རྒྱལ་ཁབ་ཀྱི་སྐད་ཡིག་ཅེས་པ་ནི་རྒྱལ་ཁབ་ཅིག་གི་ཁྲིམས་ཀྱིས་ངོས་ལེན་དང་གཏན་འབེབས་བྱས་པའི་གཞུང་དོན་དང་སློབ་གསོའི་ལས་དོན། ཞབས་ཞུའི་ལས་དོན་སོགས་སྒྲུབ་སྐབས་ངེས་པར་དུ་བཀོལ་སྤྱོད་བྱེད་དགོས་པའི་སྐད་ཡིག་གཅིག་གམ་དུ་མ་ལ་གོ་དགོས། དེང་སྐབས་མི་མང་པོས་རྒྱའི་ཕལ་སྨྲས་སྐད་(普通话)དང་རྒྱ་ཡིག་ལུགས་གསར་(规范汉字)ཁོ་ན་ནི་རྒྱལ་ཁབ་ཀྱི་སྐད་ཡིག་(国语)ཡིན་པར་ངོས་འཛིན་བྱས་ཏེ་རྒྱའི་སྐད་ཡིག་གཙོ་བོ་དང་མི་རིགས་གཞན་གྱི་སྐད་ཡིག་ཕལ་བ་ཡིན་པའི་ལྟ་བ་

འཛིན་པ་དེ་ནི་ནོར་འཁྲུལ་གྱི་ལྟ་བ་ཡིན། སྤྱིར་བཏང་མི་དཀྱུས་མ་ཞིག་གིས་འདི་འདྲའི་ལོག་ལྟ་འཆིང་ན་ནོར་འཁྲུལ་དང་གྱོང་གུད་ཧ་ཅང་ཆེན་པོ་ཞིག་བཟོ་མི་ཐུབ་པས་མི་སྐྱོན་མོད། དབང་ཆ་ཆེན་པོ་ཡོད་པའི་མགོ་ཁྲིད་དང་། ས་གནས་སྲིད་གཞུང་། གཞུང་གི་ཡན་ལག་ལས་ཁང་བཅས་ཀྱིས་ལྟ་བ་འདི་འདྲ་བཟུང་སྟེ་བྱ་བ་བསྒྲུབ་ན་གཞུང་དམངས་ཀྱི་འབྲེལ་ལམ་དང་མི་རིགས་བར་གྱི་མཐུན་སྒྲིལ་ལ་གནོད་པ་ཚབས་ཆེན་དང་དགོས་མེད་ཀྱི་དཀའ་ངལ་བཟོ་ངེས་པར་ཐེ་ཚོམ་མེད། དཔེར་ན་དེ་སྔོན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་ངམ་མགོ་ཁྲིད་ཀྱི་ལས་གནས་འཁུར་མྱོང་བའི་བློ་མཐུན་ཝང་ཡུ་པོ་王予波ཡིས་ལྟ་བ་འདི་འདྲ་བཟུང་སྟེ་མཚོ་སྔོན་གྱི་བོད་རིགས་རང་སྐྱོང་ཁུལ་དྲུག་ནས་རྒྱའི་སྐད་ཡིག་གཙོ་ཞིང་བོད་སྐད་ཡིག་ཕལ་བ་ཡིན་པའི་ས་གནས་ཀྱི་སློབ་གསོའི་སྲིད་ཇུས་ལག་བསྟར་གྱིས་སྔོན་གྱི་མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་སློབ་གསོའི་གྲུབ་འབྲས་དང་སྒྲོམ་གཞི་རྨེག་མེད་དུ་གཏོང་རྩིས་བྱས་པ་དེ་ཡིས་༢༠༡༠་ལའི་་ཡས་མས་སུ་མཚོ་སྔོན་བོད་རིགས་རང་སྐྱོང་ས་ཁུལ་གྱི་དགེ་སློབ་དང་ལས་བྱེད་པ་སོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་མཐར་སྐབས་དེའི་སློབ་གསོ་ཐིན་གྱི་ཐིན་ཀྲང་གིས་བཏོན་པའི་སློབ་གསོའི་སྲིད་ཇུས་དེ་རེ་ཞིག་ལམ་ལྷོང་མ་བྱུང་བ་ལྟ་བུ་ཡིན།

