞུང་དང་ལས་ཁང་མང་པོ་ཡིས་བོད་སྐད་ཡིག་ཀྱང་གཞུང་ཕྱོགས་ཀྱི་སྐད་ཡིག་ལྟར་བཀོལ་སྤྱོད་བྱས་ཡོད། པཎ་

རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྲིམས་།

ཆེན་རིན་པོ་ཆེ་སྐུ་གཤེགས་པ་དང་། དེའི་རྗེས་ཀྱི་ ༢༠༠༠ ་ལོར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་(国家通用语言法)བཟོས་པའི་རྒྱུ་མཚན་གྱིས། ༢༠༠༢ ་ལོར་བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་གྱི་སྲོལ་ཡིག་དེར་ཡང་རྒྱའི་སྐད་ཡིག་ལ་ཕན་ཞིང་བོད་སྐད་ཡིག་ལ་མི་ཕན་པའི་འཕར་བཅོས་མང་པོ་བྱས་ཡོད། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གཏན་འབེབས་དེ་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་མངའ་ཁོངས་ཀྱི་ས་ཁུལ་མི་དམངས་སྲིད་གཞུང་གིས་ཀྱང་རང་གི་ས་ཁུལ་ནས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གཏན་འབེབས་དེ་ཇི་ལྟར་ལག་བསྟར་བྱེད་པའི་སྒྲིག་ཡིག་བཟོས། དཔེར་ན།ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་༢༠༡༧་ལོར་བོད་ཡིག་སྤྱི་ཚོགས་བཀོལ་སྤྱོད་ཐད་ཀྱི་དོ་དམ་ཐབས་ལམ་ཞེས་པའི་སྒྲིག་ཡིག་ཅིག་བཟོས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་ཁྲོམ་ར་སོགས་ནས་བོད་ཡིག་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད་པ་ལྟ་བུའོ། ། གཏན་འཁེལ་དེར་འགལ་མཁན་ལ་རྒྱ་སྒོར་སྟོང་གཉིས་ཡན་དང་ཁྲི་གཅིག་མན་གྱི་ཆད་པ་བཅད་ཆོག་ཟེར། (སྒྲིག་ཡིག་དེ་ཞིབ་ཏུ་ཀློག་འདོད་ན་འབྲེལ་ཐག་འདི་ལ་བསྣུན། http://trimleng.com/2017/05/29/chamdos-language-law/) བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལོགས་སུ་ཡོད་པའི་བོད་རིགས་རང་སྐྱོང་ཁུལ་བཅུ་ཡོད་པ་དེ་དག་གིས་ཀྱང་དུས་རབས་བརྒྱད་ཅུ་གྱ་གྲངས་ནང་རང་སྐྱོང་སྲོལ་ཡིག་བཟོས་ཚར་བ་དང་བསྟུན་ནས རང་སྐྱོང་ཁུལ་མང་ཆེ་བས་རང་གི་ས་ཁུལ་ནས་བོད་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བོད་སྐད་ཡིག་གི་ལས་དོན་སྲོལ་ཡིག་བཟོས་ཏེ་འཕར་བཅོས་ཀྱང་བྱས་ཡོད། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱིས་༢༠༡༨་ལོར་ད་གཟོད་རྔ་བ་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་ལས་དོན་སྲོལ་ཡིག་བཟོ་ཐུབ་པ་བྱུང་ཡོད། (སྲོལ་ཡིག་གསར་བ་དེ་ཀློག་འདོད་ན་འབྲེལ་ཐག་འདིར་བསྣུན། http://ti.zangdiyg.com/Article/detail/id/11799.html ) བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་བོད་སྐད་ཡིག་ལས་དོན་སྲོལ་ཡིག་ད་རག་བར་དུ་བཟོ་ཐུབ་པ་བྱུང་མེད།

