ཏོག་གསར་ནད་དུག་ཁྱབ་བརྡལ་དུ་འགྲོ་བ་འགོག་པའི་ཆེད་དུ་རྒྱལ་ཁབ་ཀྱིས་ཏོག་ནད་འགོག་ཁབ་བརྒྱག་དགོས་པའི་སྐུལ་སློང་བྱེད་བཞིན་པའི་དུས་སྐབས་འདི་དང་བསྟུན་ནས། ས་གནས་ཀྱི་སྲིད་གཞུང་ལ་ལས་རྒྱུ་མཚན་གང་མང་གིས་ཁྲིམས་འགལ་གྱིས་སྲིད་འཛིན་དབང་ཐང་ལ་བརྟེན་ནས་བཙན་དྲག་གིས་མི་མང་ལ་འདོད་མོས་ཡོད་མེད་དང་བདེ་ཐང་ཡོང་མིན་ལ་མ་ལྟོས་པར་འགོག་ཁབ་རྒྱག་བཞིན་པའི་སྣང་ཚུལ་མི་ཉུང་བ་བྱུང་དང་འབྱུང་མུས་ཡིན། ཁྲིམས་སྐྱོང་གི་གཞི་རྩའི་རྩ་དོན་ནི་སྲིད་གཞུང་གིས་ངེས་པར་དུ་ཁྲིམས་ལུགས་ཀྱི་བཅས་མཚམས་ལྟར་གཞུང་དོན་བསྒྲུབ་དགོས་ཤིང་། ཁྲིམས་ལུགས་ཀྱི་དབང་བསྐུར་མེད་པར་སྲིད་གཞུང་གིས་རང་སྣང་གང་ཤར་གྱིས་བཅས་མཚམས་ལས་འདའ་བའི་གཞུང་དོན་བསྒྲུབས་ན་དེ་ནི་ཁྲིམས་སྐྱོང་གི་གེགས་སུ་འགྱུར། འགོག་ཁབ་བརྒྱག་པ་ལ་ཁྲིམས་ལུགས་ཀྱིས་གཏན་དབབ་ཇི་ལྟར་བྱས་ཡོད་པ་སྲིད་གཞུང་གིས་ཐོག་མར་ངེས་པར་དུ་ངོས་ཟིན་ཡོད་རྒྱུ་གལ་ཆེ།  ཚན་རིག་པ་དང་སྨན་པ་དག་གིས་འགོག་ཁབ་བརྒྱག་དགོས་པའི་ཕན་ཡོན་དང་མ་བརྒྱབ་པའི་ཉེས་དམིགས་གསལ་བོ་བསྟན་ཡོད་ཅིང་། རང་རང་གིས་རང་གི་ལུས་ཕུང་གི་གནས་སྟངས་དང་ཚན་རིག་གི་ཡང་དག་དཔྱད་འབྲས་བཅས་ལ་གཞིགས་ཏེ་འགོག་ཁབ་བརྒྱག་མིན་གྱི་ཐག་གཅོད་དགོས། དེ་མིན་ཁྲིམས་གླེང་གིས་འགོག་ཁབ་བརྒྱག་དགོས་པ་དང་བརྒྱག་མི་དགོས་པའི་སྐུལ་སློང་འདི་ནས་ཅི་ཡང་བྱེད་གིན་མེད། 

དང་པོ། ཏོག་དབྱིབས་ནད་དུག་གི་འགོག་སྨན་ནི་རྒྱལ་ཁབ་ཀྱི་ནད་འཇོམས་འཆར་འགོད་ཁྲོད་ཀྱི་འགོག་སྨན་མིན།

