དབྱར་རྩྭ་དགུན་འབུ་ནི་བོད་མི་མང་པོ་ཞིག་གི་དཔལ་འབྱོར་གྱི་བརྟེན་ས་གཙོ་བོ་ཞིག་ཡིན་པས། ང་ཚོས་དབྱར་རྩྭ་དགུན་འབུ་དང་འབྲེལ་བའི་གཤམ་གྱི་གནད་དོན་ལྔ་བོ་འདི་ ངེས་པར་དུ་ཤེས་དགོས་པ་ཞིག་རེད།

གནད་དོན་དང་པོ་ནི། སོ་སོའི་རྩྭ་སའི་སྟེང་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཡོད་མཁན་གྱི་འབྲོག་པ་དག་གིས་རྩྭ་སའི་བདག་དབང་གཏན་ནས་གཞན་ལ་ཤོར་དུ་འཇུག་མི་ཉན་པར་ རང་གི་རྩྭ་སའི་བདག་དབང་ལ་རང་གིས་སྲུང་སྐྱོབ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ།

གནད་དོན་གཉིས་པ་ནི། སོ་སོར་རྩྭ་སའི་བདག་དབང་ཡོད་པའི་ཐོག་ནས་སོ་སོའི་ས་ཐོག་ཏུ་དབྱར་རྩྭ་དགུན་འབུ་བརྐོ་ན་ཡང་སྲིད་གཞུང་ལ་དབྱར་རྩྭ་བརྐོས་ཆོག་པའི་སྲིད་འཛིན་ཆོག་མཆན་ཞུ་དགོས་ཤིང་། སྲིད་གཞུང་གིས་ཀྱང་དུས་ཐོག་ཏུ་ཐག་བཅད་ནས་ལན་སྟེར་དགོས། གལ་ཏེ་གཞུང་གིས་ཆོག་མཆན་མ་སྤྲད་ན་ཆོག་མཆན་ཞུ་མཁན་གྱིས་མུ་མཐུད་ནས་གོང་རིམ་ལས་ཁུངས་ལ་སྲིད་འཛིན་བསྐྱར་གྲོས་དང་ཁྲིམས་ཁང་དུ་སྲིད་འཛིན་གཏུག་བཤེར་སོགས་བྱས་ཆོག་པའི་ཐོབ་ཐང་བརྒྱུད་ནས་རང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཆོག

གནད་དོན་གསུམ་པ་ནི། གལ་ཏེ་དབྱར་རྩྭ་བརྐོ་མཁན་ལ་གཞུང་གི་ཆོག་མཆན་ཐོབ་ནས་དབྱར་རྩྭ་བརྐོ་བཞིན་པའི་སྐབས་སུ་སྤྱི་བདེ་ལས་ཁུངས་སོགས་གཞུང་གི་ལས་ཁུངས་འདྲ་མིན་ཡོང་ནས་གང་བྱུང་དུ་དངུལ་གྱི་ཆད་པ་སོགས་བཅད་ཚེ། ཆད་པ་ཕོག་མཁན་གྱིས་གཞུང་གི་ཆོག་མཆན་གྱི་འོག་ཏུ་རང་ལ་ཁེ་དབང་གང་དག་ཡོད་པ་ངོས་ཟིན་པའི་ཐོག་ནས་དུས་ཐོག་ཏུ་གོང་རིམ་སྲིད་གཞུང་དང་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག

གནད་དོན་བཞི་པ་ནི།  མི་རྣམས་ཀྱིས་དབྱར་རྩྭ་བརྐོ་བ་དང་ཉོ་ཚོང་བྱེད་སྐབས་གཞུང་གི་ཁོར་སྲུང་ལས་ཁུངས་དང་བཟོ་ཚོང་ལས་ཁུངས། སྤྱི་བདེ་ལས་ཁུངས་སོགས་ཡོང་ནས་དབྱར་རྩྭ་བརྐོ་མཁན་དང་ཉོ་མཁན་དག་གི་ལག་ནས་ཆོག་མཆན་ཡི་གེ་དང་ཉོ་འཚོང་ཡི་གེ་སོགས་ཕྱིར་བསྡུ་བྱེད་པའམ། དངུལ་གྱི་ཆད་པ་གཅོད་པ། དབྱར་རྩྭ་གཞུང་བཞེས་གཏོང་བ་སོགས་བྱས་ན། ཆད་པ་བཅད་པ་དེ་དག་ཁྲིམས་མཐུན་དང་དྲང་བདེན་ཡིན་མིན་ལ་བརྟག་དཔྱད་དང་རྩོད་སྒྲུབ་ཀྱི་ཆེད་དུ་ཁྲིམས་མཐུན་འགྲོ་ལུགས་འོག་དེ་ལ་ཉན་ཚོགས་འཚོགས་རྒྱུའི་རེ་བ་བཏོན་ཆོག་ལ་ཆད་པ་གཅོད་མཁན་ཀྱང་ཉན་ཚོགས་སུ་ཞུགས་དགོས།

གནད་དོན་ལྔ་པ་ནི། གལ་ཏེ་དབྱར་རྩྭ་བརྐོ་མཁན་དང་ཉོ་འཚོང་བྱེད་མཁན་ལ་ཆད་པ་ཕོག་ཚེ། ཆད་པ་ཕོག་མཁན་དག་གིས་ངེས་པར་དུ་ཆད་པ་ཕོག་པ་ཤེས་རྟོགས་བྱུང་བའི་ཚུན་གྱི་ཉིན་དྲུག་བཅུའི་ནང་གོང་རིམ་ལ་སྲིད་འཛིན་བསྐྱར་གྲོས་ཞུ་རྒྱུའི་རེ་བ་འདོན་དགོས། སྲིད་འཛིན་བསྐྱར་གྲོས་ཀྱི་ཐག་གཅོད་ལ་མོས་མཐུན་མེད་ཚེ་ཐག་གཅོད་ཡི་གེ་དེ་ལག་ཏུ་འབྱོར་བའི་ཚུན་གྱི་ཉིན་བཅོ་ལྔའི་ནང་མུ་མཐུད་ནས་གནད་དོན་དེ་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག་པ་དང་། གལ་ཏེ་སྲིད་འཛིན་བསྐྱར་གྲོས་མ་བརྒྱུད་ཚེ་ཆད་པ་ཕོག་པ་ཤེས་རྟོགས་བྱུང་བའི་ཚུན་གྱི་ཟླ་གསུམ་གྱི་ནང་ཐད་ཀར་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཀྱང་ཆོག  གཞན་ཡང་ཆད་པ་གཅོད་མཁན་གྱིས་དབྱར་རྩྭ་བརྐོ་མཁན་སོགས་ལ་ཆད་པ་གཅོད་སྐབས་ཁོ་ཚོར་འབྲེལ་ཡོད་ཀྱི་ཐོབ་ཐང་ཅི་ཡོད་གསལ་བཤད་མ་བྱས་པ་ཡིན་ན་གཏུག་བཤེར་གྱི་དུས་ཡུན་དེ་ལོ་གཉིས་ནས་ལྔ་ཡི་བར་བསྲིང་ཆོག་པའི་ཐོབ་ཐང་ཡང་ཡོད་ལ། དབྱར་རྩྭ་བརྐོ་མཁན་སོགས་དབྱར་རྩྭ་བརྐོ་སྐབས་ཁྲིམས་མཐུན་མིན་པའི་ཐོག་འཛིན་བཟུང་བཀག་ཉར་དང་དེའི་ལག་གི་དབྱར་རྩྭ་དང་དངོས་པོ་གཞུང་བཞེས་སོགས་བྱས་པ་ཡིན་ན་དོ་བདག་ལ་སྲིད་གཞུང་ནས་གུན་གསབ་ལེན་པའི་ཐོབ་ཐང་ཡང་ཡོད་པ་རེད།