(1987ལོའི་ཟླ་7ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ། 2002ལོའི་ཟླ་5ཚེས་22ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་བཟོ་བཅོས་བྱས། 2019ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་དག་བཅོས་བྱས)
དོན་ཚན་དང་པོ། བོད་སྐད་ཡིག་ནི་རང་སྐྱོང་ལྗོངས་ཀྱི་སྤྱི་སྤྱོད་སྐད་ཡིག་ཡིན་ཞིང་། བོད་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། གོང་འཕེལ་བཅས་གཏོང་རྒྱུར་འགན་སྲུང་བྱེད་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས》བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གཏན་འབེབས་འདི་ཉིད་བཟོས་པ་ཡིན།


དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱིས་མི་རིགས་ཁག་གི་སྐད་ཡིག་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་དང་། སྐད་ཡིག་གི་ཁྲིམས་ལུགས་གཅིག་གྱུར་ཡོང་རྒྱུར་སྲུང་སྐྱོང་བྱེད་རྒྱུ།
རིམ་ཁག་མི་དམངས་སྲིད་གཞུང་གིས་བོད་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། གོང་འཕེལ་བཅས་གཏོང་རྒྱུའི་ལས་དོན་ལ་མཐོང་ཆེན་དང་ཤུགས་སྣོན་རྒྱག་དགོས།
དོན་ཚན་གསུམ་པ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་བོད་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་འདྲ་མཉམ་གྱི་ནུས་པ་ཡོད།
དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་ཀྱི་གལ་ཆེའི་ཚོགས་འདུ་དང་འདུ་འཛོམས་བྱེད་སྒོའི་ནང་བོད་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཉིས་ཀའམ་ཡང་ན་གང་རུང་གཅིག་སྤྱོད་རྒྱུ།
རང་སྐྱོང་ལྗོངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་ལས་དོན་ཚོགས་འདུར་དགོས་མཁོར་གཞིགས་ཏེ་སྤྱི་སྤྱོད་སྐད་ཡིག་གཅིག་གམ་ཡང་ན་གཉིས་ཀ་སྤྱོད་རྒྱུ།
རིམ་ཁག་རྒྱལ་ཁབ་ལས་ཁུངས་ཀྱིས་ཡོངས་ཁྱབ་ཏུ་འགྲེམས་བསྒྲགས་བྱེད་རྒྱུའི་ཡིག་ཆའི་རིགས་ལ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཉིས་ཀ་སྤྱོད་དགོས།
དོན་ཚན་ལྔ་པ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་འཛིན་བྱེད་སྒོའི་ནང་དགོས་མཁོ་གཞིར་བཟུང་ས་གནས་དེ་གའི་སྤྱི་སྤྱོད་སྐད་ཡིག་གཅིག་གམ་ཡང་ན་ཁ་ཤས་སྤྱད་དེ་མི་རིགས་ཁག་གི་སྤྱི་དམངས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་གཏུག་བཤེར་བྱེད་རྒྱུའི་ཁེ་དབང་འགན་སྲུང་བྱེད་དགོས།
དོན་ཚན་དྲུག་པ། འགན་བབས་སློབ་གསོ་སྤེལ་རིང་བོད་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཉིས་ཀ་སློབ་ཁྲིད་ཀྱི་གཞི་རྩའི་སྐད་ཡིག་ཏུ་འཛིན་རྒྱུ་དང་། བོད་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་ཚན་ཁྲིད་རྒྱུ། འོས་འཚམ་གྱི་སྐབས་སུ་ཕྱི་རྒྱལ་གྱི་སྐད་ཡིག་སློབ་ཁྲིད་བྱེད་རྒྱུ།
