ཏོག་དབྱིབས་ནད་དུག་གིས་བསྐྱེད་པའི་གློ་ཚད་རིམས་ནད་ཀྱི་འབྱུང་ཁུངས་གཅིག་ནི་རྒོད་སྐྱེས་རི་དྭགས་དང་ཆུ་སྲིན། གཅན་གཟན་སོགས་ཀྱི་ཤ་ཁྲག་ལོངས་སུ་སྤྱད་པ་ལས་བྱུང་བར་དོགས་པ་བྱེད་བཞིན་པའི་དབང་གིས། ༢༠༢༠་ལོའི་ཟླ་དང་པོའི་ཚེས་༢༦་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་ར་ལྟ་རྟོག་དོ་དམ་སྤྱི་ཁང་དང་། ཞིང་ལས་ཞིང་སྡེ་པུའུ། རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུའུ་བཅས་ཀྱིས་མཉམ་སྦྲེལ་གྱིས་སྤྱི་བསྒྲགས་ཞིག་སྤེལ་ཏེ། རྒྱལ་ཡོངས་ནས་སྤྱི་ཟླ་དང་པོའི་ཚེས་༢༦་ནས་བཟུང་སྟེ་གློ་ཚད་རིམས་ནད་གཏན་འགོག་བྱ་ཐུབ་པའི་བར་དུ་རྒོད་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་རྒྱུའི་ལས་རིགས་ཡོངས་རྫོགས་མཚམས་འཇོག་དགོས་ཞེས་བཀའ་རྒྱ་བབས། བཀའ་རྒྱའི་ནང་དོན་ལྟར་ན། 

ཏོག་དབྱིབས་ནད་དུག་གིས་བསྐྱེད་པའི་གློ་ཚད་རིམས་ནད་གསར་བ་ནན་འགོག་དང་། རིམས་ནད་ཁྱབ་བྱེད་ཀྱི་རྟེན་དང་ལམ་གཉིས་ཚར་གཅོད་པའི་ཆེད་དུ། ཚོང་ར་ལྟ་རྟོག་དོ་དམ་སྤྱི་ཁང་དང་། ཞིང་ལས་ཞིང་སྡེ་པུའུ། རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུའུ་བཅས་ཀྱིས་ཐག་བཅད་དེ། དུས་དེ་རིང་ཁྱབ་བསྒྲགས་འདི་སྤེལ་བ་ནས་བཟུང་སྟེ་རྒྱལ་ཡོངས་ནས་རིམས་ནད་ཡོངས་སུ་སེལ་བའི་བར་དུ་རྒོད་སྐྱེས་སྲོག་ཆགས་ཉོ་ཚོང་གི་ལས་རིགས་ཡོངས་སུ་གཏན་ནས་མཚམས་འཇོག་དགོས་ཅེས་བསྒྲགས་ཡོད་དེ།

༡ ས་གནས་སོ་སོར་ཡོད་པའི་རྒོད་སྐྱེས་སྲོག་ཆགས་ཀྱི་ལས་ཁང་ཡོངས་རྫོགས་ལས་རིགས་དང་ཕྱི་ལ་འགྲོ་འོང་བཀག་སྟེ། རྒོད་སྐྱེས་སྲོག་ཆགས་ཕྱི་རོལ་དུ་གཏོང་བའམ་ཉོ་འཚོང་གི་ལས་གཏན་འགོག་བྱ་རྒྱུ།

༢ ས་གནས་སོ་སོའི་ཞིང་ལས་དང་མཉམ་འདུས་ཀྱི་ཚོང་ར། ཟས་སྐོམ་གཡོས་སྦྱོར་ལས་ཁང་། གློག་རྡུལ་ཚོང་ར་ལ་སོགས་པའི་ཉོ་འཚོང་བྱེད་ས་ནས་རྣམ་པ་མི་འདྲ་བའི་རྒོད་སྐྱེས་སྲོག་ཆགས་ཉོ་ཚོང་གི་ལས་རིགས་ཐམས་ཅད་གཏན་དུ་འགོག་རྒྱུ།

