སྤེལ་དུས། 2015-05-12   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཨ་གུར།  
སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅོ་ལྔ་བའི་སྟེང་ཞིབ་དཔྱད་བྱས་ཏེ་ཆོག་མཆན་ཐོབ་པའི《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་ཁྲིམས་སྲོལ》(གཤམ་དུ《ཁྲིམས་སྲོལ》ཞེས་བསྡུས་འབྲི་བྱ་རྒྱུ་ཡིན།)དེ་ཟླ ༦ པའི་ཚེས ༡ ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།  དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན།༡༩༩༨ལོའི་ཟླ༤བར་ལག་བསྟར་བྱས་ཤིང་དཀར་མཛེས་ཁུལ་གྱིས་ད་ལྟ་བཀོལ་བཞིན་པའི《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྲིམས་སྲོལ》ནང་གི་དོན་ཚན་ཕལ་ཆེ་བ་ཞིག་ད་ལྟའི་གནས་བབ་དང་འཚམས་པོ་མི་འདུག་ཅིང་།ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་གི་སྲིད་ཇུས་སྔར་ལས་ལེགས་པར་ལ

ག་ལེན་མཐའ་འཁྱོལ་ཡོང་ཆེད་དང་།བོད་ཀྱི་སྐད་དང་ཡི་གེར་སློབ་སྦྱོང་བྱེད་པ།ཞིབ་འཇུག་བྱེད་པ།བཀོལ་སྤྱོད་བྱེད་པ།དོ་དམ་བྱེད་པ་དང་འཕེལ་རྒྱས་འགྲོ་བར་ཁག་ཐེག་དང་སྐུལ་འདེད་བྱས་ཏེ།བོད་ཀྱི་སྐད་ཡིག་ཚུལ་དང་མཐུན་པ་དང་།ཚད་དང་ལྡན་པ།བརྡ་འཕྲིན་ཅན་དུ་གཏོང་ཆེད།དཀར་མཛེས་ཁུལ་གྱིས《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྲིམས་སྲོལ》མེད་པར་བཟོས་ཤིང་།འབྲེལ་ཡོད་སྒྲིག་ཁྲིམས་ལ་གཞི་བཅོལ་བ་དང་།དངོས་ཡོད་གནས་ཚུལ་དང་སྦྲེལ་ནས《ཁྲིམས་སྲོལ》བསྐྱར་དུ་བཟོས་ཏེ་གཏན་ལ་ཕབ།  《ཁྲིམས་སྲོལ》གྱི་ནང་དུ་དོན་ཚན་བཞི་བཅུ་ཞེ་གཅིག་བཞག་ཡོད།དེའི་ནང་དུ་སྤྱིའི་རྩ་དོན་དང་།བོད་ཀྱི་སྐད་བརྡ་དང་རྩོམ་རིག་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པ།བོད་ཀྱི་སྐད་ཡིག་གི་བཀོལ་སྤྱོད་དང་དོ་དམ།བོད་ཀྱི་སྐད་ཡིག་གི་རུ་དཔུང་འཛུགས་སྐྲུན།ཁྲིམས་ལུགས་འགན་ཁུར་དང་ཟུར་བསྣན་དོན་ཚན་བཅས་འདུ་ཞིང་།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་སྐད་ཡིག་བྱ་བར་ཁྱོན་ཀུན་ནས་གཏན་འབེབས་བྱས་ཡོད།དེའི་ནང་དོན་འབྲེལ་ཡོད་ཁྲིམས་ལུགས་ཀྱི་གཏན་ཁེལ་དང་མཐུན་པ་དང་དཀར་མཛེས་ཁུལ་གྱི་དངོསག་ཡོད་གནས་ཚུལ་དང་ཡང་མཐུན།  བོད་ཀྱི་སྐད་ཡིག་གི་བྱ་བའི་འགྲོ་གྲོན་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ཀྱི་ནང་དུ་འཇོག་པ།  དང་ཐོག་གི《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྲིམས་སྲོལ》གྱིས“བཀོལ་སྤྱོད”ཙམ་ལས།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་སྐད་ཡིག་བྱ་བའི་ཁྱོན་ཡོངས་དང་ཕྱོགས་སོ་སོ་མཚོན་གྱི་མེད།དེ་བས།མིག་སྔའི་གནས་བབ་དང་འགན་ཁུར།བོད་ཀྱི་སྐད་ཡིག་གི་བླང་བྱ་དང་སྦྲེལ་ནས།《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྲིམས་སྲོལ》དེ《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་གི་ཁྲིམས་སྲོལ》དུ་བསྒྱུར།དེ་བྱས་ན་བོད་ཀྱི་སྐད་དང་ཡི་གེའི“བཀོལ་སྤྱོད”གཏོགས་པ་མ་ཟད།བོད་ཀྱི་སྐད་ཡིག་གི“སློབ་སྦྱོང་དང་ཞིབ་འཇུག