རྒྱ་ནག་གི་གྲངས་ཉུང་མི་རིགས་ཕན་ཚུན་བར་དང་། རྒྱ་རིགས་ཡུལ་སྐད་སྨྲ་བ་རྣམས་ཀྱི་བར་ནས་གོ་བརྡ་སྤྲོད་བདེ་བའི་ཕྱིར་དུ་རྒྱལ་ཁབ་ཀྱིས་རྒྱ་སྐད་ཀྱི་ཡ་གྱལ་དུ་གྱུར་བའི་ཕལ་སྨྲས་སྐད་དང་རྒྱ་ཡིག་ལུགས་གསར་དེ་གཉིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེ་ལ་བཞག་སྟེ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་བཅས་ཤིང་། རྩ་ཁྲིམས་ཀྱིས་ཀྱང་སྐད་ཡིག་དེ་ཁྱབ་སྤེལ་བྱེད་དགོས་པའི་བཅས་པ་མཛད་དེ། གཞུང་དོན་དང་སློབ་གསོ། དྲིལ་བསྒྲགས་དང་ཞབས་ཞུའི་ལས་དོན་སོགས་སྒྲུབ་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་པའི་གཏན་འཁེལ་བྱས། འོན་ཀྱང་། གྲངས་ཉུང་མི་རིགས་སྐད་ཡིག་གི་བཀོལ་སྤྱོད་ཐད་ལ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་དང་ཁྲིམས་ལུགས་གཞན་གྱིས་དམིགས་སུ་བཀར་ཏེ་ལམ་སྟོན་རང་བཞིན་ཅན་གྱི་གཏན་འཁེལ་སྔར་ནས་བྱས་ཡོད་པ་མ་ཟད། མི་རིགས་རང་སྐྱོང་ས་ཁུལ་ནས་ཁྲིམས་སྲོལ་སོགས་བཅས་ཏེ་རང་རང་གི་སྐད་ཡིག་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གཏན་འབེབས་བྱས་ཡོད་སྟབས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་ཐད་ལ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ལྟར་ལག་བསྟར་བྱེད་མི་དགོས། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ཀྱི་དོན་ཚན་བརྒྱད་པའི་ནང་དུ་རིགས་སོ་སོའི་མི་རིགས་ལ་རང་གི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གྱི་རང་དབང་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་སྟངས་དེ་རྩ་ཁྲིམས་དང་ཁྲིམས་ལུགས་གཞན་གྱི་འབྲེལ་ཡོད་བཅས་པ་ལ་བསྟུན་དགོས་ཞེས་གཏན་འཁེལ་བྱས་པ་དེ་ཡིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་བཀོལ་སྤྱོད་བྱེད་ཐབས་དེ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ཀྱི་གཅུན་བྱ་མིན་པ་བསྟན། 

 ཁྲིམས་བཟོ་ཡི་གོ་གནས་ཀྱི་ཐད་ནས་བཤད་ན། མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བཅས་པའི་རྩ་ཁྲིམས་རང་བཞིན་ཅན་དང་རྨང་གཞི་རང་བཞིན་ཅན་གྱི་ཁྲིམས་ལུགས་ཡིན་པས་དེ་ལ་རྩ་ཁྲིམས་རང་བཞིན་ཅན་གྱི་ཁྲིམས་ལུགས་ཀྱི་གོ་གནས་ཡོད། དེའི་ཕྱིར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱིས་བཅས་པའི་ཁྲིམས་ལུགས་དང་ཁྲིམས་སྲོལ་བཅས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ཀྱིས་བཅས་པ་མཛད་ཟིན་པའི་དོན་ཚན་ལ་མི་མཐུན་པའི་ཡོ་བསྲང་དང་འབྲེལ་བཤད་སོགས་ལོགས་སུ་གཏན་འབེབས་བྱེད་པའི་དབང་ཐང་མེད། མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ནི་གོ་གནས་མཐོ་བས་ཁྲིམས་གོང་མ་(上位法)ཡིན་པ་དང་། སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ནི་དེ་ལས་དམའ་བས་ཁྲིམས་འོག་མ་(下位法)ཡིན་པས། སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་