༣ མི་དང་ཚོགས་པ་གང་རུང་གིས་ཁྲིམས་འགལ་བཅས་འགལ་གྱི་སྒོ་ནས་རྒོད་སྐྱེས་སྲོག་ཆགས་ཉོ་ཚོང་གི་ལས་རིགས་མཐོང་ཐོས་དོགས་གསུམ་བྱུང་ན། ༡༢༣༡༥་ ཞེས་པའི་ཁ་པར་ཁ་ཚ་དགོས་གཏུག་མ་ལ་ཁ་པར་བཏང་སྟེ་ཐེར་འདོན་བྱེད་པའམ་དྲ་ཐོག་སོགས་ནས་ཐེར་འདོན་བྱེད་རོགས། 

༤ ས་གནས་སོ་སོའི་སྲིད་གཞུང་གི་འབྲེལ་ཡོད་ལས་ཁང་གིས་བརྟག་དཔྱད་ཞིབ་བཤེར་ནན་ཏུར་བྱས་ཏེ། གལ་ཏེ་ཁྱབ་བསྒྲགས་འདི་དང་འགལ་བའི་རིགས་བྱུང་ན་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་དགོས་ཤིང་། ཆོང་གཉེར་བ་དང་ཚོང་གཉེར་ཁང་ལ་ཚོང་གཉེར་མི་ཆོག་ཅིང་སྒོ་རྒྱག་པའི་ཆད་པ་བཅད་དེ། ཚོང་རྫས་བཙན་གཉེར་བྱེད་པ་མ་ཟད། ཚོང་གཉེར་བ་ལ་ཉེས་པ་ཡོད་པར་དོགས་ན་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱེད་དགོས། 

༥ འཛད་སྤྱོད་པས་ཀྱང་རྒོད་སྐྱེས་སྲོག་ཆགས་ཀྱི་ཤ་ཁྲག་རུས་པགས་སོགས་བཀོལ་སྤྱོད་དང་ཟ་འཐུང་བྱས་ན་རང་གཞན་གཉིས་ཀྱི་བདེ་ཐང་ལ་ཉེན་ཁ་ཡོད་པའི་ཉེས་དམིགས་ལ་ངོས་ཟིན་གཏིང་ཟབ་མོ་ཡོད་པའི་སྒོ་ནས། རྒོད་སྐྱེས་སྲོག་ཆགས་ལས་བཟོས་པའི་ཟས་སྐོམ་གྱི་རིགས་སྤངས་དགོས། 

