མགྱོགས་འཕྲིན་ལ་སོགས་པའི་བརྡ་འཕྲིན་སྡིང་ཆ་ཁག་གིས་བོད་སྐད་ཡིག་བཀོལ་སྤྱོད་བྱེད་པ་ལ་ཁྲིམས་འགལ་གྱི་བཀག་སྡོམ་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད་ཙང་། རང་རིགས་ཀྱི་ལྷག་བསམ་ཅན་ཁ་ཤས་ཀྱིས་ཞུ་མཆིད་བྲིས་པའམ་་གོང་རིམ་ལས་ཁུངས་སོགས་ལ་བསམ་འཆར་འདོན་པ། ཡང་ན་ཁྲིམས་ཁང་ལ་ཁ་མཆུ་འཛུགས་པ་ལ་སོགས་པའི་བྱེད་ཐབས་ལ་བརྟེན་ནས་ཁྲིམས་འགལ་གྱི་གནད་དོན་དེའི་མཚམས་གཅོད་པ་ལ་འབད་རྩོན་བྱེད་མུས་ཀྱི་སྐབས་འདིར། ཁྲིམས་གླེང་གིས་ཀྱང་གོ་སྐབས་འདི་དང་བསྟུན་ནས་མགྱོགས་འཕྲིན་ལ་དམངས་དོན་གཏུག་བཤེར་ཇི་ལྟར་བྱེད་པའི་གཏུག་ཡིག་གི་མ་དཔེ་འདི་རྒྱབ་སྐྱོར་གྱི་ཚུལ་ཏུ་བྲིས། གནད་དོན་འདི་ལ་དོ་སྣང་ཡོད་པ་རྣམས་ཀྱིས་རང་རང་ས་ཁུལ་གྱི་རྫོང་རིམ་པའི་

མི་དམངས་ཁྲིམས་ཁང་ལ་གཏུག་ཡིག་འདི་ལྟར་ཕུལ་ན་མགྱོགས་འཕྲིན་གྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆུང་ཁྱད་གསོད་ཀྱི་མགོ་གནོན་པར་དོན་ཕན་འབྱུང་སྲིད་པར་མཐོང་། དམངས་ཁྲིམས་ཀྱིས་གང་ཟག་གི་ཆེ་མཐོང་དང་མིའི་ངོ་བོ་ཉིད་ཀྱི་ཐོབ་ཐང་གཙིགས་སུ་བཟུང་སྟེ་སྲུང་སྐྱོབ་བྱེད་པ་མ་ཟད་ཐོབ་ཐང་འདི་རིགས་ལ་གནོད་སྐྱོན་བྱུང་ན་སོར་ཆུད་བྱེད་པའི་ལམ་གྱི་རིམ་པའང་གསལ་བོར་བསྟན་ཡོད། དེའི་ཕྱིར་རང་རིགས་ཀྱི་མགྱོགས་འཕྲིན་བཀོལ་མཁན་གང་ཞིག་བོད་སྐད་ཡིག་བཀོལ་དེ་ཆད་པ་ཕོག་པ་རྣམས་ཀྱིས་མགྱོགས་འཕྲིན་ལ་རང་རང་གི་ས་ནས་དམངས་དོན་ཁ་མཆུ་གང་མང་བཙུགས་ན་དེས་གནད་དོན་གཙང་སེལ་ཡོང་བ་ལ་ཕན་པ་མ་ཟད་ཁ་མཆུ་འཛུགས་པ་པོ་དེ་ཉིད་ལའང་དགོས་མེད་ཀྱི་ཉེན་ཁ་ཉུང་ཞིང་ཐོབ་ཐང་བརྩོན་ལེན་གྱི་ནུས་ཤུགས་སྤུངས་བ་ལའང་དགོས་པ་ཆེ།  གཤམ་ཏུ་གསལ་བ་ནི་གཏུག་ཡིག་གི་མ་དཔེ་ཡིན།

དམངས་དོན་གཏུག་བཤེར་ཡི་གེ

གྱོད་བདག བཀྲ་ཤིས་རྡོ་རྗེ། ཕོ། བོད་རིགས། ༡༩༨༣་ལོའི་ཟླ་༩་བའི་ཚེས་༡༧་ཉིན་སྐྱེས། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཡུལ་ཚོ་ག་གེ་མོའི་སྡེ་བ་ག་གེ་མོར་གནས། འབྲེལ་གཏུག་བྱེད་སའི་ཁ་པར་ཨང་གྲངས་ནི་༡༣༧༩༧༥༩༩༠༠༦xxx

གཏུག་བཤེར་ཚབ་གཉེར་བ། སངས་རྒྱས་ཚེ་རིང་། ཁྲིམས་རྩོད་ལས་ཤག་ག་གེ་མོའི་ཁྲིམས་རྩོད་པ་ཡིན། 

གྱོད་ཡ། པེ་ཅིན་མགྱོགས་འཕྲིན་ཚན་རྩལ་འགན་ཚད་ཡོད་ཀུང་ཟིའམ་དོན་མཐུན་ཚོགས་པ། དེའི་ཁྲིམས་མིའི་ངོ་ཚབ་ནི་ཇཱ་ཧོང་ཡེ་དང་། ཚོང་ལས་དོན་གཉེར་ས་གནས་ནི་པེ་ཅིན་གྲོང་ཁྱེར་ཧེ་ཏིན་ཁུལ་ཧྲང་ཏེ་ཞེ་ལམ་ཨང་༦་པ། མགྱོགས་འཕྲིན་གྱི་ལྟེ་གནས་ཁང་ཞེས་པ་དེ་ཡིན།  སྦྲགས་གྲངས་༡༠༠༠༠༠།

གཏུག་བཤེར་གྱི་རེ་འདུན།

༡ གྱོད་ཡས་གྱོད་བདག་གི་མིའི་ངོ་བོ་ཉིད་དམ་མི་གཞིའི་ཐོབ་ཐང་ལ་གནོད་འཚེ་བྱེད་པའི་སྦྱོར་བ་འཕྲལ་དུ་མཚམས་གཅོད་པའི་ཞལ་ལྕེ་ཁྲིམས་ལྟར་གཅོད་པ། 

༢ གྱོད་ཡས་གྱོད་བདག་ལ་དགོངས་དག་ཞུ་དགོས་པའི་ཞལ་ལྕེ་ཁྲིམས་ལྟར་གཅོད་པ། 

༣ གྱོད་ཡས་ཁྲིམས་བཤེར་འདིའི་བཤེར་གླ་སྤྲོད་དགོས་པའི་ཞལ་ལྕེ་ཁྲིམས་ལྟར་གཅོད་པ། 

དོན་དངོས་གྱི་བྱུང་སྟངས་དང་རྒྱུ་མཚན། 

༢༠༢༡་ལོའི་ཟླ་༣་པའི་ནང་། གྱོད་བདག་གིས་མགྱོགས་འཕྲིན་གྱི་ཁ་བྱང་ཞིག་བཟོས་ཏེ་མགྱོགས་འཕྲིན་བཀོལ་་མགོ་བརྕམས་ཤིང་། མགྱོགས་འཕྲིན་བཀོལ་སྤྱོད་བྱེད་སྐབས་གྱོད་ཡས་དུས་རྒྱུན་དུ་གྱོད་བདག་གིས་བོད་སྐད་ཡིག་དང་བོད་ཡིག་ཡོད་པའི་པར་རིས་བཀོལ་སྤྱོད་བྱས་པ་དེ་མགྱོགས་འཕྲིན་སྒྲིག་འགལ་བྱ་སྤྱོད་ཀྱི་ཁོངས་སུ་བཞག་སྟེ་གྱོད་བདག་ལ་ཆད་པ་བར་མེད་དུ་བཅད། གྱོད་བདག་གིས་གནས་ཚུལ་དེ་གྱོད་ཡ་ལ་བསམ་འཆར་ཐེངས་མང་པོར་བཤད་ཀྱང་བསམ་འཆར་བཤད་ཐེངས་རེར་གྱོད་ཡའི་འཕྲུལ་ཆས་ཅན་གྱི་ལས་རིམ་གྱིས་ལན་ལྡོན་དེ་གྱོད་བདག་གི་བསམ་འཆར་་ངོས་ལེན་བྱས་མེད་པ་མ་ཟད། ཐད་གཏོང་གི་སྐབས་སུ་གྱོད་བདག་གིས་བོད་སྐད་བཤད་ཚེ། གལ་ཏེ་དུས་ངེས་ཅན་གྱི་ནང་དུ་མགྱོགས་འཕྲིན་གྱི་གཞུང་ལ་བཀའ་དྲིན་ཆེ། འཛིན་སྐྱོང་བྱེད་མཁན་ལ་བཀའ་དྲིན་ཆེ་ཞེས་པའི་ནང་དོན་དེ་རྒྱ་སྐད་ཀྱིས་ཡང་ཡང་མ་བཟླས་ན་གྱོད་ཡས་ཡང་གྱོད་བདག་སྒྲིག་ལམ་ལ་འགལ་ལོ་ཞེས་བསྙད་དེ་ཆད་པ་བར་མེད་དུ་བཅད།

