༢༠༡༠་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་ལས་དོན་ཅུའུ་ཡིས་གཏན་འབེབས་བྱས་པའི་བོད་བརྒྱུད་ནང་བསྟན་དགོན་སྡེ་དོ་དམ་བྱེད་ཐབས་ཀྱི་དོན་ཚན་བརྒྱད་པ་ལྟར་ན། དགོན་པ་མང་གཙོ་དོ་དམ་ལྷན་ཁང་ཞེས་པ་ནི་དགོན་པས་གྲོས་མོལ་བརྒྱུད་ནས་བཙུགས་པའི་དགོན་པ་དོ་དམ་གྱི་རྩ་འཛུགས་ཚོགས་པ་དེ་ལ་གོ་དགོས་ཤིང་།  དོ་དམ་ཚོགས་པའི་ཁོངས་མི་དག་ནི་དགོན་པ་རང་གི་ཆོས་བྱེད་མི་སྣ་ཡིས་གྲུབ་དགོས་ལ། དགོས་མཁོ་བྱུང་ན་ས་གནས་དེ་གའི་ཆོས་དད་སྤྱི་དམངས་ཀྱི་འཐུས་ཚབ་དང་ས་གནས་དེ་གའི་གྲོང་མིའི་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་ཀྱང་དགོན་པ་དོ་དམ་ལྷན་ཁང་གི་ཚོགས་མིར་གདམ་ན་ཆོག ཚོགས་མིའི་ལས་ཡུན་ཐེངས་རེར་ལོ་གསུམ་ནས་ལྔ་ཡིན་པ་རེད། འོན་ཀྱང་ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་ནི་ད་ལོའི་སྤྱི་ཟླ་བརྒྱད་པའི་ནང་དུ། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཁོངས་གཏོགས་སུ་གྱུར་བའི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཡིས་མི་མང་གི་བསམ་ཚུལ་སྡུད་ལེན་བྱེད་ཆེད་བོད་བརྒྱུད་ནང་བསྟན་དགོན་སྡེ་དོ་དམ་བྱེད་ཐབས་ཞེས་བྱ་བར་བཟོ་བཅོས་ཀྱི་རགས་ཟིན་ཞིག་སྤེལ་བ་དེའི་དོན་ཚན་བརྒྱད་པ་ལྟར་ན། དགོན་པ་དོ་དམ་ལྷན་ཁང་གཟུག་པའི་དམངས་གཙོའི་གྲོས་མོལ་གྱི་ཆ་རྐྱེན་དེ་བསུབས་པ་མ་ཟད། དོ་དམ་རྩ་འཛུགས་ཀྱི་ཁོངས་མི་ནི་དགོན་པའི་ཆོས་དད་མི་སྣ་དང་ས་གནས་དེ་གའི་ཆོས་དད་སྤྱི་དམངས་ཀྱི་འཐུས་ཚབ་པ། འབྲེལ་ཡོད་མི་སྣ་བཅས་ཡིན་དགོས་ཞེས་འོས་མིའི་མི་ཁོངས་རྒྱ་བསྐྱེད་དུ་བཏང་། དེ་ལྟར་བཅས་ན་དགོན་པ་དེར་འབྲེལ་ཐོགས་ཡོད་མེད་ཀྱི་སྐྱ་སེར་ཕོ་མོ་གང་རུང་དགོན་པ་དེའི་གྲྭ་བཙུན་གྱི་འདོད་མོས་ཡོད་མེད་ལ་མ་བལྟོས་བར་དགོན་པ་དོ་དམ་པར་བསྐོ་འཇོག་བྱས་ན་ཆོག་པའི་རྐྱེན་གྱིས་དེས་དགོན་པའི་གྲྭ་བཙུན་གྱིས་དགོན་པ་དམངས་གཙོ་ངང་དོ་དམ་བྱེད་པ་མིང་གི་ལྷག་མ་ཙམ་ཏུ་གཏོང་སྲིད། དེ་མིན་རྒྱལ་ཡོངས་རྒྱ་བརྒྱུད་ནང་བསྟན་དགོན་པ་དོ་དམ་བྱེད་ཐབས་ཀྱི་དོན་ཚན་བདུན་པ་ནང་། དགོན་པ་དམངས་གཙོ་དོ་དམ་རྩ་འཛུགས་ཀྱི་འགན་འཛིན་གཙོ་བོ་ངེས་པར་དུ་དགོན་བདག་ཡིན་དགོས་ཤིང་། དེའི་འཁོར་དུ་དབུ་མཛད་དང་དགེ་བསྐོས་གཙོ་བོ་ལ་སོགས་པའི་འགན་འཛིན་མི་སྣ་ཡིས་གྲུབ་དགོས། ཆོས་དང་རྒྱལ་ཁབ་ལ་དགའ་ཞིང་། ཁྲིམས་དང་འགྲིག་ལམ་སྲུང་བ། དད་པ་དམ་ཚིག་གཙང་བ། སྤྱོད་ལམ་དམངས་གཙོ་ཡིན་ཞིང་རྩ་འཛུགས་དང་འཇོན་ནུས་ལྡན་པའི་དགེ་བསྙེན་ཡང་ནང་དུ་དྲངས་ན་ཆོག་(《全国汉传佛教寺院管理办法》第七条:寺院民主管理组织的主要负责人须由住持担任,由班首、主要执事及有关负责人员组成,可吸收个别爱国爱教、遵纪守法、正信正行、作风民主、有组织和工作能力的居士参加。)ཅེས་པའི་གཏན་འཁེལ་ལ་བལྟས་ན། རྒྱ་རིགས་ཀྱི་དགོན་པ་དོ་དམ་ལྷན་ཁང་དུ་ནང་ཆོས་ལ་འབྲེལ་བ་མེད་པའི་མི་སྣ་བཞག་མི་ཆོག་པ་ཤེས་ཐུབ། དེའི་ཕྱིར་བོད་བརྒྱུད་ནང་བསྟན་དགོན་པ་དོ་དམ་བྱེད་ཐབས་གསར་རྙིང་ལ་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ཡོད་པའང་འདི་ལས་མཚོན་ཐུབ། 

དགོན་པ་དོ་དམ་ལྷན་ཁང་གི་ཚོགས་མི་གདམ་ཟིན་པའི་རྗེས་སུ། སྤྱིར་བཏང་སྔོན་གྱི་སྒྲིག་སྲོལ་ལྟར་ན།  དགོན་པ་དོ་དམ་ཚོགས་པའི་འོས་མི་གཏན་འཁེལ་བྱས་པའི་རྗེས་སུ་དོ་དམ་སྒྲིག་འཛུགས་ཀྱིས་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་བྱེད་པར་སྙན་སེང་ཞུ་དགོས་ཤིང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་ཁུངས་ཀྱིས་ཡིག་ཆའི་རྒྱུ་ཆ་ལ་ཞིབ་བཤེར་བྱེད་སྐབས་དགོན་པ་ཡོད་སའི་གྲོང་བརྡལ་མི་དམངས་སྲིད་གཞུང་གི་བསམ་འཆར་ལ་ཉན་ཞིབ་བྱེད་དགོས་ཞེས་གཏན་འཁེལ་བྱས་ཡོད་ནའང་། མི་འགྱང་བར་ལག་བསྟར་བྱ་འཆར་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་དོ་དམ་བྱེད་ཐབས་ཀྱི་དོན་ཚན་དགུ་བའི་ནང་ཡུལ་ཚོའི་མི་དམངས་སྲིད་གཞུང་དང་ས་གནས་དེའི་ནང་བསྟན་མཐུན་ཚོགས་ཀྱི་མོས་མཐུན་ཡོད་དགོས་ཞེས་ཆ་རྐྱེན་འཐོལ་པ་སྦྱར། ངས་བལྟས་ན་དེ་ལྟར་བཟོ་བཅོས་བྱས་ན་ཆོས་ལུགས་ལས་དོན་ཅུའུ་ཡིས་དགོན་པ་དོ་དམ་ཚོགས་པའི་འཐུས་མི་གྲྭ་བཙུན་གྱིས་གདམ་བསྐོ་བྱེད་པའི་ཐོབ་ཐང་ཆུང་རུ་བཏང་སྟེ། ཆོས་ལུགས་ལས་ཁུངས་ཀྱི་ལག་ཆ་རུ་གྱུར་བའི་ནང་བསྟན་མཐུན་ཚོགས་ཀྱི་དབང་ཆ་ཁྲིམས་འགལ་གྱིས་རྒྱ་བསྐྱེད་པའི་གནད་དོན་ཡོད། 