དེས་ན་གོང་གི་ལས་ཁང་མཐོན་པོ་དག་གི་བཀའ་རྒྱ་ལས། ང་ཚོས་རི་རྒྱ་ཀླུང་རྒྱ་བསྡམས་པ་ནི་ཉམ་ཐག་སེམས་ཅན་གྱི་ཚེ་སྲོག་སྐྱོབ་པ་ཁོ་ནའི་ཆེད་དུ་མ་ཡིན་པར། མི་དང་དུད་འགྲོ་དང་སེམས་ཅན་གཞན་དག་གིས་མཚོན་པའི་ནང་བཅུད་ཀྱི་སེམས་ཅན་དང་ས་ཆུ་རི་རྡོ་བཅས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་གཉི་གའི་བར་ན་རྟེན་དང་རྟེན་འབྱུང་གི་འབྲེལ་བ་ཡོད་པའི་གནད་ཅིག་ཡོད་པ་དེ་ཤེས་ཐུབ། ང་ཚོ་བོད་གངས་ཅན་གྱིས་མེས་པོ་རྣམས་ཀྱིས་ཀྱང་གནད་དེ་སྔ་མོ་ནས་ལེགས་པར་གཟིགས་ཏེ་རི་རྒྱ་ཀླུང་རྒྱ་ཡི་བསྡམས་ཁྲིམས་བཅས་ཏེ་དུས་ངེས་ཅན་ནང་དམར་ཁེ་ལ་མི་འགྲོ་བ་དང་། ཁྱི་ར་བ་རྣམས་ཀྱིས་ཀྱང་གང་བྱུང་དུ་སེམས་ཅན་ལ་གནོད་འཚེ་བྱས་མི་ཆོག་པའི་འགྲིག་ལམ་བཟོས་ཡོད་པ་མ་ཟད། སྟོང་ལོ་གསར་བའི་ནང་དུ་སྲོག་ཆགས་ཀྱི་ལྤགས་རིགས་རྒྱན་གོས་ལོངས་སུ་སྤྱོད་པའི་ལས་བོད་མི་ཡོངས་ཀྱིས་དུས་མཉམ་གཅིག་ལ་ཡོངས་སུ་སྤངས་པའི་བཟང་སྤྱོད་དར་ཡོད་པས་བོད་ཀྱི་སྣོད་བཅུད་དོ་སྙོམས་ཡོང་རྒྱུ་སོགས་བཟང་ཕྱོགས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་མོད། ཡིན་ནའང་།སྣོད་བཅུད་རྟེན་འབྱུང་ལ་སྣང་དོགས་ཡེ་ནས་མི་བྱེད་པའི་དེང་སྐབས་ཀྱི་མི་དམངས་སྲིད་གཞུང་གིས་སྣོད་བཅུད་རྟེན་འབྲེལ་ལོག་པའི་ཉེས་དམིགས་ལས་བྱུང་བའི་སྡིག་འབྲས་མངོན་སུམ་དུ་མྱོང་བའི་རྗེས་སུ། ད་གཟོད་འུ་ཐུག་ཐབས་ཟད་ཀྱིས་རྒོད་སྐྱེས་སྲོག་ཆགས་དང་དེ་ལས་མཆེད་པའི་ཚོང་རྫས་ཚོང་བརྗེ་ཡི་ལས་རིགས་ཡོངས་སུ་རྫོགས་པ་བསྡམ་དགོས་པའི་ཚད་ལ་ལྷུང་། ལྟ་བ་ནམ་མཁའ་ལས་མཐོ་ན་ཡང་། རྒྱུ་འབྲས་བག་ཕྱེ་ལས་ཞིབ་པའི་ཆོས་ཉིད་དེ་ལྡོག་མི་ནུས། རྒྱུ་འབྲས་དང་མི་མཐུན་པའི་ལས་འགུལ་དཔེར་ན་ཐོད་བརྒལ་ཆེན་མོ་དང་རིག་གནས་གསར་བརྗེ། ཁོར་ཡུག་གཏོར་བརླག་བྱས་ཏེ་མི་དམངས་ལ་བདེ་བ་བསྐྲུན་རྒྱུ་ཡིན་ཟེར་བའི་ནུབ་ཕྱོགས་གསར་འབྱེད་ཆེན་པོ་ལ་སོགས་པའི་གཅིག་མཇུག་གཉིས་མཐུད་ཀྱི་ལས་འགུལ་འདི་རིགས་མཐར་ཕམ་པར་གྱུར་བའི་དངོས་བྱུང་དེ་དག་གིས་ཁོར་ཡུག་དང་མི་གཙོས་པའི་སེམས་ཅན་གཉིས་བར་དུ་འཆམ་ཞིང་མཐུན་པར་གནས་དགོས་པ་མ་ཟད། ཁོར་ཡུག་རོ་སྙོམས་ཀྱི་ནུས་པ་ལྡན་པའི་སེམས་ཅན་གཞན་ལའང་མིས་ཚར་གཅོད་དང་སྡིག་བསད་འཛད་སྤྱོད་བྱས་ན་མི་ལའང་ལ་ཉེ་མི་ལེགས་པ་དང་ཉེན་ཁ་ཆེན་པོ་འབྱུང་བའི་གཞན་གྱིས་དྲིང་འཇོག་མི་དགོས་པའི་བདེན་པ་དེ་ར་སྤྲོད་བྱས། དེའི་ཕྱིར་སྡིག་སྤྱོད་འདི་རིགས་སྲིད་གཞུང་གིས་གཏན་འགོག་བྱས་ན་མ་གཏོགས་བ་མ་ཤི་རྙང་མའི་རྒྱུན་མི་ཆད་པ་ལྟར་མི་ལ་ནད་ཡམས་དང་ཟོག་ལ་གོད་ཆག་གི་སྡིག་འབྲས་བརྗོད་དུ་མི་ལང་བ་མུ་མཐུད་དུ་ཡོང་ངེས། དཔེར་ན་ཁེས་ཉིན་གྱི་སཱར་སུ་དང་ཁ་སང་གི་ཕག་ནད་དང་དེ་རིང་གི་ཏོག་དབྱིབས་ནད་དུག་ལ་སོགས་པ་ལྟ་བུའོ། 

