དྲ་གྲོགས་ལྷན་རྒྱས། ང་ཁྲིམས་གླེང་གི་རྩོམ་སྒྲིག་པ་སྒྲོལ་མ་སྐྱབས་ཡིན། དེང་སྐབས་ས་གནས་སྲིད་གཞུང་གིས་ཁྲིམས་འགལ་གྱིས་མང་ཚོགས་ཀྱི་ལག་གི་ས་ཞིང་ལེན་པའམ། ཁྲིམས་མཐུན་གྱིས་བླངས་ནའང་ཚད་ལྡན་གྱི་གུན་གསེབ་མི་སྤྲོད་པའི་གནད་དོན་གང་མང་བྱུང་བཞིན་འདུག་པ་འདི་ལ་དམིགས་ཏེ། མང་ཚོགས་ཀྱི་ས་ཞིང་གི་ཐོབ་ཐང་དང་། སྲིད་གཞུང་གིས་ཞིང་ས་སྡུད་པའི་ཁྲིམས་མཐུན་གྱི་བརྒྱུད་རིམ་དང་རྒྱུ་མཚན། དེ་བཞིན་དུ་ས་ཞིང་གཞུང་སྡུད་བྱེད་པའི་སྦྱོར་དངོས་རྗེས་གསུམ་གྱི་ཁྲོད་དུ་མང་ཚོགས་ཀྱིས་ཇི་ལྟར་འབད་བརྩོན་བྱས་ཏེ་ས་ཞིང་་གཞུང་གི་ལག་ཏུ་ཤོར་དུ་མི་འཇུག་པ་དང་། ཡང་ན་ཤོར་བའི་དབང་དུ་བཏང་ཡང་ས་ཞིང་ལ་གན་ཚབ་འོས་འཚམ་ལྡན་པ་ལེན་དགོས་པའི་ཁྲིམས་ལུགས་ཀྱི་གནད་དང་། ༢༠༡༩་ལོར་ས་གཞི་དོ་དམ་གྱི་ཁྲིམས་ལ་འཕར་བཅོས་བྱས་ཏེ་གཞུང་གིས་མང་ཚོགས་ཀྱི་ས་ལེན་ན་བརྒྱུད་རིམ་གང་དག་བརྒྱུད་པ་དགོས་པ། དེ་དང་འབྲེལ་བའི་དངོས་བྱུང་གི་གྱོད་དཔེ་གསུམ་གྱིས་ཤན་སྦྱར་ཏེ་སྐད་ཆ་མདོར་བསྡུས་བཤད་པར་བྱ། 

ཐོག་མར། སྲིད་གཞུང་གིས་རྒྱུ་མཚན་གང་དག་གི་དབང་གིས་ས་ཞིང་གཞུང་སྡུད་བྱས་ཆོག་ཅེ་ན། སྔོན་གྱི་ས་ཁྲིམས་ནང་དུ་རྒྱུ་མཚན་གང་གི་དབང་གིས་ས་ལེན་ཆོག་པ་ལ་གཏན་དབབ་གསལ་བོ་བྱས་མེད་པ་དང་། ༢༠༢༠་ལོའི་ས་ཁྲིམས་ཀྱི་ས་ཞིང་གཞུང་དུ་ལེན་པ་གཏན་དབབ་གསལ་བོ་བྱས། ས་ཁྲིམས་ཀྱི་དོན་ཚན་༤༩་ནང་དུ་གཞུང་གིས་ས་ཞིང་ལེན་ན་ངེས་པར་དུ་སྤྱི་ཚིས་དང་སྤྱི་ཕན་གྱི་ཆེད་དུ་ཡིན་དགོས་པ་དང་། སྤྱི་ཕན་གྱི་ཁྱབ་ཡུལ་ནི་དམག་དོན་དང་། ཕྱི་འབྲེལ། སྲིད་གཞུང་གིས་རྩ་འཛུགས་བྱས་ཏེ་ལག་ལེན་བྱེད་པའི་ཐོན་ནུས། འགྲིམ་འགྲུལ། ཆུ་བེད། བརྡ་འཕྲིན། སྦྲགས་སྲིད་ལ་སོགས་པའི་སྤྱི་བར་འཚོ་ཚིས་ཀྱི་མཐུན་རྐྱེན་བསྒྲུབ་པའི་རྣམ་གྲངས། དེ་བཞིན་ཏུ་ཚན་རྩལ། སློབ་གསོ། རིག་གནས། འཕྲོད་བསྟེན། ལུས་རྩལ། སྐྱེས་ཁམས་ཁོར་ཡུག་དང་ཐོན་ཁོངས་སྲུང་སྐྱོབ། འབྱུང་བའི་གནོད་སྐྱོན་སྔོན་འགོག