དགོན་པ་དོ་དམ་ལྷན་ཁང་གི་ཚོགས་མིའི་ཆ་རྐྱེན་ཐད་ནས། རྩ་ཁྲིམས་ལ་རྒྱབ་སྐྱོར་དང་ཀུན་སྤྱོད་བཟང་པོ་དང་དད་ལྡན་མང་ཚོགས་ཁྲོད་དུ་ཆེ་མཐོང་ངེས་ཅན་ཡོད་པ་མ་ཟད་འཇོན་ཐང་དང་ལྷག་བསམ་ཅན་ཡིན་དགོས་ཞེས་ཁྲིམས་ཡིག་རྙིང་བའི་ནང་དུ་དེ་ལྟར་བཞག་ཡོད་ནའང་། འབྱུང་འགྱུར་གྱི་ཁྲིམས་ཡིག་གསར་བའི་ནང་དུ་། ནང་བསྟན་མཐུན་ཚོགས་ཀྱི་འགྲིག་ལམ་ལ་བརྩི་སྲུང་དང་། ལོ་ཚད་ནར་སོན་པ་མ་ཟད་ཤེས་པ་རང་བཞིན་དུ་གནས་པ་ལ་སོགས་པའི་ཆ་རྐྱེན་ལྷག་མ་འགའ་ཡང་སྦྱར་ཡོད། འགྱུར་བ་གསར་བ་འདིས་མ་འོངས་བར་ནར་མ་སོན་པའི་སྤྲུལ་སྐུ་སོགས་དགོན་པ་དོ་དམ་ལྷན་ཁང་དུ་ཞུགས་པར་གེགས་དང་བར་ཆད་བྱེད་ངེས། 

དེ་ནས་དགོན་པ་དོ་དམ་ལྷན་ཁང་གི་འགན་འཁྲི་ཡི་ཐད་ནས་ཁྲིམས་ཡིག་རྙིང་བའི་ནང་དུ་འཛིན་སྐྱོང་ལམ་ལུགས་ལག་བསྟར་བྱེད་པའི་སྒྲིག་གཞི་སྒྲིག་འཛུགས་བྱེད་པ་དང་། དགོན་པའི་ཆོས་ལུགས་ཆོ་ག་སོགས་བཀོད་སྒྲིག་བྱས་ཏེ་ཆོས་ལུགས་བྱེད་སྒོ་རྒྱུན་ལྡན་གྱི་གོ་རིམ་རྒྱུན་འཁྱོངས་དང་། དགོན་པའི་དགེ་རྒན་དཔུང་སྡེ་དང་ལས་བྱེད་གཞན་དག་ལ་དོ་དམ་བྱས་ཏེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། དགེ་རྒན་གྱི་སློབ་གསོ་དང་གསོ་སྦྱོང་བྱ་བར་རྩ་འཛུགས་བྱེད་པ། དགོན་པའི་རྒྱུ་ནོར་དང་རིག་དངོས་དོ་དམ། དགོན་པས་རང་ཁ་རང་གསོའི་ཐོན་ལས་དང་སྤྱི་ཚོགས་ཕན་བདེའི་བྱམས་བརྩེའི་ཚོགས་པ་སྒྲིག་འཛུགས་དང་འཕེལ་རྒྱས་གཏོང་བ། དགོན་པ་དང་སྤྱི་ཚོགས་ཀྱི་ཕྱོགས་གཞན་དག་བར་གྱི་འབྲེལ་བ་མཐུན་སྦྱོར་བྱས་ནས་དགོན་པ་དང་དེའི་དགེ་འདུན་པའི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་བྱེད་པ་ལ་སོགས་པ་ཡིན་མོད། འབྱུང་འགྱུར་གྱི་ཁྲིམས་ཡིག་གསར་བའི་ནང་དུ་དགོན་པས་རང་ཁ་རང་གསོའི་ཐོན་ལས་དང་སྤྱི་ཚོགས་ཕན་བདེའི་བྱམས་བརྩེའི་ཚོགས་པ་སྒྲིག་འཛུགས་དང་འཕེལ་རྒྱས་གཏོང་བ། རིག་དངོས་ལ་དོ་དམ་བྱེད་པ་ལ་སོགས་པའི་དབང་ཐང་འཕྲི་འཐེན་བྱས་ཤིང་། ནང་བསྟན་མཐུན་ཚོགས་ཀྱིས་གཏན་འབེབས་བྱས་པའི་སྒྲིག་ལམ་ལ་སྲུང་བརྩི་དང་ལག་བསྟར་བྱེད་པའི་ལས་འགན་བསྣན། 

དེ་མིན། ཁྲིམས་ཡིག་རྙིང་བ་ལྟར་ན་དགོན་པ་དོ་དམ་ལྷན་ཁང་གིས་དགོན་པའི་བྱ་གཞག་དང་ལས་དོན་སོགས་ལ་དོ་དམ་བྱེད་སྐབས་དབང་ཆ་སྒེར་འཛིན་གྱིས་དོ་དམ་མི་བྱེད་པར་དམངས་གཙོའི་ངང་ནས་དོ་དམ་བྱེད་དགོས་ཤིང་། དགོན་པའི་དོན་དག་གལ་ཆེན་ཁག་དགོན་པ་དོ་དམ་ཚོགས་པའི་ཚོགས་མིས་མཉམ་ཏུ་གྲོས་བསྡུར་བྱས་ཏེ་དམངས་གཙོ་ཡི་སྒོ་ནས་ཐག་གཅོད་བྱེད་དགོས་ཞེས་གཏན་