མི་རིགས་རང་སྐྱོང་ས་ཁུལ་ནས་རང་སྐྱོང་སྲོལ་ཡིག་དང་སྐད་ཡིག་ལས་དོན་སྲོལ་ཡིག་མ་བཟོས་པའི་སྔོན་དུ། སྐད་ཡིག་ལས་དོན་ལྷན་ཁང་ལ་སྐད་སྒྱུར་ཅུའུ་དང་ཡང་ན་ལོ་ཙཱ་ཅུའུ་ཟེར་གྱི་ཡོད། མི་རིགས་རང་སྐྱོང་ས་ཁུལ་གྱི་སྐད་ཡིག་ལས་དོན་སྲོལ་ཡིག་གཏན་དབབ་བྱས་པའི་རྗེས་སུ་ལས་ཁུངས་འདིའི་མིང་ཡང་སྐད་ཡིག་ལས་དོན་ལྷན་ཁང་ཞེས་པར་བསྒྱུར། བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གཏན་འབེབས་ཀྱི་དོན་ཚན་ ༡༣ པ་ཡི་ནང་དུ་༼ རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བོད་སྐད་ཡིག་ལས་དོན་སྡེ་ཚན་གྱིས་བོད་སྐད་ཡིག་སྦྱོང་སྤྱོད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ༽ ཞེས་བོད་སྐད་ཡིག་ལས་དོན་ལྷན་ཁང་གི་ངོ་བོ་དང་བྱེད་ནུས་ཁ་གསལ་བར་བརྗོད། དེས་ན། བོད་ཁུལ་གྱི་རྫོང་དང་ཁུལ་སོ་སོ་ན་ཡོད་པའི་བོད་སྐད་ཡིག་ལས་དོན་ལྷན་ཁང་ནི་ས་གནས་ཁྲིམས་སྲོལ་བཟོ་བའི་ལས་ཁུངས་ཤིག་མིན་པར། རང་སྐྱོང་ས་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བཟོས་པའི་བོད་སྐད་ཡིག་འཛིན་སྐྱོང་སྐོར་གྱི་ས་གནས་ཁྲིམས་སྲོལ་དང་སྲིད་གཞུང་གིས་བཟོས་པའི་བོད་སྐད་ཡིག་གི་སྲོལ་ཡིག་ལག་བསྟར་གཏན་འབེབས་སོགས་ལག་བསྟར་བྱེད་པར་ལྟ་རྟོག་དང་སྐུལ་འདེད་བྱེད་པའི་ལས་ཁུངས་ཤིག་ཡིན།

ཁྲིམས་བཟོ་ཡི་འགྲོ་ལུགས་ལྟར་ན། རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་ལ་རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་ལ་སོགས་པའི་ས་གནས་ཁྲིམས་སྲོལ་བཟོ་བའི་དབང་ཐང་ཚད་ཡོད་པ་མ་གཏོགས། ལས་ཁུངས་དང་ལས་ཁང་གཞན་ལ་འདི་ལྟ་བུའི་ས་གནས་སྲོལ་ཡིག་གསར་བཟོ་བྱེད་པའི་དབང་ཚད་མེད། སྲིད་གཞུང་གི་འཁོར་སྐྱོད་བྱེད་སྟངས་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཁྲིམས་བཟོ་ཡི་ལས་དོན་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལས་བྱུང་བའི་མི་དམངས་སྲིད་གཞུང་གིས་ཆབ་སྲིད་དང་ཁྲིམས་ལུགས་འཛིན་སྐྱོང་གི་ལས་དོན་བྱེད་པ། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་དང་ལྟ་ཞིབ་ལྷན་ཁང་གིས་ཁྲིམས་ལ་བརྟེན་ནས་བདེན་རྫུན་གྱི་ཤན་འབྱེད་པ་དང་ཁྲིམས་ལ་བྱ་ར་བྱེད་པ་བཅས་ཡིན། སྒྲ་ཡངས་འཇུག་གི་སྲིད་གཞུང་ནི་སྒྲོམ་གཞི་དེ་ཡོངས་ལ་གོ་དགོས་ཤིང་། སྒྲ་དོགས་འཇུག་གི་སྲིད་གཞུང་ཟེར་དུས་མི་དམངས་འཐུས་མི་ཚོགས་ཆེན་ལས་བྱུང་ཞིང་དེའི་ཁྲིམས་དང་བཀའ་ལག་བསྟར་དང་འཛིན་སྐྱོང་བྱེད་པའི་སྲིད་གཞུང་བྱེ་བྲག་པ་དེ་ལ་གོ བོད་རིགས་རང་སྐྱོང་ས་ཁུལ་གྱི་བོད་སྐད་ཡིག་ལས་དོན་ལྷན་ཁང་གི་ཁོངས་གཏོགས་ནི་འདིའི་སྐབས་ཀྱི་སྒྲ་དོགས་འཇུག་གི་སྲིད་གཞུང་གི་ཡན་ལག་དང་སྡེར་གཏོགས་ལས་ཁུངས་ཡིན་ཕྱིན། ལས་ཁུངས་དེ་ཡིས་བོད་སྐད་ཡིག་ལས་དོན་སྐོར་གྱི་ས་གནས་ཁྲིམས་སྲོལ་ལག་བསྟར་ལྟ་སྐུལ་བྱེད་པ་ལས་དེ་ལ་ས་གནས་ཁྲིམས་སྲོལ་དང་སྒྲིག་ཡིག་བཟོ་བའི་དབང་ཚད་མེད།

