གླེང་གཞི།

ལོ་ཁ་ཤས་ཀྱི་སྔོན་ལ་ངས་ཁྲིམས་གླེང་གི་དྲི་བ་དྲིས་ལན་གྱི་ལས་ཚན་ཐོག་མར་སྤེལ་དུས། མདོ་སྨད་རེབ་གོང་ཕྱོགས་ཀྱི་རྫོང་ག་གེ་མོའི་འབྲོག་པ་ཞིག་གིས་ང་ལ་སྐད་ཕྲན་བརྒྱུད་དེ་ཁོང་གི་ལོ་བཅུ་གཅིག་ལོན་པའི་བུ་མོ་དེ་བཅའ་སྡོད་སློབ་གྲྭའི་ནང་དུ་སློབ་གྲྭའི་གཞོན་ནུ་ལོ་བཅུ་གསུམ་དང་བཅུ་བཞི་ཅན་ལོན་པ་གསུམ་གྱིས་རེས་མོས་ཀྱིས་བཙན་གཡེམ་བྱས་པས་དེ་ལ་ཁྲིམས་ལུགས་ཀྱིས་ཇི་ལྟར་ཐག་བཅད་ཡོད་པ་དང་། སློབ་གྲྭ་དང་རྫོང་གི་སློབ་གསོ་ཅུའུ་དང་ཉེན་རྟོག་ལས་ཁུངས་བཅས་ཀྱིས་ཁ་བཅས་ཏེ་གནས་ཚུལ་དེ་ཁྱབ་བརྡལ་དུ་འགྲོ་མི་རུང་བའི་བཙན་བཀའ་གསང་བའི་སྒོ་ནས་ཕབ་ཡོད་པས་ཁོང་གིས་སུ་ལ་ཞུ་གཏུག་བྱེད་དགོས་ཞེས་ཡིད་སྐྱོ་ཞིང་ཡི་མུག་པའི་དྲི་བ་ཞིག་དྲིས་བྱུང་། ཁོང་གིས་སྐད་འཕྲིན་ནང་བཞག་པའི་སྐད་ངག་ལས་ངས་ཕ་ཞིག་གིས་རང་གི་བུ་མོར་བཅིངས་པའི་བརྩེ་སེམས་དང་། བཙན་གཡེམ་བྱེད་མཁན་ལ་སྐྱེས་པའི་ཞེ་སྡང་། ལྷག་པར་དུ་སློབ་གྲྭ་དང་སྲིད་

གཞུང་དང་ཁྲིམས་འཛིན་ལས་ཁུངས་ཁྱི་སྤྱང་ངན་འབྲེལ་གྱིས་ངན་པ་གཡོ་འགེབ་ལ་ཤིན་ཏུ་ཡིད་ཆད་ཅིང་སེམས་ཕངས་པའི་ཚོར་བ་དེ་དག་ཚོར་ཐུབ། ངས་ཁོང་ལ་ཁྲིམས་ལུགས་ཀྱི་ཐབས་ལམ་རེ་གཉིས་བཤད་པ་ལས་རོགས་རམ་གཞན་བྱ་ཐབས་བྲལ། ཕྱིས་སུ་ཁོང་གིས་ང་ལ་ལན་ཅི་ཡང་མ་ཡོང་བས་དོན་དག་དེ་ཇི་ལྟར་ཐག་བཅད་པའང་ཤེས་མེད་ཚོར་མེད་དུ་ལུས།  ཉེ་བའི་ཆར་ཡང་མདོ་སྨད་རྔ་བ་འཛམ་ཐང་གི་བཅའ་སྡོད་སློབ་གྲྭ་ཞིག་ཏུ་སློབ་གྲྭའི་དོ་དམ་པ་ཞིག་གིས་དགོང་མོར་སློབ་མ་ཞིག་ལ་རྡུང་རྡེག་བྱས་ཏེ་སློབ་མ་དེའི་མིག་གཅིག་ལོང་བར་བཏང་ཞེས་སློབ་མ་དེའི་ཉེ་དུ་ཞིག་གིས་ང་ལ་གནས་ཚུལ་དེ་བཤད་དེ་ཅི་ཞིག་བྱེད་དགོས་པའི་སྐད་ཆ་དྲིས། ང་རང་ཆབ་ཆ་རུ་དམའ་འབྲིང་འགྲིམས་པའི་སྐབས་སུ་ང་དང་འཛིན་གྲྭ་གཅིག་པའི་སློབ་གྲོགས་བུ་མོ་གསུམ་ལ་མཚན་ཞིག་ཏུ་བཅའ་སྡོད་སློབ་གྲྭའི་མལ་ཁང་ནང་སོལ་དུག་ཕོག་སྟེ་མཉམ་དུ་ཚེ་ལས་འདས་པའི་རྐྱེན་ངན་ཞིག་བྱུང་མྱོང་བ་དངོས་སུ་མཐོང་ཐོས་སུ་གྱུར་བའི་རྐྱེན་གྱིས་ཆུང་དུས་ནས་བཟུང་སྟེ་གཞུང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་ལ་སྐྱོན་ཡོད་པའི་བག་ཆགས་རྒྱུད་ལ་གནས། བཅའ་སྡོད་སློབ་གྲྭས་དེས་སློབ་མ་དག་ལ་བསྐྱལ་བའི་གནོད་འཚེ་མི་མང་བོའི་ལུས་སེམས་གཉིས་ཀྱི་སྟེང་ལ་མཐོང་ཆོས་མྱོང་འགྱུར་གྱིས་མངོན་དང་མངོན་བཞིན་པའི་དབང་གིས་དེང་སྐབས་སློབ་གསོ་བ་དང་སྨན་པ་དང་སེམས་ཁམས་བརྟད་དཔྱད་པ་ཁག་ཅིག་གིས་བཅའ་སྡོད་སློབ་གྲྭ་ནས་འཚར་ལོངས་བྱུང་བའི་སློབ་མ་རྣམས་ནི་དྭ་ཕྲུག་ཁང་ནས་འཚར་ལོངས་བྱུང་པ་དང་འདྲ་ཞེས་སེམས་ཁམས་དང་ལུས་ཁམས་སོགས་ཀྱི་རྟགས་ཚད་མ་དྲངས་ནས་མགྲིན་གཅིག་ཏུ་བཤད་བཞིན་ཡོད།   དེ་བས་གཤམ་དུ་བཅའ་སྡོད་སློབ་གྲྭས་བོད་ཀྱི་སློབ་ཕྲུག་རྣམས་ཀྱི་ལུས་སེམས་བདེ་ཐང་ལ་ཤུགས་རྐྱེན་ངན་པ་དང་ཉེས་དམིགས་གང་གང་ཡོད་པ་མདོར་ཙམ་གླེང་རྒྱུ་ཡིན། ། 