འགོག་སྨན་དོ་དམ་གྱི་ཁྲིམས་ལྟར་ན།  ནད་འགོག་འཆར་འགོད་ཁྲོད་ཀྱི་འགོག་སྨན་ཞེས་པ་ནི་རྒྱལ་ཁབ་ཀྱི་གཉན་ནད་འགོག་བཅོས་ཀྱི་འཆར་འགོད་ཀྱི་ཁོངས་སུ་གཏོགས་ཤིང་འགོས་ནད་དང་དེའི་འགོག་སྨན་གྱི་གནས་ཚུལ་གསལ་ཁ་བཏོད་དེ་དཀར་ཆག་ཏུ་བཞག་པའི་འགོག་སྨན་གང་ཞིག་གནས་སྡོད་མི་མང་གིས་ངེས་པར་དུ་སྲིད་གཞུང་གི་གཏན་འཁེལ་ལྟར་འགོག་ཁབ་བརྒྱག་དགོས་པའི་འགོག་སྨན་དེ་རིགས་ལ་ཟེར། ལ་ལས་དེ་ལ་འགོག་སྨན་རིགས་དང་པོ་ཞེས་པའི་མིང་བཏགས། འགོག་སྨན་དེ་རིགས་ཀྱི་ནང་དུ་རྒྱལ་ཁབ་ཀྱིས་གཉན་རམས་འགོག་བཅོས་འཆར་འགོད་ཀྱི་ཁོངས་སུ་གཏོགས་པའི་འགོག་སྨན་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་། ཐད་གཏོགས་གྲོང་ཁྱེར་བཅས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་གཉན་རམས་འགོག་བཅོས་ཀྱི་འཆར་འགོད་ལག་བསྟར་བྱེད་སྐབས་གནས་སྐབས་ཀྱིས་ཁ་སྣོན་བྱས་པའི་འགོག་སྨན་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་དང་ཡང་ན་འཕྲོད་བསྟེན་བདེ་ཐང་གཙོ་བོར་བཟུང་སྟེ་དོ་དམ་བྱེད་པའི་ལས་ཁུངས་ཀྱིས་རྩ་འཛུགས་བྱས་ཏེ་འཕྲལ་བྱུང་གི་ནད་ཡམས་སྔོན་འགོག་དང་མི་ཚོགས་རང་བཞིན་གྱིས་སྔོན་འགོག་གི་ཆེད་དུ་བཀོལ་སྤྱོད་བྱེད་པའི་འགོག་སྨན་བཅས་ལ་གོ་དགོས། 

༢༠༡༩་ལོར་གཏན་འཁེལ་བྱས་པའི་འགོག་སྨན་དོ་དམ་ཁྲིམས་ཀྱི་དོན་ཚན་༦་པའི་ཚན་པ་གཉིས་པའི་ནང་། ཀྲུང་གོ་རྒྱལ་ཁབ་ཀྱི་ས་ཁོངས་དུ་གནས་པའི་གང་ཟག་ཐམས་ཅད་ལ་ནད་འགོག་འཆར་འགོད་ཀྱི་འགོག་ཁབ་བརྒྱག་རྒྱུའི་ཐོབ་ཐང་དང་འོས་འགན་ཡོད་ཅེས་གཏན་འཁེལ་བྱས་ཤིང། ༢༠༡༩་ལོར་གཏན་འཁེལ་བྱས་པའི་རྨང་གཞི་རིམ་པའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་ཡར་འཕེལ་ཁྲིམས་ཀྱི་དོན་ཚན་༢༡་གི་ནང་དུའང་གནས་སྡོད་མི་མང་ལ་ཁྲིམས་ལྟར་ནད་འཇོམས་འཆར་འགོད་དུ་གཏོགས་པའི་འགོག་ཁབ་བརྒྱག་པའི་ཐོབ་ཐང་དང་འོས་འགན་ཡོད་ཅེས་གཏན་འཁེལ་བྱས་ཡོད་པས་ན། གནས་སྡོད་མི་མང་མང་ལ་ནད་འགོག་འཆར་འགོད་ཀྱི་གྲས་སུ་བཞག་ཡོད་པའི་འགོག་སྨན་བརྒྱག་པའི་འགན་ཁུར་ཡོད། 