ཁྲིམས་བཟོའི་ཁྲིམས།

ད་ལྟ་བོད་རིགས་རང་སྐྱོང་ས་ཁུལ་གྱི་བོད་སྐད་ཡིག་ལས་དོན་ལྷན་ཁང་གིས་རང་རང་ས་ཁུལ་གྱི་ཁྲོམ་སྲང་སོགས་སུ་བོད་སྐད་ཡིག་ཚད་ལྡན་ བཀོལ་སྤྱོད་བྱེད་པར་སྟངས་འཛིན་ལྟ་སྐུལ་བྱེད་པའི་ལས་དོན་ཙམ་ལ་གཞོལ་བཞིན་པ་མ་གཏོགས། གོང་རིམ་སྲིད་གཞུང་དང་རང་སྐྱོང་ས་ཁུལ་སྲིད་གཞུང་གི་སློབ་གསོ་ལས་ཁུངས་སོགས་ཀྱིས་བོད་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་པར་བར་ཆད་བྱེད་པའི་སློབ་གསོའི་སྲིད་ཇུས་དང་། སྨན་ཁང་སོགས་སུ་བོད་སྐད་ཡིག་སྐད་སྒྱུར་ལ་སོགས་པའི་མཐུན་རྐྱེན་མེད་པས་ནད་པའི་ཁེ་དབང་ལ་གནོད་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ཁག་ལ་བོད་སྐད་ཡིག་ལས་དོན་ལྷན་ཁང་གིས་སྡིག་པ་མིག་བཙུམས་བྱས་ཏེ་བསྡད་འདུག དཔེར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་ལས་དོན་ སྲོལ་ཡིག་གི་དོན་ཚན་ ༢༢ ་པ་ཡི་ནང་དུ། རང་སྐྱོང་ཁུལ་གྱི་བོད་རིགས་སློབ་ཆུང་དང་སློབ་འབྲིང་བཅས་སུ་བོད་སྐད་ཡིག་གཙོ་བོར་བྱས་ཏེ་སློབ་ཁྲིད་བྱེད་དགོས་ཞེས་གཏན་འཁེལ་བྱས་ཡོད་ཀྱང་། དངོས་ཡོད་གནས་སྟངས་ནི་བོད་སྐད་ཡིག་གི་སློབ་ཚན་མ་གཏོགས་ཁྲིད་གཞི་གཞན་ཚང་མ་ད་བར་རྒྱ་ཡིག་གིས་ཁྲིད་བཞིན་ཡོད། གནད་དོན་འདི་རིགས་ལ་མཚོ་ལྷོ་ཁུལ་བོད་སྐད་ཡིག་ལས་དོན་ལྷན་ཁང་མདུན་ལ་ཐོན་ཏེ་རང་སྐྱོང་ཁུལ་གྱི་རང་རྐྱ་ཐུབ་པའི་སློབ་གསོ་ལས་དོན་དང་རང་སྐྱོང་གི་དབང་ཐང་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ལས་ཁུངས་ཀྱི་ཁྲིམས་འགལ་གྱི་སྲིད་བྱུས་ དེ་ལ་ཕྱིར་བཟློག་གི་ཐབས་ལམ་འཚོལ་དགོས། གནད་དོན་དེ་དག་ལ་བཏང་སྙོམས་དང་

ཁྲི་ཀ་རྫོང་གི་སྲིད་གཞུང་གིས་བོད་སྐད་ཡིག་ལ་དོ་སྣང་མེད། 

མི་སྨྲ་བའི་བརྟུལ་ཞུགས་བཟུང་ནས་བསྡད་པས་དོན་འཐུས་ཤོར་དུ་ཕྱིན་པས་མི་ཚད་བོད་མི་དམངས་ལའང་གྱོང་གུན་ཚབས་ཆེན་བཟོས་པརེད། དེ་བཞིན་དུ་ ༢༠༠༢ ་ལོར་བོད་རང་སྐྱོང་ལྗོངས་ཀྱི་འཐུས་ཚོགས་ཀྱིས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གཏན་འབེབས་ལ་ལུགས་དང་མི་མཐུན་པའི་འཕར་བཅོས་བྱེད་སྐབས། རྒན་བཀྲ་ཤིས་ཚེ་རིང་གཅིག་པུས་རྩལ་དུ་སྤྲུགས་ནས་དགག་པ་ནན་མོ་མཛད་ཡོད་པ་མ་གཏོགས། གནད་དོན་འདི་ལ་གདོང་ལེན་བྱེད་པར་འགན་ཁུར་ཡོད་པའི་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ལྷན་ཁང་དེ་དགུན་གྱི་ཁུ་བྱུག་ལྟར་གྲག་འགུལ་ཅི་ཡང་མེད་པར་བསྡད་པ་རེད། ་(ཁོང་གི་ཞུ་མཆུད་དྲ་ཐག་འདི་བརྒྱུད་ནས་ལྟ་ཐུབ།   http://trimleng.com/2016/11/08/tashi-tserings-letters/)

དབང་ཆེན་ལག་ཏུ་ཡོད་དུས་དོན་ཆེན་ཤུགས་ཀྱིས་བསྒྲུབ་དགོས། མི་དམངས་དང་རྒྱལ་ཁབ་ཀྱིས་བོད་སྐད་ཡིག་ལས་དོན་ལྷན་ཁང་ལ་དབང་ཐང་མི་ཆུང་བ་ཞིག་དང་རོགས་དངུལ་ཀྱང་མི་ཉུང་བ་ཞིག་སྤྲད་དང་སྤྲོད་བཞིན་ཡོད་ན། ལས་ཁུངས་དེས་ཀྱང་བོད་སྐད་ཡིག་ལ་ཕན་པའི་ལས་དོན་རྣལ་མ་ཤུགས་ཀྱིས་བསྒྲུབ་དགོས། རྒྱལ་ཁབ་ཀྱིས་ལོ་རེར་ས་ཆ་སོ་སོའི་བོད་སྐད་ཡིག་ལྷན་ཁང་ལ་རོགས་དངུལ་སྤྲོད་བཞིན་པའི་གནས་ཚུལ་ནི་དཔེར་ན། བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་ལྷན་ཁང་ལ་ལོ་རེར་རོགས་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་ལྷག་སྤྲོད་ཀྱིན་ཡོད། (ལས་ཁུངས་དེའི་རྩིས་ཁྲ་དྲ་ཐག་འདི་ན་གསལ། http://www.xizang.gov.cn/zwgk/xxgk/zdlyxxgk/sgjf/201702/t20170209_120041.html ) མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་ལས་དོན་ལྷན་ཁང་གི་ལོ་རེའི་ཡོང་སྒོ་དང་འགྲོ་སོང་རྒྱ་སྒོར་བྱེ་བ་བཞི་ཟིན། དེས་ལོ་རེར་༼ཡོངས་འཛིན་བོད་ཡིག་འཚོལ་བཤེར་འཕྲུལ་ལམ་༽གྱི་ཞིབ་འཇུག་སྟེང་རྒྱ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་གི་འགྲོ་གྲོན་གཏོང་གི་ཡོད་སྐད། (ལས་ཁུངས་དེའི་༢༠༡༧་ལོའི་རྩིས་ཁྲ་འབྲེལ་ཐག་འདི་ནས་ལྟ་ཐུབ། http://www.qhhn.gov.cn/xxgk/zfxxgk/201809/P020181015596158828371.pdf ) ཁོང་ཚོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་དང་སློབ་གྲྭ་སོགས་ཀྱིས་བོད་ཡིག་སྣང་མེད་དུ་གཏོང་བའི་གནད་དོན་དང་། རང་སྐྱོང་ཁུལ་མངའ་ཁོངས་ཀྱི་བོད་རིགས་སློབ་གྲྭ་ཕལ་ཆེ་བ་ཡིས་ད་བར་རྒྱའི་སྐད་ཡིག་གཙོ་བོར་བྱས་ཏེ་སློབ་ཁྲིད་བྱེད་བཞིན་ཡོད་པའི་གནད་དོན་ལ་ཡོ་བསྲང་མི་བྱེད་པར་བོད་རིགས་བྱིངས་ཀྱི་མི་སེར་གྱིས་ཀྱང་གསར་བཏོད་ནུས་པའི་ཚན་རྩལ་འཕྲུལ་ལམ་ལ་མགོ་འཁོར་ནས་བསྡད་ན་ག་ལ་འགྲིག

ཕྱི་ཚུལ་གྱི་མཛེས་ཆོས་ཙམ་དུ་གནས་པའི་བོད་སྐད་ཡིག་ལ་བཀོལ་སྤྱོད་དང་སྤྱི་སྤྱོད་སྐད་ཡིག་མི་ཟེར་ལ། གཞུང་ཡིག་དང་ཐམ་ཀ་སོགས་ཀྱི་སྟེང་དུ་བོད་ཡིག་རེ་འགའ་བྲིས་པའམ་བོད་སྐད་ཀྱིས་གཏམ་བཤད་ཐར་ཐོར་རེ་བྱེད་པ་དེས་ཀྱང་བོད་སྐད་ཡིག་ནི་གཞུང་ཕྱོགས་ཀྱི་སྐད་ཡིག་ཡིན་པ་མཚོན་མི་ནུས། བོད་སྐད་ཡིག་བཀོལ་སྤྱོད་བྱེད་ཐུབ་མིན་གྱི་རྕ་བ་སློབ་གསོ་ལ་ཐུག་ཡོད། སློབ་གསོའི་རྩ་བ་དེ་ཡང་བོད་སྐད་ཡིག་གི་སྒོ་ནས་སློབ་ཁྲིད་བྱེད་མིན་ལ་ཐུག་ཡོད། བོད་སྐད་ཡིག་ལས་དོན་ལྷན་ཁང་གིས་བོད་སྐད་ཡིག་ལས་དོན་སྲོལ་ཡིག་གཞིར་བཟུང་སྟེ་སློབ་གྲྭ་ནས་བོད་སྐད་ཡིག་དེསློབ་གསོ་དང་སྨན་ཁང་སོགས་ནས་བོད་སྐད་ཡིག་གིས་སྐད་སྒྱུར་ལོ་ཙྭ་བྱེད་པའི་བཙན་ས་འཛིན་པར་མགོ་ལ་མེ་ཤོར་བ་ལྟ་བུའི་ཀུན་སློང་གིས་གཙིགས་སུ་བཟུང་སྟེ་བསྒྲུབ་དགོས། དེང་སང་སྨན་ཁང་སོགས་སུ་བོད་པས་སྐད་བརྡ་མ་འཕྲོད་པར་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ཚབས་ཆེན་འདི་རིགས་ཀྱི་གནད་དོན་སེལ་བར་བྱེད་པ་ལས་ཁུངས་འདི་རིགས་ཀྱིས་ངེས་པར་དུ་རམ་འདེགས་བྱས་ཏེ་རང་སྐྱོང་ས་ཁུལ་གྱི་སྨན་ཁང་རེ་རེའི་ནང་བོད་སྐད་ཡིག་ཤེས་པའི་སྨན་པ་དང་ལོ་ཙྭ་བ་ཡོད་པར་བྱ་བའི་ཐད་ལ་ལས་དོན་འཐུས་ཚང་སྒྲུབ་དགོས་པ་ལྟ་བུ།  

