ན་ནིང་གཏན་འཁེལ་བྱས་ཤིང་ད་ལོ་ཟླ་བདུན་པ་ནས་བཟུང་ལག་བསྟར་བྱེད་པའི་༼རྒྱ་ལུགས་གསོ་བ་རིག་པའི་ཁྲིམས་༽༼中医药法༽ནི་རྒྱལ་ཡོངས་ཀྱི་རྒྱ་ལུགས་གསོ་རིག་ལས་དོན་ཁྲིམས་ཀྱི་དོ་དམ་སོགས་ཀྱི་ཐད་ལ་བཟོས་བའི་ཁྲིམས་ཐོག་མ་ཡིན། ཁྲིམས་དེའི་ནང་དུ་རྒྱ་སྨན་གྱི་དར་སྤེལ་དང་རིགས་གཅིག་རྐང་འཛིན་གྱི་མི་སྣ་བསྐྱེད་བསྲིང་།སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲིད་གཞུང་གིས་ཁྲིམས་ལུགས་ཁག་ཐེག་བཅས་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཀོད་འདོམས་ཇི་ལྟར་བྱེད་པ་སོགས་གཏན་འཁེལ་བྱས་ཡོད། དེ་ནི་རྒྱ་རིགས་སྲོལ་རྒྱུན་གསོ་བ་རིག་པ་ལ་ཕན་ཐོགས་ཤིན་ཏུ་ཆེ་བའི་ཁྲིམས་ཤིག་ཡིན་པ་མ་ཟད། རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་དར་སྤེལ་ལའང་ལམ་སྟོན་རང་བཞིན་གྱི་ནུས་པ་ཡོད། བོད་ཀྱི་གསོ་རིག་ནི་རྒྱ་ནག་རྒྱལ་ཁབ་ན་གོ་གནས་གལ་ཆེན་ཡོད་པའི་སྲོལ་རྒྱུན་གྱི་གསོ་བ་རིག་པ་ཞིག་ཡིན་པ་དང། བོད་ཀྱི་གསོ་བ་རིག་པ་དར་སྤེལ་གྱི་ཆེད་དུ་བོད་ཀྱི་གསོ་བ་རིག་པའི་སྐོར་ལ་འདི་ལྟར་ཁྲིམས་དང་སྲོལ་ཡིག་སོགས་བཟོ་ཐུབ་ན་བོད་ཀྱི་གསོ་བ་རིག་པའི་ལས་དོན་ལ་ཕན་ཐོགས་བླ་ན་མེད་པ་འབྱུང་ཐུབ།

༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱ་བདེ་འཇགས་ཀྱི་ཁྲིམས་༽ད་ལོའི་ཟླ་༦་པའི་ཚེས་༡་ནས་བཟུང་ལག་བསྟར་བྱེད་ཀྱི་རེད། ཁྲིམས་དེའི་ནང་དུ་དྲ་ཟེར་རམ་དྲ་རྒྱུན་མཁོ་སྤྲོད་བྱེད་མཁན་དང་ལོངས་སྤྱོད་བྱེད་མཁན་གྱི་འོས་འགན་དང་ཐོབ་ཐང་སོགས་གསལ་ཞིང་ལྷུག་པོའི་སྒོ་ནས་གཏན་འཁེལ་བྱས་ཡོད་པས། རྒྱ་ཆེ་བའི་བོད་ཀྱི་དྲ་གྲོགས་རྣམས་ཀྱིས་ཤེས་དགོས་བའི་ཁྲིམས་ཞིག་ཏུ་འཁུམས།

རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་ཁག་ཐེག་ལས་ཁུངས་༼人力资源和社会保障部ཀྱིས་ན་ནིང་ཟླ་བརྒྱད་པའི་ནང་དུ་གཏན་འཁེལ་བྱས་པའི་༼ངལ་རྩོལ་ཁག་ཐེག་གི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཚབས་ཆེན་སྤྱི་ཚོགས་སྟེང་དུ་ཁྱབ་སྒྲག་བྱེད་པའི་ཐབས་ལམ་༽ཞེས་བའི་ཡིག་ཆ་དེ་ད་ལོའི་ཟླ་༡་བོའི་ཚེས་༡་ནས་བཟུང་ལག་བསྟར་བྱེད་འགོ་བརྩམས། དེའི་ནང་དུ་ངལ་རྩོལ་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྐོར་ལ་གཏན་འཁེལ་ཞིབ་ཅིང་ཕྲ་བ་བྱས་ཡོད་པས། བོད་པའི་ངལ་རྩོལ་པའི་ཐོབ་ཐང་སྲུང་སྐྱོབ་ལ་ཕན་ཐོགས་འབྱུང་གི་རེད།

༼དམངས་ཁྲིམས་ཀྱི་སྤྱིའི་རྣམ་གཞག་༽ད་ལོའི་ཟླ་༣་པའི་ཚེས་༡༥་ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་གྲོས་ཆོད་དང་མོས་མཐུན་བྱུང་ཞིང་། ད་ལོའི་ཟླ་༡༠་བ་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། རྨང་གཞི་རང་བཞིན་ཅན་གྱི་ཁྲིམས་ལུགས་འདིས་རྒྱ་ནག་རྒྱལ་ཁབ་དམངས་ཁྲིམས་ཁྲིམས་གཞུང་གིས་དུས་རབས་ལ་གོམ་པ་སྤོས་བ་དེ་མཚོན་གྱི་ཡོད་པས། ཁྲིམས་ལུགས་ལ་དོ་སྣང་བྱེད་པའི་བོད་ཀྱི་ཤེས་ཡོན་པ་དག་གིས་ཁྲིམས་འདིའི་གཏན་འཁེལ་དང་རྣམ་གཞག་ལ་སློབ་སྦྱོང་བྱས་ན་རང་གཞན་ལ་ཕན་ཐོགས་ངེས།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྱབ་བསྒྲགས་བྱས་པའི་༼བུད་མེད་དང་བྱིས་པ་བསླུས་འཚོང་གི་གྱོད་དོན་ཁྲིམས་བཤེར་བྱེད་སྐབས་ཁྲིམས་ལུགས་ཇི་ལྟར་ལུང་འདྲེན་བྱེད་པའི་སྐོར་གྱི་གསེད་བཀྲོལ་རེ་འགའ།༽ནང་དུ། ༢༠༡༧་ལོའི་ཟླ་དང་བའི་ཚེས་༡་ནས་བཟུང་། བྱིས་པ་བསླུ་བྲིད་བཏང་ནས་བྱིས་པ་དེའི་ལྟ་རྟོག་བྱེད་མཁན་དང་ཁ་བྲལ་བར་བྱས་ན་བྱ་སྤྱོད་དེ་ནི་ཉེས་ཁྲིམས་ཀྱི་ནང་གི་བྱིས་པ་བརྐུས་པའི་བྱ་སྤྱོད་ལ་ངོས་འཛིན་བྱེད་པ་དང་། སྨན་ཁང་དང་སྤྱི་ཚོགས་ཕན་སྒྲུབ་ལས་དོན་སྒྲུབ་པའི་ཚོགས་པ་སོགས་ཀྱི་ལས་བྱེད་པས་ཁེ་གཉེར་གྱི་ཆེད་དུ་ཁོང་ཚོས་སྨན་བཅོས་དང་ལྟ་རྟོག་བྱེད་བཞིན་པའི་བྱིས་པ་གཞན་ལ་བཙོང་ན། བྱིས་པ་བསླུས་ཚོང་བྱས་པའི་ནག་ཉེས་ལ་ངོས་འཛིན་གྱི་ཡིན་ཞེས་གཏན་འཁེལ་བྱས་ཡོད། ཉེས་ཁྲིམས་ཀྱི་དོན་ཚན་༢༤༠་ནང་དུ།བྱིས་པ་དང་བུད་མེད་བསླུས་འཚོང་བྱེད་མཁན་ལ་ལོ་ལྔ་ཡན་གྱི་བཙོན་འཇུག་ནས་སྲོག་ཆད་བར་དུ་ཆད་པ་བཅད་ན་ཆོག་ཅེས་གཏན་འཁེལ་བྱས་ཡོད། ད་སྐབས་བོད་ཀྱི་ས་ཆ་ན་ཡང་བྱིས་པ་བརྐུ་བ་དང་། བྱིས་སྐྱོང་ཁང་དང་སྨན་ཁང་སོགས་ཁྱི་སྤྱང་ངན་འབྲེལ་བྱས་ཏེ་བྱིས་པ་བསླུས་འཚོང་བྱེད་གིན་ཡོད་པའི་ཉེས་ཅན་དེ་དག་ཆམ་འཇོམས་ཀྱི་ཁྲིམས་ཡིག་འདི་དག་བོད་པས་ཤེས་ན་བཟང་།