གྱོད་བདག་གི་བསམ་པར། གྱོད་ཡའི་ཚོང་གཉེར་བྱེད་སྟངས་དེ་ཁྲིམས་ལུགས་ཀྱི་རྩ་དོན་དང་ཚོང་ལས་ཀྱི་གཞི་རྩའི་རྩ་དོན་དུ་གྱུར་བའི་དྲང་བདེན་དང་འདྲ་མཉམ་ལ་རྒྱབ་འགལ་བྱས་ཏེ། གྱོད་བདག་གི་སྐད་ཡིག་བཀོལ་སྤྱོད་བྱེད་པའི་རང་དབང་ལ་ཚུལ་མིན་གྱིས་ཚད་བཀག་དང་གནོད་པ་བསྐྱལ་ནས་གྱོད་བདག་གི་མིའི་ཆེ་མཐོང་དང་མི་ལུས་རང་དབང་འབྲེལ་ཐོགས་ཀྱི་མི་གཞིའམ་མིའི་ངོ་བོ་ཉིད་ཀྱི་ཐོབ་ཐང་དང་ཁེ་ཕན་ལ་གནོད་འཚེ་བཏང་བར་མཐོང་བས། དེས་གྱོད་བདག་ལ་སྨྲ་བསམ་བརྗོད་འདས་ཀྱི་སྡུག་བསྔལ་དང་ཡི་མུག་པའི་སེམས་ཚོར་སྐྱེས་སུ་བཅུག དེའི་ཕྱིར་གྱོད་བདག་གིས་དམངས་ཁྲིམས་སྡེ་སྣོད་དམ་དམངས་དོན་ཁྲིམས་གཞུང་གི་དོན་ཚན་༩༩༠་ཡི་ཚན་པ་༢་པའི་ནང་གི་རང་བཞིན་གྱི་མི་ལ་ཚན་པ་སྔོན་མས་གཏན་འཁེལ་བྱས་པའི་དངོས་བཅས་ཀྱི་མི་གཞིའི་ཐོབ་ཐང་བདོག་པ་མ་ཟད། མི་ལུས་རང་དབང་དང་མི་གཞིའི་ཆེ་མཐོང་ལས་བྱུང་བའི་ཤུགས་བསྟན་གྱི་མི་གཞིའི་ཐོབ་ཐང་དང་ཁེ་ཕན་གཞན་ལའང་ལོངས་སུ་སྤྱོད་པའི་ཐོབ་ཐང་ཡོད་ཅེས་པ་དང་། དོན་ཚན་༩༩༡་ནང་གི་དམངས་དོན་བྱེད་པོའི་མི་གཞིའི་ཐོབ་ཐང་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་ཅིང་། གང་ཟག་དང་ཚོགས་པ་གང་རུང་གིས་དེ་ལ་གནོད་པ་བསྐྱལ་་མི་ཆོག་ཅེས་པ་དང་། དེ་བཞིན་དུ་འཛད་སྤྱོད་པའི་ཐོབ་ཐང་དང་ཁེ་ཕན་སྲུང་ཁྲིམས་ཀྱི་དོན་ཚན་༡༤་པ་ནང་གི་འཛད་སྤྱོད་པས་ཚོང་ཟོག་ཉོ་སྐབས་དང་ཞབས་ཞུ་ལོངས་སུ་སྤྱོད་པའི་སྐབས་སུ་དེའི་མི་གཞིའི་ཆེ་མཐོང་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ཞབས་ཞུ་མཁོ་སྤྲོད་མཁན་གྱིས་བརྩི་བཀུར་བྱེད་པའི་ཐོབ་ཐང་ལོངས་སུ་སྤྱོད་ཆོག་བཅས་་གཏན་འཁེལ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་དོན་གཏུག་བཤེར་ཁྲིམས་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ཁྲིམས་དེའི་སྐོར་ལ་བཀྲམས་པའི་གསེད་བཀྲོལ་ཀྱི་དོན་ཚན་༢༤་དང་༢༥་བཅས་ཀྱི་གཏན་འཁེལ་ལྟར། གྱོད་བདག་གིས་གོང་འཁོད་ཀྱི་གཏུག་བཤེར་རེ་འདུན་ཁྱེད་ཁྲིམས་ཁང་ལ་ཞུས་པ་ཡིན་པས་ན་ཁྱེད་ཅག་གིས་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་བཅས་ཀྱིས་གྱོད་བདག་ལ་བསྩལ་བའི་སྐད་ཡིག་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་པར་མཁྱེན། 

གཏུག་བཤེར་ཞུ་ཡུལ།  མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་མི་དམངས་ཁྲིམས་ཁང་། 

གཏུག་ཡིག་འབྲི་མཁན། བཀྲ་ཤིས་རྡོ་རྗེ། 

ཟླ་ཚེས། ༢༠༢༡་ལོའི་སྤྱི་ཟླ་༥་ཚེས་༦་ཉིན། 

མཆན། གཏུག་ཡིག་འདིའི་ནང་གི་གྱོད་བདག་ནི་རྟོག་བཟོ་ཡིན་པས་བདེན་པར་མ་འཛིན།