མདོར་ན། བོད་རིགས་རང་སྐྱོང་ས་ཁུལ་གྱི་བོད་སྐད་ཡིག་ལས་དོན་ལྷན་ཁང་གི་ངོ་བོ་དང་བྱེད་ནུས་ནི་རང་རང་ས་ཁུལ་གྱིས་བཟོས་པའི་སྐད་ཡིག་ལས་དོན་སྲོལ་ཡིག་དང་སྒྲིག་ཡིག་ཚུལ་དང་མཐུན་པའི་སྒོ་ནས་ལག་བསྟར་བྱེད་པར་སྟངས་འཛིན་བྱེད་པ་དང་། རང་གི་མངའ་ཁོངས་ཀྱི་བོད་རིགས་སློབ་གྲྭ་དང་སློབ་གསོ་སྡེ་ཁག་བཅས་ཀྱིས་བོད་སྐད་ཡིག་དར་སྤེལ་ཐད་ཀྱི་སློབ་གསོའི་ལས་དོན་ལ་མཛུབ་སྟོན་དང་། ལྟ་རྟོག་དང་ཐབས་ལམ་སོགས་མཁོ་སྤྲོད་བྱས་ཏེ། བོད་སྐད་ཡིག་གི་མདུན་ལམ་ལ་གནོད་པའི་སྲིད་བྱུས་དང་ཡིག་ཆ་དུས་ལྟར་བཟློག་ནས་ཁྲིམས་ལ་བརྟེན་ཏེ་སྲིད་བྱུས་དེ་དག་་ཡོ་བསྲང་བྱེད་དགོས། བོད་སྐད་ཡིག་ལས་དོན་ལྷན་ཁང་ལ་བོད་སྐད་ཡིག་ཐད་ཀྱི་ས་གནས་ཁྲིམས་སྲོལ་སོགས་གཏན་

བོད་རིགས་རང་སྐྱོང་ས་ཁུལ་གྱི་བོད་སྐད་ཡིག་ཐོབ་ཐང་གི་ཁྲིམས་ཡིག

འབེབས་དང་གསར་བཟོ་བྱེད་པའི་དབང་ཚད་མེད་ནའང་། ས་གནས་མི་དམངས་འཐུས་མི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་སྐད་ཡིག་གི་སྲོལ་ཡིག་དང་སྒྲིག་ཡིག་སོགས་གཞིར་བཟུང་སྟེ་བོད་སྐད་ཡིག་ བཀོལ་སྤྱོད་ཚད་ལྡན་མི་བྱེད་པ་དང་། བོད་སྐད་ཡིག་ལ་མཐོང་ཆུང་བྱེད་པའི་གང་ཟག་དང་ལས་ཁུངས་བཅས་ལ་སྒོར་ཆད་ལ་སོགས་པའི་སྲིད་འཛིན་ཆད་པ་གཅོད་པའི་དབང་ཐང་ཡོད།  དབང་ཐང་འདི་ལ་བརྟེན་ནས་བོད་སྐད་ཡིག་གི་ཐོབ་ཐང་སྲུང་སྐྱོབ་བྱེད་པ་དང་བོད་རིགས་སྤྱི་དམངས་ལ་ཕན་བདེ་སྒྲུབ་པ། བོད་སྐད་ཡིག་གི་ཆེད་ལས་མི་སྣ་ཚད་ལྡན་གསོ་སྐྱོང་བྱེད་པ་ལ་སོགས་པའི་ལས་ལདངོས་ཤུགས་བརྒྱུད་གསུམ་གྱི་ལས་དོན་སྒྲུབ་རན་རེད།

འདི་འདྲའི་ལས་ཁང་ཞིག་གི་ངོ་བོ་དང་དབང་ཚད་ང་ཚོ་མང་ཚོགས་དཀྱུས་མ་རྣམས་ཀྱིས་རྒྱུས་ལོན་པར་བྱས་ན། ང་ཚོས་ཀྱང་བོད་སྐད་ཡིག་ལས་དོན་ལྷན་ཁང་ལ་སྡོང་གྲོགས་བྱས་ཏེ་བོད་སྐད་ཡིག་འདུས་པའི་བོད་མིའི་ཐོབ་ཐང་སྲུང་སྐྱོབ་སྔར་ལས་རྒྱ་ཆེ་བ་ཞིག་བྱེད་ཐུབ་པ་དང་། བོད་སྐད་ཡིག་གི་ཐོབ་ཐང་ལ་བརྩི་བཀུར་མི་བྱེད་པའི་སྣང་ཚུལ་སོགས་ལས་ཁུངས་འདི་ལ་སྙན་ཞུ་ཕུལ་ནས་ཡོ་བསྲང་བྱེད་དུ་བཅུག་ཆོག