རིག་རྫས་སྲུང་སྐྱོབ། གཞིས་ཁུལ་གྱི་སྣ་འཛོམས་ཞབས་ཞུ། སྤྱི་ཆོགས་ཕན་སྒྲུབ། གྲོང་ཁྱེར་སྲིད་གཞུང་གིས་གཞུང་སྤྱོད། དཔའ་བོ་དཔའ་མོ་རྗེས་དྲན་གྱི་འཛུགས་བསྐྲུན་སོགས། སྲིད་གཞུང་གིས་ལག་བསྟར་བྱས་པའི་དབུལ་སྐྱོབ་གནས་སྤོར། ཁག་ཐེག་རང་བཞིན་ཅན་གྱི་བདེར་གནས་བཟོ་བསྐྲུན་འཛུགས་བསྐྲུན། རྫོང་སྲིད་གཞུང་གིས་ལག་བསྟར་བྱས་པའི་གྲོང་ཚོ་ས་གཞི་ཁོད་བཅད་ཀྱི་འཛུགས་བསྐྲུན་ཆེད་དུ་ས་ལེན་པ་ལ་སོགས་པ་ནི་སྲིད་གཞུང་གི་མང་ཚོགས་ཀྱི་ལག་གི་ས་ལེན་པའི་རྒྱུ་མཚན་ཡིན། གལ་ཏེ་སྲིད་གཞུང་གིས་ས་ཞིང་སྡུད་པའི་རྒྱུ་མཚན་གོང་གི་ཆ་རྐྱེན་དང་མ་མཐུན་ན་སྲིད་གཞུང་གིས་ས་ལེན་མི་ཆོག་ཅིང་བཙན་གྱིས་བླངས་ན་ཁྲིམས་དང་འགལ་བས། འབྲེལ་ཡོད་ཀྱི་ས་བདག་དང་སྡེ་བ་དག་གིས་དམངས་དོན་གཏུག་བཤེར་དང་སྲིད་འཛིན་གཏུག་བཤེར་སོགས་ལ་བསྟེན་ནས་ཞུ་གཏུག་བྱེད་དགོས་ཤིང་། གོང་རིམ་གྱི་ས་གཞི་དོ་དམ་དང་ཁོར་ཡུག་སྲུང་སྐྱོབ་ལས་ཁང་སོགས་ལའང་ཐེར་འདོན་བྱས་ན་ཆོག དེའི་སྐོར་གྱི་དཔེ་དོན་ནི་རྫ་སྟོད་ཀྱི་འབྲོག་པ་རྣམས་ཀྱིས་འཐབ་རྩོད་བརྒྱུད་དེ་གཏེར་བརྐོ་བའི་ལས་གཞི་མཚམས་བཅད་པ་དང་། དེའི་འབྲེལ་ཐག  https://zine.la/article/a761ea70eae611e6b77052540d79d783/ རྐང་ཚའི་འབྲོག་པ་ཁག་གིས་ཆེས་མཐོ་ཁྲིམས་ཁང་གི་ཁྲིམས་འཛིན་འགྲེལ་བཤད་ལ་བརྟེན་ནས་ས་གནས་སྲིད་གཞུང་གིས་རྩྭ་ས་གཡོ་ཐབས་ཀྱིས་ནགས་སར་བསྒྱུར་བའི་ཇུས་ངན་བཀག་པ་སོགས་ལས་ཤེས་ཐུབ། ཆེས་མཐོ་ཁྲིམས་ཁང་གི་རྩྭ་སའི་སྐོར་གྱི་ཁྲིམས་འཛིན་གསེད་བཀྲོལ་གྱི་འབྲེལ་ཐག་ནི།  ་http://trimleng.org/2019/03/01/judicial-interpretation-on-grassland-criminal-case/