དོན་ཚན་བདུན་པ། རང་སྐྱོང་ལྗོངས་ཀྱིས་བྱ་ཐབས་སྤྱད་ནས་བོད་རིགས་སྤྱི་དམངས་ཁྲོད་ཀྱི་གཞོན་དར་གྱི་བོད་ཡིག་ཡིག་རྨོངས་སེལ་དགོས།
དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་མི་རིགས་ཁག་དབར་ཕན་ཚུན་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་སྐུལ་ལྕག་དང་དར་སྤེལ་གཏོང་རྒྱུ།
བོད་རིགས་ལས་བྱེད་པ་དང་ལས་བཟོ་བ་རྣམས་ཀྱིས་བོད་སྐད་ཡིག་སྦྱོང་སྤྱོད་དང་འབྲེལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་བྱེད་དགོས། རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པ་དང་ལས་བཟོ་བ་ཚོས་ཀྱང་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་དགོས།
དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་གི་སློབ་གསོ་དང་། གསར་འགྱུར། དཔེ་སྐྲུན། རླུང་འཕྲིན། གློག་བཪྙན་བཪྙན་འཕྲིན་བཅས་ཀྱི་བྱ་གཞག་གོང་འཕེལ་ཧུར་ཐག་གཏོང་དགོས་པ་དང་། བོད་ཡིག་གི་ལོ་ཆུང་བྱིས་པའི་ལྟ་དེབ་དང་། གོ་བདེའི་ལྟ་དེབ། ཚན་རིག་ཁྱབ་གདལ་དཔེ་དེབ་བཅས་དཔེ་སྐྲུན་བྱེད་རྒྱུར་མཐོང་ཆེན་བྱེད་དགོས།
ཚན་རིག་ཞིབ་འཇུག་ལས་ཁུངས་དང་། ཚན་རྩལ་མི་སྣ། རིག་རྩལ་ལས་དོན་པ་བཅས་ལ་བོད་སྐད་ཡིག་ཐོག་ནས་ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་དང་། རྩོམ་རིག་སྒྱུ་རྩལ་གསར་རྩོམ་དང་འཁྲབ་སྟོན་བྱེད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།
རང་སྐྱོང་ལྗོངས་ཀྱིས་བྱ་ཐབས་སྤྱད་ནས་བོད་ཡིག་གི་དགེ་རྒན་དང་། རྩོམ་སྒྲིག་པ། གསར་འགོད་པ། རྩོམ་པ་པོ། དྲུང་ཡིག་སོགས་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས་པ་དང་། བོད་སྐད་ཡིག་ཞིབ་འཇུག་བྱེད་མཁན་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱེད་རྒྱུ།
དོན་ཚན་བཅུ་པ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་། བྱ་གཞག་ཚན་པས་རྒྱལ་ཁབ་ཀྱི་གཞུང་ལས་པ་བསྡུ་བ་དང་ལག་རྩལ་པ་གདན་ཞུ་བྱེད་སྐབས་ཆ་རྐྱེན་གཅིག་མཚུངས་འོག་བོད་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཉིས་ཀ་མཉམ་སྤྱོད་གོ་འཕེར་ཐུབ་མཁན་རིགས་སྔོན་ལ་བསྡུ་དགོས།
དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་ལྗོངས་ཕྱིར་བཅའ་སྡོད་རྒྱུན་བཙུགས་ལས་ཁུངས་བཅས་ཀྱི་ཐམ་ག་དང་། ལག་འཁྱེར། སྒོ་བྱང་བཅས་ཀྱི་ཐོག་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཉིས་ཀ་མཉམ་སྤྱོད་བྱེད་དགོས།
གྲོང་ཁྱེར་གྱི་སྤྱི་པའི་བྱེད་སྒོ་སྤེལ་སའི་སྒྲིག་བཀོད་ཐོག་གི་ཡི་གེ་དང་། ཡིག་བྱང་། བརྡ་ཁྱབ་སོགས་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཉིས་ཀྱི་ཐོག་ནས་འབྲི་རྒྱུ་མ་ཟད། ཡིག་གཟུགས་ཚད་ལྡན་དང་། སྤུས་དག སྒྱུར་ཡིག་ནང་དོན་འཕྱུགས་པ་མེད་པ་བཅས་དགོས།
དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་ལྗོངས་ནང་ཁུལ་དུ་ཚོང་སྒྱུར་བྱེད་རྒྱུའི་ཚོང་ཟོག་ཐུམ་སྒྲིལ་ཐོག་གི་ཡི་གེ་དང་གསལ་བཤད་སོགས་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཉིས་ཀ་མཉམ་སྤྱོད་བྱེད་རྒྱུ།
རང་སྐྱོང་ལྗོངས་ནང་ཁོངས་ཀྱི་ཞབས་ཞུའི་ལས་རིགས་ཁག་གི་མིང་དང་། ཚོང་གཉེར་གྱི་རྣམ་གྲངས། གོང་ཚད། འཛིན་ཤོག་སོགས་ཀྱི་ཐོག་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཉིས་ཀ་སྤྱོད་རྒྱུ།
དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བོད་སྐད་ཡིག་ལས་དོན་སྡེ་ཚན་གྱིས་བོད་སྐད་ཡིག་སྦྱོང་སྤྱོད་བྱེད་རྒྱུའི་ཐད་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། བོད་སྐད་ཡིག་ལ་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་སྐད་ཡིག་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱིས་ཡིག་སྒྱུར་མི་སྣ་གསོ་སྐྱོང་བྱེད་རྒྱུའི་བྱ་ཐབས་བཟུང་སྟེ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཉིས་ཀྱི་ཡིག་སྒྱུར་ལས་དོན་ལ་མཐོང་ཆེན་དང་ཤུགས་སྣོན་རྒྱག་རྒྱུ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བོད་སྐད་ཡིག་ལས་དོན་སྡེ་ཚན་གྱིས་བོད་སྐད་ཡིག་གི་མིང་ཚིག་ཐ་སྙད་གཅིག་གྱུར་དང་ཚད་ལྡན་བཟོ་རྒྱུ་དང་འབྲེལ་འགྲེམས་བསྒྲགས་བྱས་ཐོག་སྒྱུར་ཡིག་ཚད་གཞི་ལྡན་པ་ཡོང་བ་བྱེད་རྒྱུ།
རང་སྐྱོང་ལྗོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱིས་དགོས་མཁོར་གཞིགས་ཏེ་ཡིག་སྒྱུར་ལས་ཁུངས་སམ་ཡིག་སྒྱུར་བྱེད་མཁན་བསྐོ་འཛུགས་བྱེད་དགོས།
དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བོད་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། གོང་འཕེལ་བཅས་གཏོང་བའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་སྡེ་ཚན་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།
དོན་ཚན་བཅུ་དྲུག་པ། དོན་ཚན་བཅུ་གཅིག་པའི་གཏན་འབེབས་དང་འགལ་ཚེ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བོད་སྐད་ཡིག་ལས་དོན་སྡེ་ཚན་གྱིས་དུས་བཀག་ནང་ལེགས་བཅོས་བྱེད་དགོས་པའི་བཀོད་པ་གཏོང་རྒྱུ།
དོན་ཚན་བཅུ་བདུན་པ། དོན་ཚན་བཅུ་གཉིས་པའི་གཏན་འབེབས་དང་འགལ་རིགས་ལ་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་དུས་བཀག་ནང་ལེགས་བཅོས་བྱེད་དགོས་པའི་བཀོད་པ་གཏོང་རྒྱུ།
དོན་ཚན་བཅོ་བརྒྱད་པ། གཏན་འབེབས་འདིའི་དོན་ཚན་གཞན་དག་དང་འགལ་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བོད་སྐད་ཡིག་ལས་དོན་སྡེ་ཚན་གྱིས་སྐྱོན་བརྗོད་སློབ་གསོ་གཏོང་བའམ་ཡང་ན་སྡེ་ཚན་དེ་གས་སྲིད་འཛིན་ཆད་པ་གཅོད་དགོས།
དོན་ཚན་བཅུ་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འབེབས་འདི་ཉིད་གཞིར་བཟུང་ལག་བསྟར་བྱེད་ཕྱོགས་ཀྱི་ཞིབ་སྲོལ་བཟོ་རྒྱུ།
(བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང)