རྩ་ཁྲིམས་ཀྱི་དོན་ཚན་༡༣༤་བ་ལས། རིགས་སོ་སོའི་སྤྱི་དམངས་ལ་རང་གི་སྐད་ཡིག་བཀོལ་སྤྱོད་བྱས་ཏེ་གཏུག་བཤེར་བྱེད་པའི་ཐོབ་ཐང་ཡོད། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་དེ་གའི་སྤྱི་སྤྱོད་སྐད་ཡིག་མི་ཤེས་པའི་གཏུག་བཤེར་ཞུགས་མི་དག་ལ་ངེས་པར་དུ་ལོ་ཙཱ་བའམ་སྐད་སྒྱུརབ་་མཁོ་སྤྲོད་བྱེད་དགོས། གྲངས་ཉུང་མི་རིགས་འདུས་བསྡོད་དང་ཡང་ན་མི་རིགས་མང་པོ་མཉམ་གནས་ཀྱི་ས་ཁུལ་དུ་ངེས་པར་དུ་ས་ཁུལ་དེའི་སྐད་ཡིག་ལ་བརྟེན་ནས་ཁྲིམས་བཤེར་བྱས་ཏེ། ཞིབ་དཔྱོད་གཏུག་ཡིག་དང་། བཅད་ཁྲ་དང་བརྡ་སྦྱོར་ལ་སོགས་པའི་ཁྲིམས་ཡིག་དག་ཀྱང་དངོས་ཡོད་ཀྱི་དགོས་མཁོ་ལ་གཞིགས་ཏེ་ངེས་པར་དུ་ས་གནས་དེ་གའི་སྐད་ཡིག་གཅིག་གམ་དུ་མ་བཀོལ་སྤྱོད་བྱེད་དགོས། 

མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་༤༧་པ་ལས། མི་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ངེས་པར་དུ་ས་གནས་དེའི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་བྱས་ཏེ་ཁྲིམས་བཤེར་དང་ཞིབ་དཔྱོད་ཀྱི་ལས་དོན་བསྒྲུབ་དགོས་ཤིང་། སོ་སོའི་ལས་ཁུངས་ལ་ས་གནས་དེའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཤེས་མཁན་བསྐོ་འཇོག་བྱེད་དགོས། ས་གནས་དེ་གའི་སྤྱི་སྤྱོད་སྐད་ཡིག་མི་ཤེས་པའི་གཏུག་བཤེར་ཞུགས་མི་དག་ལ་ངེས་པར་དུ་ལོ་ཙཱ་བའམ་སྐད་སྒྱུར་བ་མཁོ་སྤྲོད་བྱེད་དགོས་ཤིང་ཁྲིམས་ཡིག་དག་ཀྱང་ས་གནས་དེ་གའི་དངོས་ཡོད་ཀྱི་དགོས་མཁོ་ལ་གཞིགས་ཏེ་ངེས་པར་དུ་ས་གནས་དེ་གའིསྤྱི་སྤྱོད་ཡི་གེ་གཅིག་གམ་དུ་མ་བཀོལ་སྤྱོད་བྱེད་དགོས།  རིགས་སོ་སོའི་སྤྱི་དམངས་ལ་རང་གི་སྐད་ཡིག་བཀོལ་སྤྱོད་བྱས་ཏེ་གཏུག་བཤེར་བྱེད་པའི་ཐོབ་ཐང་དེ་འགན་སྲུང་བྱེད་དགོས། 