ཉེས་ཁྲིམས་ཀྱི་ནང་དུ་དཀོན་པ་དང་འཇིག་ལ་ཉེ་བའི་སྲོག་ཆགས་འཛིན་བསད་ཀྱི་ཉེས་པ་དང་སྲོག་ཆགས་དེ་རིགས་ཉོ་འཚོང་དང་བསྐྱེལ་འདྲེན་བཅས་ཀྱི་ཉེས་པ། སྲོག་ཆགས་དེ་རིགས་ལས་གྲུབ་པའི་དངོས་རྫས་ཉོ་འཚོང་བསྐྱེལ་འདྲེན་གྱི་ཉེས་པ་་བཅས་་བཅས་ཉེས་བྱས་གསུམ་བཅས་ཡོད་ཅིང་། སྦྱོར་བ་བོ་ཡིས་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་རྩ་ཆེན་ཅན་དང་འཇིག་ལ་ཉེ་བའི་གྱི་རྒོད་སྐྱེས་རི་དྭགས་དང་གཅན་གཟན་སོགས་བརྔོན་པའམ་བསད་ན་དེ་ལ་ལྗིད་ན་ལོ་བཅུ་ཡན་དང་ཡང་ན་ལོ་ལྔའི་མན་གྱི་བཙོན་འཇུག་གི་ཉེས་ཆད་བཅད་ཆོག་པ་མ་ཟད། སྦྱོར་བ་བོ་ཡི་སྲོག་ཆགས་དེ་རིགས་ཉོ་འཚོང་བསྐྱེལ་འདྲེན་སོགས་བྱས་ན་ཡང་ཉེས་ཁྲིམས་ལ་འགལ། དེས་མི་ཚད་སྲོག་ཆགས་དེ་དག་གི་ཤ་ཁྲག་རུས་པགས་བཅས་ཀྱིས་ལས་པའི་དངོས་རྫས་སོགས་ཉོ་བའམ་འཚོང་བ། དེ་བཞིན་དུ་བསྐྱེལ་འདྲེན་སོགས་བྱས་ན་ཉེས་ཁྲིམས་ལ་འགལ་བས་སྦྱོར་བ་བོ་ལ་བཙོན་འཇུག་དང་སྒོར་ཆད་ལ་སོགས་པའི་ཉེས་ཆད་བཅད་ཆོག དེའི་ཕྱིར་མི་ཡི་བདེ་བ་རོལ་འདོད་ན་ཁྲིམས་ཀྱིས་བསྲུང་སྐྱོབ་བྱེད་པའི་སྲོག་ཆགས་དེ་རིགས་ངན་གསོད་དང་ལོངས་སྤྱོད་བྱེད་པ་སྤོངས་དགོས།