གཉིས་པ། ས་ཞིང་གཞུང་སྡུད་ཀྱི་བརྒྱུད་རིམ་ནི། གཞུང་གིས་མང་ཚོགས་ཀྱི་རྩྭ་སའམ་ཞིང་ས་གཞུང་སྡུད་བྱེད་པར་ཐོག་མར་ས་ལ་བརྟག་དཔྱད་བཏང་སྟེ་ས་སྡུད་ཀྱི་འཆར་གཞི་འགོད་དགོས་པ་དང་། དེ་ནང་དུ་སའི་གནས་ཚུལ་དང་། གལ་ཏེ་ས་ཞིང་དེ་གཞུང་སྡུད་བྱས་ན་སྤྱི་ཚོགས་ཀྱི་ལྷིང་འཇགས་ལ་གནོད་ཉེན་གང་གང་ཡོད་པ། དེ་མི་ཚད་གུན་ཚབ་ཇི་ལྟར་སྤྲོད་པ་ལ་སོགས་པའི་འཆར་གཞི་ཞིག་བྲིས་ཏེ་ས་ཞིང་ཡོད་སའི་སྡེ་བ་དང་ཡུལ་ཚོའི་ཉེ་འཁྲིས་སུ་བསྒྲགས་སྤེལ་བྱས་ཏེ་མང་ཚོགས་ཀྱི་བསམ་འཆར་བསྡུད་ལེན་བྱེད་དགོས། སྐབས་འདིར་གལ་ཏེ་སྡེ་བ་དང་མང་ཚོགས་ཀྱིས་ས་ཞིང་རྩ་བ་ཉིད་དུ་སྤྲོད་འདོད་མེད་ན། ཁོར་་ཡུག་དང་སྐྱེ་ཁམས། ཆོས་ལུགས་དང་སྲོལ་རྒྱུན་ལ་སོགས་པའི་རྒྱུ་མཚན་དྲངས་དེ་བསམ་འཆར་ནན་མོ་བཤད་དེ་འགོག་དགོས། གལ་ཏེ་སྡེ་མི་ཤིན་ཏུ་མང་ན་ཉམས་མྱོང་ཅན་གྱི་ངོ་ཚབ་རེ་འགའ་བསྐོས་ཏེ་གཞུང་ལ་ས་ཞིང་གཞུང་དུ་བླངས་ན་སྤྱི་ཚོགས་སྟེང་ན་གནོད་ཉེན་གང་གང་ཡོད་པ་དང་། སྣོད་བཅུད་རྟེན་འབྱུང་དང་ཆོས་དད་འདུས་པའི་ཡུལ་སྲོལ་གོམས་གཤིས་ལ་གནོད་རྐྱེན་ཐེབས་ཏེ་སྤྱི་ཚོགས་མི་བདེ་བའི་གཞི་རུ་འགྱུར་ཉེན་གང་ཡོད་སོགས་ནན་གྱིས་བདེན་དཔང་དང་བཅས་ཏེ་བཤད་ནས་སྲིད་གཞུང་གི་འཆར་གཞིའི་ཟིན་བྲིས་སུ་འགོད་དུ་འཇུག་དགོས་ཤིང་། སྐྱེ་ཁམས་དང་སྣོད་བཅུད་རྟེན་འབྱུང་གི་བསྟན་དོན་གཅིག་ཡིན་པས་གོ་བདེ་བའི་དབང་གིས་འདིར་སྐྱེ་ཁམས་ལ་སྣོད་བཅུད་རྟེན་འབྱུང་ཞེས་བརྗོད་པར་བྱ། གལ་ཏེ་སྲིད་གཞུང་གིས་དོ་སྣང་དང་དང་ལེན་མི་བྱེད་ན་སྐབས་འདིར་ཉན་ཚོགས་བསྡུ་བསྐོང་གི་རེ་འདུ་ཞུས་ཏེ་ཉན་ཚོགས་ཀྱི་སྟེང་ནས་རྩོད་སྒྲུབ་བྱེད་དགོས་ཤིང་། ་གལ་ཏེ་སྡེ་བ་དང་སྡེ་མི་མང་ཆེ་ཤོས་སྲིད་གཞུང་གི་ས་སྡུད་ལ་མོས་མཐུན་མ་བྱུང་ཚེ། སྲིད་གཞུང་གིས་ངེས་པར་དུ་འཆར་གཞི་ལ་བཟོ་བཅོས་བྱེད་དགོས། གལ་ཏེ་འདིའི་སྐབས་སུ་ས་ལེན་པ་