མི་དམངས་ཁྲིམས་ཁང་རྩ་འཛུགས་ཁྲིམས་ཀྱི་དོན་ཚན་༦་པ་ལས། རིགས་སོ་སོའི་སྤྱི་དམངས་ལ་རང་གི་སྐད་ཡིག་བཀོལ་སྤྱོད་བྱས་ཏེ་གཏུག་བཤེར་བྱེད་པའི་ཐོབ་ཐང་ཡོད། མི་དམངས་ཁྲིམས་ཁང་གིས་ས་གནས་དེ་གའི་སྤྱི་སྤྱོད་སྐད་ཡིག་མི་ཤེས་པའི་གཏུག་བཤེར་ཞུགས་མི་དག་ལ་ངེས་པར་དུ་ལོ་ཙཱ་བའམ་སྐད་སྒྱུར་བ་མཁོ་སྤྲོད་བྱེད་དགོས་ཤིང་། གྲངས་ཉུང་མི་རིགས་འདུས་བསྡོད་དང་ཡང་ན་མི་རིགས་མང་པོ་མཉམ་གནས་ཀྱི་ས་ཁུལ་དུ་ངེས་པར་དུ་ས་ཁུལ་དེའི་སྤྱི་སྤྱོད་སྐད་ཡིག་ལ་བརྟེན་ནས་ཁྲིམས་བཤེར་བྱས་ཏེ། བཅད་ཁྲ་དང་བརྡ་སྦྱོར་ལ་སོགས་པའི་ཁྲིམས་ཡིག་དག་ཀྱང་ས་གནས་དེ་གའི་ཡི་གེ་བཀོལ་སྤྱོད་བྱེད་དགོས། (དོན་ཚན་འདི་༢༠༡༨་ལོའི་ཟླ་༡༠་བའི་ཚེས་༢༦་ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེནརྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྱི་ཐེངས་དྲུག་པའི་ཚོགས་འདུའི་སྟེང་འཕར་བཅོས་བྱེད་སྐབས་འཕྲུ་འཐེན་བྱས་ཏེ་མི་སྣང་བར་གྱུར་ཏོ། རྒྱུ་མཚན་ཅི་ཡིན་མི་གསལ། )

ཉེས་དོན་གཏུག་བཤེར་ཁྲིམས་ཀྱི་དོན་ཚན་དགུ་བ་ལས། རིགས་སོ་སོའི་སྤྱི་དམངས་ལ་རང་གི་སྐད་ཡིག་བཀོལ་སྤྱོད་བྱས་ཏེ་གཏུག་བཤེར་བྱེད་པའི་ཐོབ་ཐང་ཡོད། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་ལས་ཁུངས་བཅས་ཀྱིས་ས་གནས་དེ་གའི་སྤྱི་སྤྱོད་སྐད་ཡིག་མི་ཤེས་པའི་གཏུག་བཤེར་ཞུགས་མི་དག་ལ་ངེས་པར་དུ་ལོ་ཙཱ་བའམ་སྐད་སྒྱུར་མཁོ་སྤྲོད་བྱེད་དགོས། གྲངས་ཉུང་མི་རིགས་འདུས་བསྡོད་དང་ཡང་ན་མི་མི་མང་པོ་མཉམ་གནས་ཀྱི་ས་ཁུལ་དུ་ངེས་པར་དུ་ས་ཁུལ་དེའི་སྤྱི་སྤྱོད་སྐད་ཡིག་ལ་བརྟེན་ནས་འདྲི་བརྩད་དང་ཞུ་གཏུག་དང་ཁྲིམས་བཤེར་བྱེད་དགོས་ཤིང་། བཅད་ཁྲ་དང་བརྡ་སྦྱོར་ལ་སོགས་པའི་ཁྲིམས་ཡིག་དག་ཀྱང་ས་གནས་དེ་གའི་སྤྱི་སྤྱོད་ཡི་གེ་བཀོལ་སྤྱོད་བྱེད་དགོས། 

དམངས་དོན་གཏུག་བཤེར་ཁྲིམས་ཀྱི་དོན་ཚན་༡༡་པ་ལས། རིགས་སོ་སོའི་སྤྱི་དམངས་ལ་རང་གི་སྐད་ཡིག་བཀོལ་སྤྱོད་བྱས་ཏེ་དམངས་དོན་གཏུག་བཤེར་བྱེད་པའི་ཐོབ་ཐང་ཡོད། གྲངས་ཉུང་མི་རིགས་འདུས་བསྡོད་དང་ཡང་ན་མི་རིགས་མང་པོ་མཉམ་གནས་ཀྱི་ས་ཁུལ་དུ་མི་དམངས་ཁྲིམས་ཁང་གིས་ངེས་པར་དུ་ས་ཁུལ་དེའི་སྤྱི་སྤྱོད་སྐད་ཡིག་ལ་བརྟེན་ནས་ཁྲིམས་བཤེར་བྱེད་པ་དང་བཅད་ཁྲ་དང་བརྡ་སྦྱོར་ལ་སོགས་པའི་ཁྲིམས་ཡིག་བསྒྲག་དགོས། མི་དམངས་ཁྲིམས་ཁང་གིས་ས་ཆ་དེའི་སྤྱི་སྤྱོད་སྐད་ཡིག་མི་ཤེས་པའི་གཏུག་བཤེར་ཞུགས་མི་དག་ལ་ངེས་པར་དུ་ལོ་ཙཱ་བའམ་སྐད་སྒྱུར་བ་མཁོ་སྤྲོད་བྱེད་དགོས།