བོང་སྟག་མུ་རི་རྩ་ཐང་དུ་ཁྲིམས་འགལ་གྱིས་རྡོ་སོལ་བསྔོགས་པའི་དོན་རྐྱེན་དེ་རྒྱལ་ཡོངས་ཀྱིས་ཐེར་འདོན་བྱས་དང་བྱེད་བཞིན་པའི་སྐབས་འདིར། ང་ཚོས་མངོན་གསལ་དུ་ཤེས་ཚོར་བྱུང་ཐུབ་པའི་དོན་དག་གཅིག་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཏང་ཨུ་གཉིས་ཀྱིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་གཙོ་འཛིན་ཞི་ཅིན་ཕིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་ཆེས་ཆེ་བའི་འགན་ཁུར་ནི་སྐྱེ་ཁམས་ཡིན་པ། ཆེས་ཆེ་བའི་བག་ལ་ཉལ་བའི་སྟོབས་ཤུགས་དེ་ཡང་སྐྱེ་ཁམས་ཡིན་ཞེས་པའི་ཆེས་ཆེ་བ་གསུམ་ལྡན་གྱི་ལམ་སྟོན་ཟབ་མོ་བཅས་ལ་ངེས་ཟིན་མ་རྙེད་པའི་དབང་གིས་ཁྲིམས་དང་ལམ་སྟོན་དེ་དག་དངོས་སམ་བརྒྱུད་པའི་སྒོ་ནས་བློ་བསམ་རྦད་ཆོད་ཀྱིས་ལག་བསྟར་མ་བྱས་པའི་ཉེས་སྐྱོན་ཆེན་མོས་མཚོ་སྔོན་བོད་ཁུལ་གྱི་སྣོད་བཅུད་ལ་གོད་ཆག་འདི་རིགས་བྱུང་བ་དེ་རེད།

དང་པོ།  ༢༠༠༦་ལོ་ནས་བཟུང་སྟེ་་ཧྲན་ཞི་ཞིང་ཆེན་གྱི་གསེར་ས་གཞི་ཞེས་པའི་སྒེར་ལ་དབང་བའི་གཏེར་བསྔོགས་སྤྱི་གཉེར་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཁ་ཆེ་བ་དང་ཟི་ལིང་སྲིད་གྲོས་ཨུ་ཡོན་མཱ་ཧྲོ་བེ་ཕ་བུ་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཚོང་དོན་ཐིན་ནས་ཡིག་ཆ་དེ་རྫུན་བཟོ་བྱས་ཏེ་མུ་རི་རྩ་ཐང་དུ་གཏེར་བརྐོ་ཆོག་པའི་ཆོག་མཆན་ཐོབ་པ་རེད་ཅེས་ཟི་ལིང་འབྲིངརིམ་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་ཐེར་འདོན་རབ་དང་རིམ་པ་བྱས་ཀྱང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཡིག་ཆ་དེ་རྫུན་བཟོ་ཡིན་པ་ཤེས་བཞིན་དུ་ཟི་ལིང་འབྲིང་རིམ་ཁྲིམས་ཁང་ལ་ཡིག་ཆ་དེར་གུ་ཡངས་དང་དམིགས་བསལ་སྤྲད་དེ་སྣང་མེད་དུ་འཇོག་རོགས་ཞེས་པའི་ཞུས་ལན་སྤྲད་པས། ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁ་ཆེ་ཚོང་བས་ཁྲིམས་འགལ་གྱིས་གཉེར་བཞིན་པའི་གཏེར་བསྔོགས་ལས་གཞི་དེ་གཡོ་འགེབ་བྱས་དེ་གསེར་ས་གཞིའི་སྤྱི་གཉེར་ཁང་གི་ཞུ་མཆིད་བཟློག་པ་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་་ཁྲིམས་ཁང་གིས་ཀྱང་ཁྱི་སྤྱང་ངན་འབྲེལ་གྱིས་ཟི་ལིང་ཁྲིམས་ཁང་གི་བཅད་ཁྲ་དེ་ལ་རྒྱབ་སྐྱོར་བྱས། ༢༠༡༨་ལོར་མཚོ་སྔོན་ཚོང་དོན་ཐིན་གྱི་ཡིག་ཆ་རྫུན་བཟོ་བྱེད་སྐབས་ཀྱི་འགན་འཛིན་དཔོན་པོ་ཝང་ཞུ་ཝོས་ལ་ལྐོག་ཟ་ལ་སོགས་པའི་ཉེས་སྤྱོད་དོགས་གཞི་ལྡན་པའི་མིང་ཐོག་ཏུ་ཟི་ལིང་ལྟ་ཞིབ་ལྷན་ཁང་གིས་བཀག་བསྐྱིལ་བྱས་ཏེ་རྩད་བཅད་པ་དང་། ལོ་དེར་ཟི་ལིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་སྤྱོད་དེ་ཟི་ལིང་འབྲིང་རིམ་ཁྲིམས་ཁང་ལ་གཞུང་གཏུག་བྱས་ཀྱང་། ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ད་ལྟ་བར་དུ་ཝང་ཞུ་ཝོས་ཉེས་ཅན་ཡིན་མིན་གྱི་ཁྲིམས་ཐག་གཅོད་མ་ཐུབ་པར་ལུས། ཉེས་དོན་གཏུག་བཤེར་གྱི་ཁྲིམས་དང་མི་མཐུན་པའི་སྣང་ཚུལ་དེ་ལ་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་དང་ཁྲིམས་འཛིན་ལས་ཁུངས། དམངས་ཆེན་རྒྱུན་ཨུའ་བཅས་ཀྱིས་ཀྱང་ཁ་ཅི་ཡང་མ་གྲག་པར་བསྡད། ཁ་དཔེར་སྡིག་ཆེན་བླ་མས་མི་སྐྱོབ། ཉེས་ཆེན་དཔོན་པོས་མི་སྐྱོབ་ཟེར་ཡང་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛིན་དང་སྲིད་འཛིན་ལས་ཁུངས་བཅས་ཀྱིས་ཉེས་ཆེན་འདི་རིགས་ལ་སྐྱབས་བཅོལ་བྱིན་པའི་རྐྱེན་གྱིས་གཏེར་བསྔོག་མཁན་དང་བསླད་དཔོན་རྣམས་ངན་འབྲེལ་གྱིས་ཁོངས་ཡངས་བའི་མུ་རི་རྩ་ཐང་གཏོར་བརླགས་བྱེད་ཐུབ་པར་གྱུར།  

གཉིས་པ།  ༢༠༡༦ ལོར་གཙོ་འཛིན་ཞི་ཅིན་ཕིན་མཚོ་སྔོན་དུ་འབྱོར་ཏེ་ཟི་ལིང་དང་། ན་གོར་མོ་དང་ཙོང་ཁ་ཡུལ་ཁམས་བཅས་ལ་ལྟ་སྐོར་བྱེད་སྐབས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་འདུས་པའི་སྣོད་བཅུད་ཉམ་ཐག་གི་གནས་ལ་གཞིགས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེས་གལ་ཆེ་བའི་འགན་ཁུར་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་ཆེས་ཆེ་བ་གསུམ་ལྡན་གྱི་ལམ་སྟོན་བསླབ་བྱ་གལ་ཆེན་བསྟན་ཡོད་ཀྱང་། གཙོ་འཛིན་སོང་ཤུལ་དུ་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཐོའི་མགོ་ཁྲིད་ཁག་གིས་གཙོ་འཛིན་གྱི་ལམ་སྟོན་རྣ་ལྟག་གི་རླུང་ལྟར་བཞག་སྟེ་མུ་མཐུད་དུ་མུ་རི་ནས་གཏེར་བསྔོགས་བཞིན་པའི་གནད་དོན་ལ་སྡིག་པ་མིག་བཙུམས་ཀྱིས་བསྡད། ལོ་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་ཁྲིམས་ལ་འཕར་བཅོས་མཛད་ནས་ཁྲིམས་ལུགས་དེ་ནི་ཁོར་ཡུག་གཏོག་བརླག་བྱེད་མཁན་ཚོར་མཚོན་ན་ཆེས་གཉན་ཞིང་བཙན་པའི་ཁྲིམས་ཡིན་ཞེས་ཀུན་པོས་ཁས་འཆེས་ཀྱང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དངམཚོ་སྔོན་གྱི་ཁྲིམས་འགལ་གྱིས་གཏེར་བསྔོག་མཁན་ཚོར་མཚོན་ན་ཁྲིམས་དེ་ནི་མེད་ཀྱང་རུང་བའི་ཡི་གེ་ཝ་ཡིག་ལྟར་ཟད་དེ་ཁོང་ཚོས་ད་ལྟ་བར་དུ་གཏེར་བསྔོགས་ནས་རྩྭ་སའི་ས་ཁྱོན་མུའུ་འབུམ་དྲུག་ལྷག་ཤུལ་མེད་དུ་བཏང་། 

༢༠༡༢་ལོར་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་རྩྭ་ཐང་གི་ཉེས་དོན་གྱོད་གཞིའི་ཐད་ལ་ཁྲིམས་འཛིན་འགྲེལ་བཤད་ཅིག་སྤེལ་ནས་ཁྲིམས་འགལ་གྱིས་རྩྭ་ས་མུའུ་༢༠་ཡན་གཏོར་བརླགས་བྱས་ན་གཏོར་བརླག་བྱེད་མཁན་ལ་ལོ་ལྔ་མན་གྱི་དུས་ཅན་བཙོན་འཇུག་བྱས་ཆོག་པ་དང་། ལྷག་པར་དུ་སྲིད་གཞུང་གི་དཔོན་པོ་དང་ལས་བྱེད་སོགས་ཀྱིས་ཁྲིམས་འགལ་གྱིས་གཞན་ལ་རྩྭ་ཐང་སྟེང་གཏེར་དང་ས་རྡོ་བྱེ་མ་སོགས་བརྐོ་ཆོག་པའི་ཆོག་མཆན་སྤྲད་དེ་རྩྭ་ས་མུའུ་༨༠་ཡན་གཏོར་བརླག་བྱས་ན་ཆོག་མཆན་སྤྲད་པའི་དཔོན་པོ་དང་གཞུང་གི་ལས་བྱེད་པ་དེ་ཚོར་དབང་ཆ་ལོག་སྤྱད་ཀྱི་ཉེས་མིང་སོགས་ཀྱིས་ལོ་བདུན་མན་གྱི་བཙོན་འཇུག་གི་ཉེས་ཆད་གཅོད་དགོས་ཞེས་གཏན་དབབ་ཀྱང་ཡོད་ཀྱང། ཁྲིམས་ལུགས་དང་གཙོ་འཛིན་གྱི་གཏམ་ལ་ཇི་མི་སྙམ་པར་བཤིག་ཕོད་པའི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་མིག་ལམ་ནང་ཆེས་མཐོ་ཁྲིམས་ཁང་གི་ཁྲིམས་འཛིན་འགྲེལ་བཤད་སྣང་མེད་དུ་གཏོང་བ་ནི་ལྟ་ཅི་སྨོས། ཁོང་ཚོ་ངན་འབྲེལ་བྱས་ཏེ་མུ་རི་རྩ་ཐང་གི་རྩྭ་ས་སྤྱི་ལེ་གྲུ་བཞི་མ་བཞི་བརྒྱ་སྟེ་རྩྭ་ས་མུའུ་འབུམ་དྲུག་གི་ས་ཁྱོན་དུ་གཏེར་བསྔོགས་ཏེ་གཏོར་བརླགས་བྱས་ཀྱང་ད་ལྟ་བར་དུ་མི་གཅིག་ལའང་ཉེས་ཁྲིམས་ཕོག་སྟེ་བཙོན་ཁང་དུ་སོང་རབས་མེད། འོན་ཀྱང་མང་ཚོགས་དཀྱུས་མ་རྒྱབ་ལྗོངས་དང་རྒྱབ་སྐྱོར་མེད་མཁན་ཞིག་གིས་རང་གི་རྩྭ་སའི་ཐོག་ཕྱུགས་ཟོག་ལ་མཁོ་བའི་གཟན་ཆས་ཙམ་བཏབས་ནའང་ཁྲིམས་འཛིན་ལས་ཁུངས་ཀྱིས་དེ་མ་ཐག་ཏུ་བཟུང་བཀྱིག་བྱས་ཏེ་བཙོན་ཁང་དུ་བསྡུ་བའམ་སྒོར་ཆད་གཅོད་གི་ཡོད། དཔེར་ན་༢༠༡༦་ལོར་མཚོ་སྔོན་ཁྲི་ཀ་རྫོང་འཕྲང་དམར་ཡུལ་ཚོའི་འབྲོག་པ་པདྨ་ཚེ་རིང་གིས་རང་གི་རྩྭ་སའི་མུའུ་༤༠༠་གི་སྟེང་དུ་འབྲུ་རིགས་བཏབས་པས་ཁྲི་ཀ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་འབྲེལ་འགྲེལ་བཤད་དེ་གཞིར་བཟུང་སྟེ་ཁོ་ལ་འཕྲལ་དུ་ལོ་གཉིས་ཀྱི་བཙོན་འཇུག་དང་སྒོར་༩༠༠༠་ཡི་སྒོར་ཆད་བཅད་པ་ལྟ་བུའོ། དཔོན་པོས་མེ་ཆེན་བསྒྲོན་ན་རུང་བ་དང་དམངས་ཀྱིས་སྒྲོན་མེ་སྤར་ནའང་ཉེས་སྐྱོན་དུ་འགྱུར་བ་དང་། དབང་ཆེན་གྱིས་རྫ་མ་བཅག་རུང་སྣོད་དུ་རུང་ཞིང་། དབང་མེད་ཀྱིས་གོ་རེ་བཅག་རུང་ཟས་སུ་མི་རུང་བའི་དཔེ་འགྲོ་བའི་དཔེ་རུ་སོང་བའི་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལུགས་ལག་བསྟར་གྱི་རྣམ་པས་མཚོ་སྔོན་ཞིང་ཆེན་རྗེས་ལུས་དང་དབུལ་ཕོངས་ཀྱི་ངོ་བོ་བསྒྱུར་མ་ཐུབ་པ་རེད། 

གསུམ་པ།  ལྗང་མདོག་གི་སྤང་རི་དང་དྭངས་གསལ་གྱི་རྫ་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་གཙོ་འཛིན་ཞི་ཅིན་ཕིན་གྱིས་ཡང་དང་བསྐྱར་དུ་བཟློས་ཏེ་སྐྱེས་ཁམས་ཁོར་ཡུག་གི་རིན་ཐང་ནི་གཞལ་དུ་མེད་པར་བཤད་ཀྱང་། ས་གནས་ཀྱི་བསླད་དཔོན་ཁྲིམས་མི་བརྩི་བ་དེ་དག་ལ་མཚོན་ན་བོང་བུའི་རྣ་ནང་དུ་གསེར་བླུགས་པའི་ཚུལ་དུ་སོང་སྟེ་དོ་སྣང་ག་ལ་བྱེད། ཁོང་ཚོས་དོ་སྣང་བྱེད་པ་ནི་གསེར་དངུལ་དངོས་དང་ལྐོག་གི་ཡོང་སྒོ་དང་གོ་ས་ཁོ་ན་ཡིན་པ་ལས་མི་དམངས་ཀྱི་སྐྱིད་སྡུག་དང་སྣོད་བཅུད་ཀྱི་སྲུང་སྐྱོབ་ཁོང་ཚོར་མཚོན་ན་དོན་དག་ཆུང་ཆུང་འབྲེལ་བ་མེད་པ་ཞིག་ཏུ་གྱུར། དེ་ཡི་ཕྱིར་དུ་མཚོ་སྔོན་ལ་སྣོད་ཀྱི་གནད་དོན་ཁོར་ཡུག་འབག་བཙོག་དང་། བཅུད་ཀྱི་གནད་དོན་བོད་སྐད་ཡིག་བརྩི་མེད་དུ་གཏོང་བ་ལ་སོགས་པའི་གནད་དོན་མི་ཉུང་བ་བྱུང་མུས་འདི་ཡིན། དེས་ན་བསླད་དཔོན་ཁོང་ཚོས་དོ་སྣང་མ་བྱས་ན་ང་ཚོར་ཐབས་ཟད་སོང་བ་རེད་དམ་ཞེ་ན། དེ་ལྟ་བུ་ཞིག་མ་རེད། ས་སྐྱ་པཎ་ཆེན་གྱིས་མི་གང་ཁྲིམས་ལས་གང་འདའ་བ། རེ་ཞིག་རྒྱལ་ཡང་ཕམ་པ་ཡིན། ཆུ་སྐྱར་ཁྲིམས་ལས་འདས་པ་ཡིས། ས་ཀུན་ཐོབ་ཀྱང་སེང་གེས་བསད་ཅེས་བསྟན་ཡོད་པ་བཞིན་དུ། ཉེ་ཆར་ཧྲན་ཞི་ཞིང་ཆེན་གྱི་དྲུང་ཆེའམ་ཞིང་ཆེན་ཧྲུའུ་ཅུ་ཀྲའོ་ཀྲིན་ཡོང་འཁོར་བཅས་ཀྱིས་རྒྱལ་ཁྲིམས་ཁྱད་དུ་བསད་ཅིང་གཙོ་འཛིན་གྱི་ཞལ་ཏ་རྩྭ་ལྟར་དོར་ནས་ཞི་ཨན་གྲོང་ཁྱེར་གྱི་ཁོར་ཡུག་གནད་འགག་ཅན་གྱི་ས་ཆ་རུ་ཚོང་དཔོན་ཆེན་པོས་ཁང་ཆེན་ཕོ་བྲང་སོགས་བརྩིགས་ཏེ་ཁོར་ཡུག་གཏོར་བརླགས་ཀྱིས་དཔལ་འབྱོར་འདུ་འགོད་བསྒྲུབས་པའི་གནད་དོན་ལ་སྡིག་པ་མིག་བཙུམས་ཀྱིས་བསྡད་པས་མི་ཚད་དེ་དག་ལ་རམ་འདེགས་ཀྱང་བྱས་ཏེ་ལྐོག་རྔན་ཟོས་པའི་རྐྱེན་གྱིས་ཁོང་ལ་སྲོག་ཆད་ལོ་གཉིས་ཕར་འགྱང་གི་ཉེས་ཆད་ཕོག་སྟེ་ད་ལྟ་བཙོན་ཁང་ནང་ཤི་སྒུག་གི་ཚད་ལ་ལྷུང་། དེ་མིན་དེ་སྔོན་མཚོ་སྔོན་ཞིང་ཆེན་གྱི་དཔོན་ཆེན་བླ་མེད་ཁུར་མྱོང་བའི་པའེ་ཨུན་ཕེ་དང་སུའོ་རོང་། མའོ་ཞོ་པེན་སོགས་ཀྱང་ད་ལྟ་བཙོན་གྱི་དགུ་ཞབས་སུ་ལྷུང་དེ་སྡུག་བསྔལ་མྱོང་བཞིན་པ་འདི་དག་ནི་དཔོན་པོ་དག་གིས་ཁྲིམས་བཤིག་པའི་མཇུག་འབྲས་དང་རྣམ་སྨིན་བསྟན་པ་མིན་ན་ཅི་ཡིན། དེ་ཕྱིར་མང་ཚོགས་ཀྱིས་ཐབས་ལམ་སྣ་ཚོགས་བསྐྱེད་དེ་བསླད་དཔོན་སོགས་ཀྱི་ཁྲིམས་འགལ་གྱི་བྱ་སྤྱོད་སྒོ་ཀུན་ནས་སུན་འབྱིན་དང་ཐེར་འདོན་བྱེད་པ་ནི་ཁོང་ཚོའི་ངན་སྤྱོད་མཚམས་གཅོད་ཐུབ་པའི་ལག་ཆ་ཡིན། 

བཞི་བ།  དྲང་པོའི་གཞུང་བསྲིངས་ན། སྒོ་ངས་རྟ་འཁྱོག མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁོར་ཡུག་སྲུང་ཁྲིམས་དང་རྒྱལ་ཁབ་ཀྱིས་ཁོར་ཡུག་སྲུང་བའི་ཆོད་སེམས་དང་མངོན་འདོད། དེ་བཞིན་དུ་གཙོ་འཛིན་གྱི་སྐྱེས་ཁམས་ཁོར་ཡུག་སྐོར་གྱི་བསླབ་བྱ་ལ་ཉན་ཡག་དང་བརྩི་བཀུར་བྱས་ཏེ་མཚོ་སྔོན་གྱི་ཁོར་ཡུག་དང་སྐྱེ་ཁམས་ཀྱི་གནད་འགག་རང་བཞིན་ནམ་ནམ་ཞར་ཞར་ཡིད་ལ་བཟུང་ནས་གཞུང་དོན་དྲང་བོ་དྲང་བཞག་དང་ཕྱི་གསལ་ནང་གསལ་གྱིས་བསྒྲུབ་སྟེ་བཟང་པོའི་གྲལ་དུ་ཚུད་ཨེ་ཐུབ་ལ་གཞོལ་དགོས། དེ་ལྟ་མ་ཡིན་པར་མུ་མཐུད་དུ་ཀྲའོ་ཀྲིན་ཡོང་དང་། པའེ་འུན་ཕེ་སོགས་ཀྱི་རྗེས་འཇུག་བྱེད་རྒྱུ་ཡིན་ན་མཐར་ཐུག་གི་འགྲོ་ས་དེ་བཙོན་ཁང་ལས་གཞན་མེད་དོ།