དོ་དམ་དང་འཕེལ་རྒྱས”སོགས་ཀྱང་འདུ་ལ།ནང་དོན་སྔར་ལས་རྒྱ་ཆེ་ཞིང་ཡང་དག་པ་ཡིན།  བོད་ཀྱི་སྐད་ཡིག་བྱ་བ་སྐྱོན་བྲལ་དང་ཟམ་མི་ཆད་པར་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱ་ཆེད་དུ།《ཁྲིམས་སྲོལ》གྱི་དོན་ཚན་ལྔ་བར།“རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་བོད་ཀྱི་སྐད་ཡིག་བྱ་བའི་གྲོན་དངུལ་དེ་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇོག་དགོས་པ་དང་།མ་དངུལ་གྱི་དོ་དམ་དང་བཀོལ་སྤྱོད།ལྟ་རྟོག་ལ་ཤུགས་སྣོན་དགོས།”ཞེས་གཏན་ལ་ཕབ་ཡོད།  དཀར་མཛེས་ཁུལ་གྱིས་བོད་ཀྱི་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱི་ཁྱབ་ཀྱིས་བཀོལ་སྤྱོད་བྱེད་པ།  ཟམ་མི་ཆད་པར་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་དང་།བཀོལ་སྤྱོད།དོ་དམ་གྱི་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།《ཁྲིམས་སྲོལ》གྱི་དོན་ཚན་དྲུག་པར།“རང་སྐྱོང་ཁུལ་གྱིས་བོད་ཀྱི་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱི་ཁྱབ་ཀྱིས་བཀོལ་སྤྱོད་བྱེད་དགོསཤིང་།བོད་རིགས་སྤྱི་དམངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་བྱེད་པ་དང་བཀོལ་སྤྱོད་བྱེད་པར་སྐུལ་མ་བྱས་ནས་དེ་དར་སྤེལ་གཏོང་དགོས།རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་པའི་སྤྱི་དམངས་ཀྱིས་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་སྐུལ་མ་བྱས་ནས་དེ་དར་སྤེལ་གཏོང་དགོས།”ཞེས་གཏན་ཁེལ་བྱས་ཡོད།  སྤྱི་ཚོགས་ནང་བཀོལ་བའི་བོད་ཡིག་དེ་ཚད་གཞི་ཆེན་པོ་ལྔ་དང་མཐུན་དགོས་པ།  དཀར་མཛེས་ཁུལ་གྱིས་སྤྱི་ཚོགས་ནང་བཀོལ་བའི་བོད་ཡིག་ལ་རྙོག་འཁྲུལ་ཆེ་ཞིང་མགོ་རྔ་མེད་པ།ཚུལ་མཐུན་གྱི་ཚད་གཞི་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས།སྤུན་ཟླ་མི་རིགས་གཞན་པའི་རང་སྐྱོང་ས་ཆའི་བྱེད་ཐབས་གཙོ་བོ་དང་ལེགས་གྲུབ་བྱུང་བའི་ཉམས་མྱོང་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་དུ།《ཁྲིམས་སྲོལ》གྱི་དོན་ཚན་ཉེར་བརྒྱད་པའི་ནང་དུ་ཕྱོགས་ལྔ་ནས་བོད་ཀྱི་སྐད་ཡིག་གི་ཚུལ་མཐུན་ཚད་གཞི་སྔར་ལས་ཀྱང་གསལ་བོར་གཏན་ཁེལ་བྱས་ཡོད་དེ། (གཅིག) སྤྱི་ཚོགས་ནང་བཀོལ་བའི་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལོ་ཙཱ་བྱས་པ་ངེས་པར་དུ་ཡང་དག་ཡིན་དགོས། (གཉིས།)ལས་ཁུངས་དང་།མི་དམངས་ཀྱི་ཚོགས་པ།ཁེ་ལས་ལས་ཁུངས་ཀྱིས་བོད་ཡིག་བཀོལ་དུས་མི་སྣ་མིང་གྲགས་ཅན་གྱིས་བྲིས་པའི་ཡིག