༦ 

བཟོ་བཅོས་བྱས་བའི་༼རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས་༽༢༠༡༧་ལོའི་ཟླ་དང་བོའི་ཚེས་༡་ནས་བཟུང་ལག་བསྟར་བྱས་པ་རེད། ཁྲིམས་དེས་རི་སྐྱེས་སྲོག་ཆགས་ལ་མནར་གཅོད་བྱས་མི་ཆོག རི་སྐྱེས་སྲོག་ཆགས་ལ་མི་ཆོས་ལས་འདས་བའི་ཚུལ་མིན་གྱི་བྱ་སྤྱོད་སྤེལ་མི་ཆོག་པ་དང་།རྒྱལ་ཁབ་ཀྱི་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་དང་དེ་དག་གི་རྒྱུ་ཆ་ལས་བཟོས་བའི་ཡོ་བྱད་སོགས་དྲ་ཐོག་ནས་ཁྲིམས་འགལ་གྱིས་ཉོ་འཚོང་བྱེད་མི་ཆོག སྲོག་ཆགས་དེ་དག་ཁ་ཟས་སུ་བཟོས་ནས་ཉོ་འཚོང་བྱས་ན་ཁྲིམས་འགལ་ཡིན། དེ་མིན་ཚེ་ཐར་བཏང་བའི་རི་སྐྱེས་སྲོག་ཆགས་ཀྱིས་མི་གཞན་གྱི་ལུས་དང་རྒྱུ་ནོར་ལ་གནོད་སྐྱོན་བཟོས་ན་ཚེ་ཐར་གཏོང་བ་བོ་ཡིས་ཁྲིམས་ཀྱི་འགན་ཁུར་དགོས་ཞེས་གཏན་འཁེལ་བྱས་ཡོད། བོད་ཀྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན། སྲོག་ཆགས་ཚེ་ཐར་གཏོང་མཁན་དག་གིས་ཁྲིམས་གསར་འདི་ངེས་བར་དུ་ཤེས་དགོས།

༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རོལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་རྒྱལ་ནང་དུ་ལས་དོན་སྤེལ་བ་ལ་དོ་དམ་བྱེད་པའི་ཁྲིམས་༽ཞེས་བྱ་བ་༢༠༡༧་ལོའི་ཟླ་དང་བོའི་ཚེས་༡་ནས་བཟུང་ལག་བསྟར་བྱས་པ་རེད། ཁྲིམས་དེའི་གཏན་འཁེལ་ལྟར་ན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༼NGO༽ནི་ཕྱི་རྒྱལ་ནས་ཁྲིམས་མཐུན་གྱི་སྒོ་ནས་གསར་འཛུགས་བྱས་པའི་ཐེབས་རྩ་ཚོགས་པ་དང་། སྤྱི་ཚོགས་ཚོགས་པ་དང་རིག་གཏེར་ཚོགས་པ་སོགས་ཁེ་གཉེར་མི་བྱེད་པ་དང་སྲིད་གཞུང་དང་འབྲེལ་བ་མེད་པའི་ཚོགས་པ་ལ་གོ་དགོས། ཚོགས་པ་དེ་དག་གིས་རྒྱ་ནག་རྒྱལ་ཁབ་ནང་ནས་སློབ་གསོ་དང་ཚན་རྩལ་དང་རིག་གནས། དེ་མིན་འཕྲོད་བསྟེན་དང་ལུས་རྩལ་དང་ཁོར་ཡུག་སྲུང་སྐྱོབ་དང་དབུལ་སྐྱོབ་ལ་སོགས་པའི་ཐད་ལ་ཀུན་ཕན་རང་བཞིན་ལྡན་པའི་ལས་དོན་སྤེལ་ཆོག་པ་དང་། ཁེ་གཉེར་གྱི་ལས་དོན་སྤེལ་བའམ་ཁེ་གཉེར་ཚོགས་པ་ལ་རྒྱབ་སྐྱོར་དང་ཆབ་སྲིད་ལས་དོན་སྤེལ་མི་ཆོག་པ་མ་ཟད། ཁྲིམས་འགལ་གྱིས་ཆོས་ལུགས་ལས་དོན་སྤེལ་བའམ་ཆོས་ལུགས་ལས་དོན་དོན་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་སོགས་སྤེལ་མི་ཆོག་ཅེས་གཏན་འཁེལ་བྱས་ཡོད། བོད་ཁུལ་ན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་འཚམ་ཞིག་ཡོད་པས།དེའི་ནང་དུ་ལས་དོན་སྒྲུབ་མཁན་གྱི་བོད་པ་དང་འབྲེལ་ཐོགས་མི་སྣས་ཁྲིམས་འདི་ངེས་བར་དུ་ཤེས་ན་བཟང་བར་སྙམ།

༨ 

གསར་དུ་བཟོ་བཅོས་བྱས་པའི་༼བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག་༽ཅེས་པ་དེ་༢༠༡༧་ལོའི་ཟླ་དང་བོའི་ཚེས་༡་ནས་བཟུང་ལག་བསྟར་བྱས་ཡོད། བོད་ཀྱི་མཐའ་མཚམས་ནས་གཏེར་འཚོལ་བ་དང་། གཏེར་བསྔོག་པ །ས་རིས་དཔྱད་འབྲི་བྱེད་པ། གས་གཏོར་དང་ཤིང་ནགས་གཅོད་པ། དེ་མིན་ཚན་རིག་བརྟག་དཔྱད་དང་རི་འཛེགས་པ། གློག་བརྙན་ཕབ་ལེན་སོགས་བྱེད་ཀྱི་ཡིན་ན་ཐོག་མར་ཆོག་མཆན་ལས་ཁུངས་ལ་ཆོག་མཆན་ཞུ་དགོས་པ་མ་ཟད། ཆོག་མཆན་ལས་ཁུངས་ཀྱིས་ཆོག་མཆན་སྤྲད་པའི་རྗེས་སུ་མཐའ་མཚམས་ཀྱི་སྤྱི་བདེ་ལས་ཁུངས་དང་བཅིང་གྲོལ་དམག་མིའི་ལས་ཁུངས་བཅས་ལ་བརྡ་སྦྱོར་གཏོང་དགོས། མཐའ་མཚམས་ཀྱི་ས་ཁུལ་རང་ནས་གོང་བཀོད་ཀྱི་ལས་དོན་སྤེལ་གྱི་ཡིན་ན། སྤྱི་བདེ་དང་བཅིངས་གྲོལ་དམག་མིའི་ལས་ཁུངས། ཕྱི་དོན་ལས་ཁུངས་བཅས་ལ་བསམ་ཚུལ་འདྲི་དགོས་ཞེས་གཏན་འཁེལ་བྱས་ཡོད།