འོན་ཀྱང་མིག་སྔར་ཏོག་དབྱིབས་གསར་བའི་ནད་ཡམས་འདི་རྒྱལ་ཁབ་ཀྱི་སྔོན་འགོག་བྱེད་རྒྱུའི་ཨང་རིམ་དང་པོའི་འགོས་ནད་ཀྱི་གྲས་མིན་པས། ཏོག་ནད་སྔོན་འགོག་གི་འགོག་སྨན་དེའང་ནད་འགོག་འཆར་འགོད་ཀྱི་གྲས་སུ་གཏོགས་པའི་འགོག་སྨན་གྱི་གྲས་ལ་བཞག་མེད། དེའི་ཕྱིར་འགོག་སྨན་དོ་དམ་གྱི་ཁྲིམས་ལྟར་ན་གནས་སྡོད་མི་མང་གིས་ངེས་པར་དུ་ཏོག་གསར་ནད་དུག་གི་འགོག་སྨན་བརྒྱག་པའི་འོས་འགན་མེད། རྒྱུ་མཚན་དེ་ལ་གཞིགས་ཏེ་་རྒྱལ་ཁབ་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཨོཾ་གསལ་པོ་དང་ཨ་དག་པོའི་སྒོ་ནས་ཏོག་ནད་ཀྱི་འགོག་ཁབ་བརྒྱག་པ་ལ་ངེས་པར་དུ་མི་མང་གིས་འགོག་སྨན་གྱི་མཚན་གསལ་བོར་ཤེས་ཤིང་། འགོག་ཁབ་བརྒྱག་པར་མོས་མཐུན་ཡོད་པ། གཞན་གྱིས་གཉའ་གནོན་དང་བཙན་སྐུལ་མ་ཡིན་པར་རང་འདོད་ཀྱིས་འགོག་ཁབ་བརྒྱག་དགོས་པ་འདི་གསུམ་གཞི་རྩའི་རྩ་དོན་ལ་འཇོག་དགོས་ཞེས་ཡང་ཡང་བཟློ་བཞིན་པ་འདིའོ། 

གཉིས་པ། སྲིད་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱིས་བཙན་དྲག་གི་བྱེད་ཐབས་ཀྱིས་མི་མང་ལ་འགོག་ཁབ་བརྒྱབ་ན་མི་ཆོག

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ལྷན་ཁང་གིས་འགོག་ཁབ་བརྒྱག་མིན་སོ་སོའི་འདོད་མོས་ཡིན་པ་ལས་བཙན་དྲག་བྱས་མི་ཆོག་ཅེས་གསལ་བསྒྲགས་སྤེལ་བ་ལྟར། འདིའི་སྐབས་ཀྱི་བཙན་དྲག་ཅེས་པ་ནི་དངོས་ཀྱི་བཙན་དྲག་སྟེ། དཔེར་ན་བཟུང་བཀྱིགས་བཀག་གསུམ་ལྟ་བུ་དང་། བརྒྱུད་ཀྱི་བཙན་དྲག་སྟེ། དཔེར་ན་འགྲོ་འདུག་གི་ཐོབ་ཐང་འཕྲོག་པ་ལྟ་བུ། ཤུགས་ཀྱི་བཙན་དྲག་སྟེ། དཔེར་ན་འགོག་ཁབ་མི་བརྒྱག་པ་དང་མ་བརྒྱབ་པའི་གང་ཟག་ལོགས་སུ་བཀར་ནས་ཡིད་རྟོན་མི་རུང་བའི་མིའི་གྲས་སུ་བཞག་སྟེ་འཛད་སྤྱོད་དང་བུ་བུ་མོ་སློབ་གྲྭ་འགྲོ་བ། དངུལ་བུན་ལེན་པ་ལ་སོགས་པའི་འཚོ་བའི་ལས་རིགས་ཐད་ལ་དགོས་མེད་ཀྱི་བར་ཆད་དང་འགོག་རྐྱེན་བཟོས་པ་ལྟ་བུའི་སྲིད་གཞུང་གི་དབང་དྲག་གི་སྦྱོར་བ་འདི་རིགས་ལ་གོ་དགོས། གནས་སྡོད་མི་མང་ལ་ཏོག་ནད་འགོག་ཁབ་བརྒྱག་པའི་ཁྲིམས་ལུགས་ཐད་ཀྱི་འོས་འགན་མེད་ཙང་། སྲིད་གཞུང་གིས་འགོག་ཁབ་མ་བརྒྱབ་པའམ་མི་བརྒྱག་པའི་ཡུལ་མི་འདི་དག་ལ་དམིགས་ཏེ་གོང་འཁོད་ཀྱི་བཙན་ཐབས་རང་ངམ་བསྐོས་ཏེ་བཙན་དྲག་གིས་སྤེལ་ན་དེ་ནི་་ཁྲིམས་ལུགས་ཀྱི་གཞི་མེད་པའི་སྦྱོར་བ་ཡིན་ལ་ཏང་ཀྲུང་དབྱང་དང་དབུས་གཞུང་གི་ཏོག་ནད་འགོག་བཅོས་ཀྱི་ལམ་སྟོན་དང་རྩ་དོན་ལ་མངོན་པར་འགལ། ཟླ་༨་པའི་ཚེས་༢༧་ཉིན། སློབ་གསོ་པུའུ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་ལས་ཤག་གི་ཤག་དཔོན་ཝང་ཏུན་ཧྥུན་གྱིས་སློབ་ཆུང་དང་སློབ་འབྲིང་གི་སློབ་མ་སློབ་གྲྭར་ཞུགས་པར་འགོག་ཁབ་བརྒྱབ་ཡོད་མེད་ཆ་རྐྱེན་དུ་འཇོག་མི་རུང་ལ། དེ་ཆ་རྐྱེན་དུ་འཇོག་པར་སློབ་གསོ་པུའུ་ཡིས་རེ་འདུན་བཏོན་མེད་པ་མ་ཟད་སྐུལ་སློང་ཡང་བྱས་མེད་ཅེས་བརྗོད་ཡོད་པ་དེས་མིག་སྔར་སློབ་གྲྭ་ཆུང་འབྲིང་གིས་ཤུགས་ཀྱི་བཙན་དྲག་གི་བྱེད་ཐབས་སྤྱད་དེ་སློབ་གྲྭ་ཆུང་འབྲིང་གི་སློབ་མར་འགོག་ཁབ་བརྒྱག་བཞིན་པའི་གནད་དོན་དེ་ལ་དམིགས་ཏེ་བཤད་པ་རེད། 

གསུམ་པ། འགོག་ཁབ་མ་བརྒྱབ་པའི་མི་ལ་ཏོག་ནད་བྱུང་ན་དེ་ལ་ཁྲིམས་ཀྱིས་འགན་ཁུར་དེད་མི་ཆོག 

མིག་སྔར་ནང་ལོགས་ཀྱི་ཞིང་ཆེན་ལ་ལས་ཏོག་ནད་འགོག་སྨན་མ་བརྒྱབ་པའི་མི་ལ་ཏོག་ནད་བྱུང་སྟེ་མི་དེ་ཡོད་སའི་འདུས་སྡེ་ལ་ཏོག་ནད་འགོས་ན་འགོག་ཁབ་མ་བརྒྱབ་པའི་མི་དེ་ལ་ཆད་པ་ནན་མོ་གཅོད་པ་མ་ཟད་ས་ཆ་དེའི་གཞུང་གི་དཔོན་པོ་ལའང་འགན་ཁུར་འདེད་པའི་ལུགས་སྲོལ་ཞིག་ལག་བསྟར་བྱེད་བཞིན་ཡོད། ཏོག་ནད་ཀྱི་འགོག་ཁབ་བརྒྱག་པ་དེ་ཁྲིམས་ཀྱི་སྟེང་ནས་བཤད་ན་གནས་སྡོད་མི་མང་གི་ཁྲིམས་ལུགས་འོས་འགན་ཞིག་མིན་པས་གནས་སྡོད་མི་མང་ལ་འགོག་ཁབ་མ་བརྒྱབ་པའི་འགན་ཁུར་དེད་ན་མི་ཆོག དཔེར་ན་མི་ཞིག་ལ་ཆམ་པ་ཕོག་སྟེ་ཚོང་ཁང་དུ་ཕྱིན་ནས་དམིགས་མེད་ཀྱི་མི་ཁ་ཤས་ལ་ཆམ་པ་འགོས་ན་རྒྱལ་ཁབ་ཀྱིས་མི་དེའི་འགན་ཁུར་མི་འདེད་པའི་རྒྱུ་མཚན་ནི་ཆམ་ནད་རྒྱལ་ཁབ་ཀྱི་ནད་འཇོམས་འཆར་འགོད་ཀྱི་གྲས་སུ་གཏོགས་པའི་ནད་རིགས་མིན་པའི་རྒྱུ་མཚན་ཡིན་པ་ལྟར་རོ། ཡིན་ནའང་། འགོས་ནད་འགོག་བཅོས་ཀྱི་ཁྲིམས་ལྟར་ན་ཏོག་དབྱིབས་འགོས་ནད་འདི་འགོས་ནད་ཨང་རིམ་གཉིས་པའི་གྲས་ན་ཡོད་ནའང་འགོས་ནད་ཨང་རིམ་དང་པོ་འགོག་བཅོས་ཀྱི་བྱེད་ཐབས་བསྟེན་ནས་འགོག་དགོས་པ་ཡིན་ཕྱིན། ཏོག་ནད་འགོས་པའམ་འགོས་པ་ལྟར་སྣང་བའི་གང་ཟག་ལ་སྲིད་གཞུང་གིས་ལོགས་བཞག་སྨན་བཅོས་ཀྱི་བྱེད་ཐབས་བཀོལ་ན་ཁྲིམས་དང་འགལ་མེད། དེ་བཞིན་དུ་གལ་ཏེ་ལོགས་སུ་བཞག་པའི་ནད་པའམ་ཏོག་ནད་ལྟར་སྣང་བ་དག་གིས་ལོགས་བཞག་སྒྲིག་ལམ་མ་བསྲུངས་བར་གནད་དོན་བཟོས་ན་འབྲེལ་ཡོད་ལས་ཁུངས་ཀྱིས་མི་དེ་དག་བདའ་འདེད་བྱས་ཆོག་པའི་ཁྲིམས་ལུགས་ཀྱི་གཞི་འཛིན་སའང་འདི་ཡིན། དེའི་ལུགས་ཀྱང་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་ལ་སོགས་པའི་ལས་ཁང་དྲུག་གིས་མཉམ་དུ་སྤེལ་བའི་༼ཏོག་གསར་ནད་ཡམས་འགོག་བཅོས་ཀྱི་ལས་དོན་ལ་བར་ཆད་བྱེད་པའི་ཁྲིམས་འགལ་ཉེས་སྤྱོད་ཅན་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུའི་བསམ་འཆར།༽ཞེས་པའི་ཡིག་ཆ་ཡིས་མཚོན་ཡོད། 

མདོར་ན། ཁྲིམས་ལུགས་ལྟར་ན་ཏོག་གསར་འགོས་ནད་འདི་ནི་རྒྱལ་ཁབ་ཀྱི་ཚད་རིམ་དང་པོའི་གྲས་སུ་བཞག་པའི་འགོས་ནད་མིན་པས་རྒྱལ་ཁབ་ཀྱིས་མི་མང་གིས་འགོག་ཁབ་བརྒྱག་པ་ལ་རང་དབང་རང་འཐད་ཡིན་དགོས་ཞེས་ཡང་ཡང་བཤད་པའི་རྒྱུ་མཚན་ཡང་འདི་ཡིན་ལ། གལ་ཏེ་འགོག་ཁབ་བརྒྱབ་ནས་རང་ལུས་ལ་གནོད་པ་ཐེབས་ན་རྒྱལ་ཁབ་ཀྱིས་དེ་ལ་འགན་མི་ཁུར་བའི་གནད་དང་ཁྲིམས་ལུགས་ཀྱི་གཞི་འཛིན་སའང་འདི་ཡིན་པས། རྒྱ་ཆེའི་རོང་འབྲོག་མང་ཚོགས་རྣམས་ཀྱིས་ས་གནས་སྲིད་གཞུང་གི་བཙན་སྐུལ་སློང་དང་བཙན་ཉམས་ལ་མི་བལྟ་བར་སོ་སོའི་ལུས་ཕུང་གི་གནས་བབ་དང་ཚན་རིག་གི་དཔྱད་འབྲས་ལ་དམིགས་ཏེ་འགོག་ཁབ་བརྒྱག་མིན་གྱི་ཐག་རང་གིས་གཅོད་པའི་རང་ཚུགས་དང་བཙན་ས་ཟིན་དགོས།