་གཟུགས་མ་གཏོགས་ངེས་པར་དུ་དབུ་ཅན་གྱིས་འབྲི་དགོས། (གསུམ།) བོད་ཡིག་འབྲི་བ་དང་།པར་འདེབས་པ།པར་རྐོ་བ།རྩི་གཏོར་ནས་ཡི་གེ་འབྲི་བ་སོགས་ཚད་ལྡན་དང་།གྲལ་འགྲིག་པོ།ངོས་འཛིན་སླ་བ་ཡིན་དགོས། (བཞི།)བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེའི་ཆེ་ཆུང་ཚད་ལྡན་དང་གཅིག་མཐུན་ཡིན་དགོས་ཤིང་།ཁ་དོག་དང་རྒྱུ་ཆའང་གཅིག་གྱུར་ཡིན་དགོས།(ལྔ།)བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་འབྲི་དུས་གཤམ་གྱི་ཚད་གཞི་ལྟར་དུ་སྒྲིག་འགོད་བྱེད་དགོས་ཏེ།ཐད་དུ་འབྲི་དུས་བོད་ཡིག་ཐོག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་འོག་ཏུ་འབྲི་དགོས།ཡང་ན་བོད་ཡིག་སྔོན་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཞུག་ཏུ་འབྲི་དགོས།གྱེན་དུ་འབྲི་དུས་བོད་ཡིག་གཡོན་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཡས་སུ་འབྲི་དགོས།གོར་སྐོར་དུ་སྒྲིག་འགོད་བྱེད་དུས་བོད་ཡིག་ནང་ངོས་སུ་འབྲི་བ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་ཕྱི་ངོས་སུ་འབྲི་དགོས།ཡང་ན་བོད་ཡིག་ཐོག་གི་གོར་ཕྱེད་སྟེང་དུ་འབྲི་བ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་འོག་གི་གོར་ཕྱེད་སྟེང་དུ་འབྲི་དགོས།བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་སོ་སོར་བྱང་བུ་གཉིས་ཀྱི་སྟེང་དུ་འབྲི་དུས་བོད་ཡིག་གི་བྱང་བུ་གཡོན་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེའི་བྱང་བུ་གཡས་སུ་འགེལ་དགོས།ཡང་ན་བོད་ཡིག་གི་བྱང་བུ་ཐོག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེའི་བྱང་བུ་འོག་ཏུ་འགེལ་དགོས།ཡི་གེ་གཞན་པ་བཀོལ་དགོས་ཚེ་བོད་ཡིག་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་བྱས་ཏེ་རིམ་པ་ལྟར་སྒྲིག་འགོད་བྱེད་དགོས།  གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྡེ་ཁག་ལ་ལྟ་རྟོག་དང་དོ་དམ་གྱི་འགན་འཁྲི་ཡོད།  《ཁྲིམས་སྲོལ》གྱི་དོན་ཚན་ཉེར་དགུ་བར།ཁུལ་དང་རྫོང་གི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་ལྟ་རྟོག་དང་དོ་དམ་གྱི་ལས་འགན་གཏན་ཁེལ་བྱས་ཏེ་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་ལྟ་སྲུང་ལས་འགན་ཇེ་གསལ་དུ་བཏང་ཡོད།དུས་མཚུངས་སུ།སྤྱི་ཚོགས་ནང་བཀོལ་བའི་ཡི་གེ་དང་བརྡ་ཆད་གསར་བར་གཅིག་གྱུར་གྱི་ལོ་ཙཱའི་ཚད་གཞི་ཞིག་མེད་པས་ལོ་ཙཱའི་ཚད་གཞི་གཅིག་གྱུར་མིན་པའི་གནད་དོན་བྱུང་ཡོད་ལ།བསྒྱུར་སྒྲིག་སྡེ་ཁག་གིས་ཡོན་ཏན་པ་དང་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་ལེགས་པོ་ཞིག་བྱས་པའི་རྨང་གཞིའི་སྟེང་དུ།སྤྱི་ཚོགས་ནང་བཀོལ་བའི་ཡི་གེ་དང་བརྡ་གསར་སྔར་ལས་གཅིག་གྱུར་བྱེད་པ་དང་།ཞིབ་བཤེར་གཏན་འབེབས་དང་ཆོག་མཆན་གྱི་འགན་འཁུར་དགོས།  བོད་ཀྱི་སྐད་ཡིག་བྱ་བའི་རུ་དཔུང་འཛུགས་པར་ཤུགས་སྣོན་པ།  དཀར་མཛེས་ཁུལ་གྱི་བོད་ཀྱི་སྐད་ཡིག་བྱ་བའི་ལས་ཁུངས་དང་དེའི་འགན་ནུས་སྔར་ལས་ལྷག་པར་ཚད་ལྡན་དུ་གཏོང་ཆེད་དམ།མིག་སྔའི་དཀར་མཛེས་ཁུལ་གྱི་གྲངས་ཉུང་མི་རིགས་སྐད་ཡིག་ཨུ་ཡོན་ལྷན་ཚོགས་ཀྱི་དངོས་ཡོད་གནས་ཚུལ་དང་།གྲངས་ཉུང་མི་རིགས་སྐད་ཡིག་ཨུ་ཡོན་ལྷན་ཚོགས་དང་དེའི་གཞུང་ལས་ཁང་ནང་ལྷགས་པའི་འགན་ནུས་སྣོལ་བསྡེབས་དང་ལས་འགན་མི་གསལ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས།《ཁྲིམས་སྲོལ》གྱི་དོན་ཚན་སོ་ལྔ་བར།“རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་སློབ་གསོ་དང་།མི་དོན།བསྒྱུར་སྒྲིག་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་བོད་ཀྱི་སྐད་ཡིག་བྱ་བའི་རུ་དཔུང་འཛུགས་པར་ཤུགས་སྣོན་དགོས།”ཞེས་གཏན་ལ་ཕབ་ནས་དེའི་བྱ་བའི་འགན་ནུས་སྔར་ལས་ལྷག་པར་ཇེ་གསལ་དུ་བཏང་ཡོད།  བོད་ཀྱི་སྐད་ཡིག་གི་དོ་དམ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  སྔོན་ཆད་ཀྱི《ཁྲིམས་སྲོལ》ལོ༡༧ལ་ལག་བསྟར་བྱས་པའི་ལག་ལེན་གྱིས་ར་སྤྲད་པར།《ཁྲིམས་སྲོལ》དུ་གཏན་ཁེལ་བྱས་པ་ལ་འབྲེལ་ཡོད་ཁྲིམས་ཀྱི་འགན་ཁུར་གཏན་འབེབས་མེད་ཚེ་ཁྲིམས་སྲོལ་བརྩི་སྲུང་དང་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་དཀའ་བ་དང་།འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གིས་ཕན་ནུས་ཡོད་པའི་སྒོ་ནས་སྲིད་འཛིན་དོ་དམ་ལག་བསྟར་བྱས་ཏེ་སྤྱི་བའི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྒྲིག་ལམ།སྤྱི་དམངས་དང་ཁྲིམས་མིའམ་སྤྱི་ཚོགས་རྩ་འཛུགས་གཞན་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་ཡང་ཁག་ཐེག་དང་ལྟ་རྟོག་བྱེད་དཀའ།  དེ་བས།རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་དང་།སྤུན་ཟླ་མི་རིགས་གཞན་པའི་རང་སྐྱོང་ཁུལ་གྱིས་མི་རིགས་སྐད་ཡིག་ཁྲིམས་སྲོལ་གཏན་ཁེལ་བྱས་པའི་ཐབས་ལམ་དང་མཉམ་མྱོང་བསྡུ་ལེན་བྱས་ཏེ།《ཁྲིམས་སྲོལ》ནང་ཆེད་དུ“ཁྲིམས་ལུགས་འགན་ཁུར”ཞེས་པའི་དོན་ཚན་བཞི་ཅན་གྱི་ས་བཅད་ཅིག་བཟོས་ཡོད།གསལ་བོར་སྟོན་དགོས་པ་ཞིག་ནི།ཁྲིམས་གཅོད་གཏོང་བ་དང་ཆད་པ་འགེལ་བ་ནི་ཐབས་ལམ་ཞིག་ཡིན་པ་ལས་དམིགས་ཡུལ་མིན་པར།གཙོ་བོ《ཁྲིམས་སྲོལ》འདི་བརྩི་སྲུང་དང་ལག་བསྟར་བྱེད་པར་ཁག་ཐེག་བྱས་ཏེ་བོད་ཀྱི་སྐད་ཡིག་གི་སློབ་སྦྱོང་དང་།ཞིབ་འཇུག།བཀོལ་སྤྱོད།དོ་དམ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན་ནོ།།  

ཁ་བྱང་ཕྱི་མོ། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་ཁྲིམས་སྲོལ》ཟླ ༦ པའི་ཚེས ༡ ཉིན་ནས་ལག་བསྟར་བྱ་རྒྱུ།(རྩོམ་འགན་པ། ལྷ་དབང)