འཁེལ་བྱས་ཡོད། འོན་ཀྱང་ཁྲིམས་ཡིག་གསར་བ་ཡི་ནང་དུ་དགོན་པ་དོ་དམ་ལྷན་ཁང་གིས་དགོན་པའི་བྱ་གཞག་དང་ལས་དོན་སོགས་ལ་དོ་དམ་བྱེད་སྐབས་དམངས་གཙོའི་ངང་ནས་དོ་དམ་བྱེད་དགོས་ཞེས་པའི་དོན་ཚན་དེ་བསུབས། འབྱུང་འགྱུར་གྱི་དུས་སུ་དགོན་པའི་བྱ་གཞག་གལ་ཆེན་ཁག་གི་དོ་དམ་དེ་ཕལ་ཆེར་ཏང་ཨུའུ་ཡི་ཆོས་ལུགས་ལས་ཁུངས་དང་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཐད་ཀར་དོ་དམ་དང་སྒེར་གཅོད་བྱེད་པ་ལས་དགོན་པའི་གྲྭ་བཙུན་དང་དགོན་པ་དོ་དམ་ལྷན་ཁང་གིས་ཐག་གཅོད་པའི་དབང་ཐང་མེད་པར་གཏོང་བའི་ཟོལ་འདུག་སྙམ། 

མདོར་ན། བོད་བརྒྱུད་ནང་བསྟན་གྱི་དགོན་པའི་དམངས་གཙོའི་དོ་དམ་ལམ་ལུགས་ནི་ཀུན་གཟིགས་པན་ཆེན་རིག་པོ་ཆེ་ལ་སོགས་པས་སྐུ་ངལ་བརྒྱ་ཕྲག་ཁྱད་དུ་བསད་དེ་བཙུགས་པའི་དགོན་པ་འཛིན་སྐྱོང་ལམ་ལུགས་གལ་ཆེན་ཞིག་ཡིན་། མ་ཟད་དགོན་པ་ནི་རང་རྐྱ་ཐུབ་པའི་སྒྲིག་འཛུགས་ཤིག་ཡིན་ཕྱིན་དེ་ལ་ཁྲིམས་ལུགས་ཀྱིས་རང་དབང་དང་ཐོབ་ཐང་མི་ཉུང་བ་ཞིག་གཏན་འཁེལ་བྱས་ཡོད། ཐོབ་ཐང་དེ་དག་ལོངས་སུ་སྤྱོད་ཆེད་དགོན་པས་དམངས་གཙོའི་ལམ་ལུགས་བརྒྱུད་ནས་རང་ཉིད་དོ་དམ་གྱི་ཚོགས་པ་བཙུགས་ཏེ་དགོན་པ་འཛིན་སྐྱོང་བྱེད་དགོས་པ་ཞིག་ཡིན། འོན་ཀྱང་ཁྲིམས་ལུགས་ཀྱིས་བསྩལ་བའི་ཐོབ་ཐང་དང་རང་དབང་འདིའི་རིགས་ད་བར་ཆོས་ལུགས་ལས་ཁུངས་ཀྱི་ལྟར་སྣང་ལ་ཁྲིམས་མཐུན་ཡིན་པའི་སྒྲིག་སྲོལ་སྣ་ཚོགས་ཀྱིས་ཚད་བཀག་དང་མེད་པར་གཏོང་བཞིན་པའི་གནད་དོན་ཆར་ཤུལ་གྱི་ཤ་མོ་བཞིན་དུ་བརྡོལ། སྤྱིར་ཁྲིམས་ཐོག་ནས་བཤད་ན། དགོན་པ་དང་གྲྭ་བཙུན་གྱི་མི་ལུས་རང་དབང་བཅས་ལ་ཆོས་ལུགས་ལས་ཁུངས་ཀྱི་སྒྲིག་སྲོལ་གྱིས་བཀོད་འདོམས་དང་ཚོད་འཛིན། ཚད་བཀག་སོགས་བྱེད་པའི་དབང་ཐང་མེད་པ་མ་ཟད། གཞུང་གི་ལས་ཁུངས་མ་ཡིན་པའི་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་སྲོལ་གྱི་ཁོངས་སུ་་དེ་བས་ཀྱང་མེད། སྒྲིག་སྲོལ་འདིའི་རིགས་ཀྱིས་དགོན་པ་དང་གྲྭ་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་བསྐྱལ་བ་མ་ཟད། དེང་སྐབས་ཁྲིམས་སྐྱོང་ཞེས་གཟེངས་སུ་བཏེགས་ནས་དྲིལ་སྒྲོག་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་རྩ་བའི་སྲིད་ཇུས་ལའང་བགེགས་དང་བར་ཆད་བཟོས་ཡོད་པར་བསམ།