ད་ལོའི་དབྱར་མཇུག་ནས་བཟུང་པེ་ཅིན་དང་ཀོང་ཀྲུག་ལ་སོགས་པའི་ནང་ལོགས་ཀྱི་གྲོང་ཁྱེར་དུ་ཁང་ཡིག་མེད་པའམ་ཚད་ལྡན་གྱི་ཁང་ཡིག་ཆ་ཚང་མེད་པའི་ཁང་བ་སྟེ་ཐོབ་ཐང་ན་སྨད་ཀྱི་ཁང་བ་(小产权房)ཅི་རིགས་གཞུང་གིས་དག་ཐེར་བྱས་ཏེ་གཞུང་སྡུད་དང་གཏོར་བཤིག་བྱེད་པའི་འགོ་བརྩམས། དེས་ན་དུས་སྐབས་འདི་དང་བསྟུན་ནས་ཚོང་བ་དང་ཁང་བདག་སེམས་རྙོག་མ་ཅན་དག་གིས་རྒྱུ་ནོར་གཡོ་ལེན་བྱེད་པའམ་ཕུགས་མི་བརྟན་པའི་ཁང་བ་མྱུར་ཏུ་གཞན་ལ་བཙོང་བ་ལ་སོགས་པའི་ཀུན་སློང་ངན་པས་རང་ལ་དབང་བའི་ཐོབ་ཐང་ན་སྨད་ཅན་གྱི་ཁང་བ་གཞན་ལ་བཙོང་བའི་གླགས་བལྟ་བཞིན་ཡོད་པས་ན་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་ངེས་པར་དུ་གནད་དོན་དེ་རིགས་ལ་དོ་སྣང་དང་དོགས་ཟོན་གྱིས་གཡོ་འོག་ཏུ་མི་ཚུད་པར་ཉམས་འཇོག་དགོས། གང་ཡིན་ཞེ་ན་དྲ་ཐོག་སོགས་སུ་མགོ་གཡོགས་ཐེབས་ན་སྒོར་མོ་བརྒྱ་སྟོང་གི་གྱོང་ཙམ་ཡིན་པ་དང་། ཁང་བ་ཉོས་ཏེ་གཡོ་འོག་ཏུ་ཚུད་ན་སྒོར་མོ་ཁྲི་འབུམ་གྱི་གྱོང་རག་ཉེན་ཆེ་བས་སོ། 

ཐོབ་ཐང་ན་སྨད་ཀྱི་ཁང་བ་ཞེས་པ་ནི་རྒྱལ་ཁབ་ཀྱི་ཁང་སྲིད་དོ་དམ་ལས་ཁུངས་ཀྱིས་ཁང་ཡིག་སྤྲད་མེད་པའི་ཁང་བ་ལ་གོ་དགོས་ཤིང་། དེའི་ཐ་དད་ཀྱི་མཚན་ཉིད་ལ་ཐོབ་ཐང་སྦོམ་པོ་ཅན་གྱི་ཁང་བ་(大产权房)ཟེར། ཐོབ་ཐང་སྦོམ་པོ་ཅན་གྱི་ཁང་བའི་ཁང་བདག་གིས་རྒྱལ་ཁབ་ཀྱི་ཁང་སྲིད་ལས་ཁང་དུ་ཁང་བ་ཐོར་འཇུག་གི་ཆོ་ག་ཆ་ཚང་བསྒྲུབས་ཚར་ཅིང་། འཛིགས་བསྐྲུན་ས་གཞི་བཀོལ་རུང་གི་ཆོག་ཡིག འཛུགས་བསྐྲུན་བཟོ་ལས་ལས་རུང་གི་ཆོག་ཡིག ཨར་བཟོ་བཟོ་བསྐྲུན་ལས་རུང་གི་ཆོག་ཡིག རྒྱལ་ཁབ་ལ་དབང་བའི་ས་བཀོལ་རུང་གི་ཆོག་ཡིག