གང་ཟག་ཅིག་ལ་གཞུང་ངམ་སྒེར་གྱིས་ཉེས་འཛུགས་བྱས་ཚེ། ཁྲིམས་རའི་མདུན་ནས་གང་ཟག་དེ་ལ་ཉེས་པ་མེད་པའམ་ཉེས་པ་ན་སྨད་ཆེས་ན་སྨད་ཡིན་པ་སོགས་རྒྱུ་མཚན་དུ་བྱས་ཏེ་གང་ཟག་དེ་ཉེས་མེད་དམ་དཀར་འདོན་ནམ་གུ་ཡངས་སོགས་ཡོང་བར་དགག་སྒྲུབ་གནང་བཀག་བྱེད་མཁན་གྱི་ཁྲིམས་རྩོད་པ་ཞིག་ལ་དག་སེལ་ཁྲིམས་རྩོད་པ་ཟེར། དཔེར་ན་བཀྲ་ཤིས་ཀྱིས་མི་གཞན་ཞིག་རྨས་པས་རྨས་མའི་ཁྱིམ་བདག་གམ་གཞུང་གཏུག་པས་(ཞིབ་དཔྱོད་མི་སྣ)བཀྲ་ཤིས་ལ་བསམ་བཞིན་རྨས་ཉེས་ཀྱི་སྐྱོ་བསྔོགས་སམ་ཉེས་འཛུགས་བྱས་པའི་ཚེ། ཁྲིམས་རྩོད་པས་བཀྲ་ཤིས་ཀྱིས་བྱས་པ་མིན་པའམ་བཀྲ་ཤིས་ཀྱིས་རང་ཉིད་སྲུང་སྐྱོབ་ཀྱི་ཆེད་དུ་བྱས་པའམ། བཀྲ་ཤིས་ཀྱི་ཤེས་པ་རང་བཞིན་ཏུ་གནས་མེད་པའམ་ཐེ་ཚོམ་སོགས་རྒྱུ་མཚན་དུ་བྱས་ཏེ་བཀྲ་ཤིས་ཉེས་

མེད་ཡིན་པའམ་ཉེས་ཡང་ཡིན་པ་རྩོད་སྒྲུབ་བྱས་ཏེ་བཀྲ་ཤིས་སྲུང་སྐྱོབ་བྱེད་མཁན་དེ་ལ་དག་སེལ་ཁྲིམས་རྩོད་པ་ཟེར། ལས་ཚུལ་བསམ་གྱིས་མི་ཁྱབ་སྟེ། ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་ཞེས་གསུངས་ཡོད་པ་བཞིན། ཕམ་ཉེས་སྤང་ལྟུང་ལྷག་མ་སོགས་ཀྱི་བྱེད་པོ་ཞིག་ཡིན་ན་དེ་ལ་ལས་ཉོན་གྱི་སྒྲིབ་པ་དང་སྤྱི་ཚོགས་ཀྱི་ངན་ཤན་སོགས་ལ་ཁག་འཇོག་ས་ཡོད་པ་མ་ཟད་ཁྲིམས་ལུགས་ཀྱི་ཁག་འཇོག་སའང་ཡོད་པས། གནད་འདི་དག་དག་སེལ་ཁྲིམས་རྩོད་པས་ཤེས། དཔེར་ན་གྱོད་ཡས་རླངས་འཁོར་བསྐོར་ནས་ལམ་འགྲམ་གྱི་མི་ཞིག་རྨས་ཚེ། གཞུང་གཏུག་པས་གྱོད་ཡར་བསམ་བཞིན་རྨས་ཉེས་ཀྱི་ཉེས་འཛུགས་སྐྱོ་བསྔོགས་བྱས་ན། དག་སེལ་ཁྲིམས་རྩོད་པས་སྔ་མ་དགག་སྟེ་འགྲིམ་འགྲུལ་གོད་ཆག་ཉེས་(交通肇事罪)སུ་སྒྲུབ་ནས་ཁྲིམས་དཔོན་གྱི་མོས་མཐུན་བྱུང་བའམ་བློ་ཁ་བསྒྱུར་ན། གྱོད་ཡ་ལ་ཉེས་ཆད་ཡང་བ་ཕོག་པ་ལྟ་བུའོ། དེའི་ཕྱིར་གཞུང་ངམ་སྒེར་གྱིས་ཉེས་འཛུགས་བྱས་པའམ། གཞུང་གིས་དྲག་ཤུལ་ཐབས་ཚུལ་(强制措施)གྱིས་བཟུང་བཀྱིག་བཀག་གསུམ་བྱས་ཡོད་པའི་གང་ཟག་ཅིག་ཡིན་ན། གང་ཟག་དེའམ་དེའི་ཉེ་དུས་དག་སེལ་ཁྲིམས་རྩོལ་པ་ཞིག་གླས་ནས་གང་ཟག་དེའི་ཁེ་ཕན་དང་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དུ་བཅུག་ན་ཆོག