Image result for 通用语言法
མི་རིགས་ས་གནས་རང་སྐྱོང་ཁྲིམས་ཀྱི་འོག་ན་གནས་པའི་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས།

ཀྱིས་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་དང་མི་མཐུན་པའི་གཏན་འབེབས་བྱས་ན་ཁྲིམས་འོག་མས་ཁྲིམས་གོང་མར་ཐོ་འཚམ་པའི་ཁྲིམས་ཡིན་པས་རྩ་ཁྲིམས་ལྷན་ཁང་སོགས་ཀྱིས་ཁྲིམས་འོག་མའི་གཏན་འབེབས་དེ་རིགས་ཕྱིར་འཐེན་བྱེད་དགོས། དེའི་ལུགས་ཁྲིམས་བཟོའི་ཁྲིམས་(立法法)ཀྱི་ས་བཅད་ལྔ་བའི་དོན་ཚན་གོ་དྲུག་གི་ནང་དུ་གཏན་འཁེལ་གསལ་བོ་བྱས་ཡོད།  དེའི་ཕྱིར་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ནི་ཁྲིམས་བཟོ་ཐད་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གིས་བཅས་པའི་ཁྲིམས་ཕལ་བ་ཡིན་པས། དེ་ལ་རྩ་ཁྲིམས་ཀྱི་དོན་ཚན་བཞི་བ་དང་། མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་སུམ་ཅུ་སོ་བདུན་པ་བཅས་ལ་བཟོ་བཅོས་བྱེད་པའི་དབང་ཐང་མེད་པས་ན། ས་གནས་སྲིད་གཞུང་དང་དང་དེ་དག་གི་སློབ་གསོ་ལས་ཁང་སོགས་ལ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ཀྱི་མིང་བཟུང་སྟེ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ལ་བཟོ་བཅོས་བྱེད་རྒྱུའི་དབང་ཆ་གཏན་ནས་མེད། སྤྱི་ལོ་༢༠༠༠་ལོར་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་བཅས་པའི་རྗེས་སུ། བོད་རིགས་རང་སྐྱོང་ས་ཁུལ་ཁག་གིས་ཀྱང་སོ་སོའི་བོད་སྐད་ཡིག་ལས་དོན་སྲོལ་ཡིག་སོགས་ལ་འཕར་བཅོས་བྱས་ཏེ། བོད་སྐད་ཡིག་ཀྱང་བོད་རིགས་རང་སྐྱོང་ས་ཁུལ་གྱི་སྤྱི་སྤྱོད་སྐད་ཡིག་ཡིན་པའི་གཏན་འབེབས་གསར་སྣོན་བྱས། དེས་ན་བོད་རིགས་རང་སྐྱོང་ས་ཁུལ་ནས་གཞུང་དོན་དང་སློབ་གསོ། དྲིལ་བསྒྲགས་དང་ཞབས་ཞུའི་ལས་རིགས་ཁྲོད་བོད་སྐད་ཡིག་ངེས་པར་དུ་བཀོལ་སྤྱོད་བྱས་ན་རྩ་ཁྲིམས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་པའི་ཐོབ་ཐང་ཤིག་ཡིན་པས་ན། ས་གནས་སྲིད་གཞུང་གི་ལས་ཁང་སོ་སོས་ཁྲིམས་ལྟར་ཆབ་སྲིད་འཛིན་སྐྱོང་(依法行政)བྱས་ཏེ་བོད་སྐད་ཡིག་རྩ་མེད་དུ་གཏོང་བའམ། ཡང་ན་མི་རིགས་སྐད་ཡིག་ཕལ་བ་ཡིན་པའི་འདུ་ཤེས་དང་སྦྱོར་བ་སྤངས་ནས། རང་སྐྱོང་ས་ཁུལ་གྱི་མི་རིགས་རྣམས་ཀྱིས་རང་གི་སྐད་ཡིག་ཡོངས་སུ་བཀོལ་སྤྱོད་བྱེད་ཐུབ་པར་མཐུན་རྐྱེན་བསྒྲུབ་དགོས།