ཁང་བ་བཙོང་རུང་གི་ཆོག་ཡིག་(建设用地规划许可证、建设工程规划许可证、建筑工程施工许可证、国有土地使用证、预售许可证)བཅས་ཁང་ཡིག་སྣ་ཀ་ལྔ་བོ་ཚང་བས་ན་ཐོབ་ཐང་སྦོམ་པོ་ཞེས་བརྗོད་པ་ཡིན། ཉོ་མཁན་གྱིས་ཁང་བདག་དང་གན་རྒྱ་བཞག་སྟེ་ཁང་བ་དེ་རིགས་བྱིན་ལེན་གྱི་ཐོ་ཆོག་བསྒྲུབས་ནས་ཉོས་ན་རུང་ཞིང་འོས། གྲོང་ཁྱེར་དུ་ཡོད་པའི་ཁང་བ་ཕལ་བ་ཆེ་ནི་ཐོབ་ཐང་སྦོམ་པོ་ཅན་གྱི་ཁང་བ་ཡིན་པས་ཁང་བ་དེ་རིགས་ཉོ་བསམ་ན་ཉོ་བདག་ཁང་ཡིག་ལས་ཁུངས་ལ་སོང་སྟེ་ཁང་བ་དེའི་སྟེང་དུ་གཏའ་མ་དང་ཐོབ་ཐང་གཞན་བཞག་ཡོད་མེད་བསྔོག་ན་ཤེས་ཐུབ་པས་ཉོ་མཁན་གྱིས་ཁང་བ་དེ་རིགས་ཉོས་ན་གཡོ་འོག་ཏུ་ཚུད་པའི་ཉེན་ཁ་ཆུང་། གལ་སྲིད་དོ་བདག་གི་བར་དུ་བྱིན་ལེན་ལ་སོགས་པའི་ལན་ཆགས་ཀྱི་རྩོད་ཉོག་བྱུང་ན་ཁྲིམས་ཁང་དང་གཟུ་གཅོད་(仲裁)བརྒྱུད་དེ་རྩོད་གཞི་དེ་དག་ཕྱིར་བཅོས་དང་ཡོ་བསྲང་བྱེད་ཐུབ། ཁང་བ་འདི་རིགས་ཉོ་སྐབས་ཆེ་གལ་ཆེ་བའི་ལས་ཆོག་ཅིག་ནི་ཁང་ཡིག་ལས་ཁང་དུ་ཁང་བ་ཉོས་པའི་ཐོ་འགོད་པའི་ཆོ་ག་བསྒྲུབ་པ་དེ་ཡིན། ཐོ་གཞུང་གི་སྟེང་དུ་ཉོ་བདག་གི་མིང་བྲིས་མེད་ན་ཁང་བ་དེ་ཁྲིམས་ལུགས་ཀྱི་སྟེང་ནས་ཉོ་བདག་ལ་མི་དབང་བས། བཙོང་མཁན་གྱིས་ཡང་བསྐྱར་གཞན་ལ་བཙོང་སྟེ་གཞན་གྱིས་མིང་དུ་བསྒྱུར་ན་ཉོ་མཁན་སྔ་མོའི་ཁང་བདག་གི་ཐོབ་ཐང་ཤོར་ཚར། ཁང་བ་གཅིག་ཐེངས་ཁ་ཤས་སུ་གཞན་ལ་བཙོང་སྟེ་(一房数卖)ཉོ་མཁན་ལ་མགོ་སྐོར་དང་གནོད་པ་བསྐྱེལ་བའི་གནད་དོན་མང་བོ་བྱུང་དང་འབྱུང་བཞིན་ཡོད། དེའི་ཕྱིར་ཁང་བ་འདི་རིགས་ཉོ་ན་ཁང་སྲིད་ལས་ཁང་དུ་ཐོ་འགོད་པའི་ལས་ཆོག་ལ་དོ་སྣང་དང་གཙིགས་སུ་འཛིན་དགོས།

ད་བར་ཁང་ཡིག་མེད་པའི་ཐོབ་ཐང་ན་སྨད་ཅན་གྱི་ཁང་བ་ཉོས་ན་ཉེན་ཁ་ཤིན་ཏུ་ཆེ་བས་ཉོ་བདག་གིས་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་དགོས། ཁང་ཡིག་མེད་པའི་ཁང་བ་མང་ཆེ་ཤས་གྲོང་གསེབ་དང་ཞིང་སྡེ་འབྲོག་སྡེ་ན་མང་། ཁང་བ་དེ་དག་ནི་རོང་འབྲོག་པས་རང་ལ་གནས་སྐབས་སུ་དབང་བའི་ས་གཞི་ཡི་སྟེང་དུ་ཁྲིམས་མཐུན་ནམ་ཁྲིམས་འགལ་གྱིས་ཁང་བ་