དེ་ཁྲིམས་དང་མཐུན་ཞིང་སྤྱི་ཚིས་ཡིན་པ། བརྒྱུད་རིམ་དང་ཆོ་གའི་གནད་དོན་ཅི་ཡང་མེད་ན། ས་ཤོར་མཁན་གྱིས་སྐབས་འདིར་སྡེ་བ་དང་སྡེབས་ནས་སྲིད་གཞུང་གི་ལག་ནས་ས་རིན་འོས་ཤིང་འཚམ་པ་ལོན་པ་ལ་འབད་པ་བྱེད་དགོས། དེའི་སྐོར་གྱི་གྱོད་དཔེ་ནི་གཤམ་དུ་སྦྱར་ཡོད་པའི་ལན་ཀྲུག་སུང་ཀྱྭ་ཐག་གྱི་དངོས་བྱུང་དོན་དག་ལས་ས་རིན་རན་པ་ལེན་ཚུལ་ཤེས་ཐུབ། http://trimleng.org/2017/06/29/lanzhou-land-grab-case-study/

མཐར། སྡོམ་ཚིག

འདི་ནས་ཤེས་དགོས་པ་ཞིག་ནི་ས་ཡི་ངོ་བོ་དེ་ཡིན། རྩ་ཁྲིམས་དང་ས་ཁྲིམས་ལྟར་ན།་རྩྭ་ས་དང་ཞིང་སའི་བདག་པོ་ངོ་མ་དེ་སྡེ་བ་དང་སྡེ་ཆུང་ཡིན་པ་དང་། སྡེ་བ་དང་སྡེ་ཆུང་ལ་དབང་བའི་དབང་ཐང་དེ་ལའང་ཚད་བཀག་ངེས་ཅན་ཡོད། རོང་འབྲོག་པས་ས་ཞིང་འགན་གཙང་ལེན་གྱི་གན་རྒྱ་བརྒྱུད་དེ་ཐོབ་པའི་ས་ཞིང་དུས་ཡུན་ལོ་སུམ་ཅུའམ་ལྔ་བཅུར་བདག་གཉེར་དང་བཀོལ་སྤྱོད་ཀྱི་དབང་ཐང་དེ་ནི་ཁྲིམས་ཀྱི་བདག་དབང་དངོས་མ་མིན་པས། དེ་ནི་ས་ཞིང་གླས་པ་དང་གཅིག་མཚུངས་ཡིན། གལ་ཏེ་སྲིད་གཞུང་གིས་སྡེ་མིའི་ལག་ཏུ་ས་བླངས་ན་ཀུན་རྫོབ་ཀྱི་སྟེང་ནས་སྡེའི་མིའི་ས་ཤོར་བ་དང་བདེན་རུང་། དོན་དམ་གྱིས་སྡེ་བ་སྤྱི་དང་སྡེའི་མི་ཡོངས་ཀྱི་ས་དབང་ཤོར་བའི་གནད་དེ་ངེས་པར་དུ་ངེས་དགོས། དཔེར་ན་བཀྲ་ཤིས་ཀྱིས་དོན་འགྲུབ་ལ་རྟ་ཞིག་གཡར་བ་དང་། ཚེ་རིང་གིས་དོན་འགྲུབ་ཀྱི་ལག་གི་རྟ་དེ་འཕྲོག་པར་བརྩམ་པ་ན་བཀྲ་ཤིས་དང་དོན་འགྲུབ་གཉིས་མཉམ་འབྲེལ་གྱིས་བཟློག་དགོས་པ་ལྟར་ཤིན་ཏུ་ངེས་སླ་བའི་དཔེ་བཞིན་ནོ། དེ་མིན་ས་ཞིང་སྡུད་སྐབས་དུས་ཀྱིས་བཅད་པའི་ཡུན་ཚད་ནང་དུ་བསྒྲུབ་དགོས་པའི་ལས་དོན་ངེས་པར་དུ་བསྒྲུབ་དགོས་ཤིང་གལ་ཏེ་དོན་དག་ལ་ལ་དུས་ལྟར་མ་བསྒྲུབན་ཕྱིས་སུ་གནོད་པ་ཤིན་ཏུ་མང་བས་ལྟ་བ་རྙིང་བ་བཟུང་སྟེ་ནར་འགྱིང་དང་སྒྱིད་ལུག་བྱེད་མི་རུང་།