བཀབས་ཏེ་རྒྱལ་ཁབ་ཀྱི་ཁང་སྲིད་ལས་ཁུངས་ལ་ཁང་ཡིག་བྱིན་ལེན་གྱི་ཆོ་ག་ཡོངས་སུ་ཚང་བར་བསྒྲུབས་མེད་པས་རྐྱེན་གྱིས་ཐོབ་ཐང་སྐྱོན་ཅན་གྱི་ཁང་བའི་རིགས་སུ་གཏོགས། ཁྲིམས་ལུགས་ལྟར་ན་ཁང་བ་དེ་རིགས་ལ་ཞང་དང་ཡུལ་ཚོའི་སྲིད་གཞུང་གིས་ས་བཀོལ་གྱི་ཆོག་མཆན་སྤྲད་ཡོད་ནའང་ཚད་ལྡན་གྱི་ཁང་ཡིག་ཐོབ་མི་སྲིད་ཅིང་ཕྱིས་སུ་གཞུང་གཏོར་བཤིག་སོགས་བྱེད་ན་གུན་ཚབ་ཀྱང་ཡོངས་སུ་མི་སྤྲོད་པས་སྲིད་གཞུང་དང་སྡེ་བ་སོགས་ཀྱིས་བཤིག་བསམ་ན་བཤིག་ཆོག་ཆོག་ཅིག་ཡིན། དེ་བཞིན་ཏུ་སྡེ་བའི་གཞི་མའི་ཁང་བ་དེ་དག་ལ་ཁང་ཡིག་ཡོད་ཀྱང་བཙོང་ན་སྡེ་བའི་སྡེ་མིར་མ་གཏོགས་གཞན་ལ་བཙོང་མི་ཆོག་པའི་བཀག་རྒྱ་ཡོད། བཀག་རྒྱ་ལ་མ་ལྟོས་པར་ཉོས་ན་གན་རྒྱ་ལ་གཞི་ཡི་སྐྱོན་ཤོར་བས་ཕྱིས་སུ་སྡེ་བས་ཕྱིར་བླངས་ཏེ་གུན་ཚབ་མ་སྤྲད་ནའང་ཆོག་པས་སྡིག་གྱོང་དེ་ཉོ་མཁན་གྱིས་ཁུར་དགོས། མདོ་ལྷོ་རྨ་ཆུ་ས་ཁུལ་གྱི་འབྲོག་པ་རེ་འགས་ཁང་བ་དེ་རིགས་རྨ་ཆུའི་སྲང་ཐོག་ནས་རྒྱ་དང་ཁ་ཆེ་བའི་ལག་ཏུ་ཉོས་ཏེ་མགོ་སྐོར་ཏུ་ཚུད་པས་གྱོད་གཞི་ཞིག་ན་གནིངས་ས་ཆ་དེའི་འབྲོག་པ་ཞིག་གིས་ང་ལ་ལབ་མྱོང་། ཁང་བ་འདི་རིགས་ལ་ཉོ་འཚོང་གི་སྐྱོན་ཡོད་པ་དེ་ཁང་བདག་དང་ས་གནས་སྲིད་གཞུང་སོགས་ཀྱི་སྐྱོན་མཚང་ཞིག་མིན་པར། རྒྱལ་ཁབ་ཀྱི་མཁར་དབང་གི་ཁྲིམས་ལུགས་དང་ལག་ལེན་གྱི་སྤྱི་སྐྱོན་ཡིན་པས་གང་ཟག་གིས་ཡོ་བསྲང་བྱེད་ནུས་པ་ཞིག་མིན་པས་ན། ཁང་བ་དེ་རིགས་ཉོ་འདོད་རྣམས་ཀྱིས་བློ་བཟློག་དགོས་ཤིང་། ཉོས་ཟིན་པ་རྣམས་ཀྱིས་ཁང་བ་ཕྱིར་སྤྲད་དེ་གླ་བརྔན་ཚུར་ལེན་ཐབས་བྱེད་དགོས། ས་གཞིའི་ཐོབ་ཐང་གི་ངོ་བོ་རྒྱལ་ཁབ་ལ་དབང་བར་མ་བསྒྱུར་བའི་སྔ་རོལ་ཏུ་རང་རྐྱ་ཐུབ་པར་ཉོ་འཚོང་བྱེད་ཆོག་པའི་ས་དང་ཁང་བ་ཞིག་ཡོད་མི་སྲིད་པ་ནི་དེང་སྐབས་ཁང་བའི་ཐོབ་ཐང་གི་ངོ་བོ་དང་གནས་བབ་ཡིན།