བོད་ཁུལ་དུ་བཅའ་སྡོད་སློབ་མ་ཇེ་མང་དུ་འགྲོ་བཞིན་པ། 

སྤྱིར་སྒྲ་ཡངས་འཇུག་གི་བཅའ་སྡོད་སློབ་གྲྭ་(寄宿制学校)(boarding school)ཞེས་པ་ནི་སློབ་གྲྭས་སློབ་མ་ལ་ཟས་གོས་གནས་མལ་གྱི་མཐུན་རྐྱེན་སྦྱར་ཏེ་སློབ་མས་སློབ་གྲྭ་ནས་བསླབ་བྱ་ཁག་ལ་སློབ་སྦྱོང་བྱེད་པ་མ་ཟད། ཐུན་གསུམ་གྱི་ཟས་དང་ཉལ་འཆག་གི་འཚོ་བའང་སློབ་གྲྭ་ལ་ཁྱིམ་ལྟར་གཞི་བཅས་ཏེ་མཉམ་དུ་རོལ་བའི་གཞུང་སྒྲུབ་དང་སྒེར་གཉེར་གྱི་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་། སློབ་ཆེན་སློབ་གྲྭའམ་འཛིན་གྲྭ་རིགས་ལ་གོ་དགོས་མོད། འདིར་བརྗོད་པར་བྱ་བའི་བཅའ་བསྡོད་སློབ་གྲྭ་ཞེས་པ་ནི་སྲིད་གཞུང་གིས་འོས་འགན་སློབ་གསོའི་མིང་ཐོག་ནས་གྲངས་ཉུང་མི་རིགས་ས་ཁུལ་དང་རི་སུལ་ས་ཁུལ་ཏུ་བྱིས་པའི་ཕ་མ་དང་བྱིས་པ་རང་ཉིད་ཀྱི་མོས་མཐུན་ཡོད་མེད་ལ་མ་ལྟོས་པར་བྱིས་པ་ལོ་དྲུག་ཡན་ཡོད་ཚད་བཙན་ཤུགས་ཀྱིས་བཅའ་སྡོད་སློབ་གྲྭར་བསྐྱལ་ཏེ་འོས་འགན་སློབ་གསོ་ལག་བསྟར་བྱས་ནས་སློབ་གསོ་སྤེལ་བའི་སློབ་ཆུང་དང་སློབ་འབྲིང་ལ་གོ་བ་མ་ཟད། དེ་མིན་ད་ལྟའི་ཆར་གཏོགས་ཀྱི་བྱིས་པ་ལོ་གསུམ་ལོན་པ་དང་ལོ་དྲུག་མན་ལ་སློབ་གསོ་སྤེལ་པའི་སློབ་ལོ་སྔོན་གྱི་བཅའ་སྡོད་སློབ་གྲྭ་དང་འཛིན་གྲྭ་དེ་དག་ཀྱང་འདུས་པས་དོགས་མཐའི་མིང་ཅན་གྱི་བཅའ་སྡོད་སློབ་གྲྭ་ལ་གོ་བཞིན་ཡོད། 

དེ་སྔོན་བོད་ཀྱི་རོང་འབྲོག་ས་ཁུལ་ན་བཅའ་སྡོད་སློབ་གྲྭ་མང་ལ་བཅའ་སྡོད་བྱེད་མི་དགོས་པའི་སྡེ་བའི་སློབ་ཆུང་མི་ཉུང་བ་ཞིག་ཀྱང་ཡོད། ༢༠༠༡་ལོའི་ཡས་མས་ནས་བཟུང་སྟེ་སློབ་གསོ་པུའུ་ཡིས་རོང་འབྲོག་ཕྱོགས་ཀྱི་སྡེ་བ་དང་ཡུལ་ཚོའམ་ཞང་གི་སློབ་ཆུང་དང་སློབ་འབྲིང་གཏོར་ནས་རྫོང་ལ་སྤོ་བའི་ལས་གཞི་(撤点并校)ལག་བསྟར་ཁྲོད་བོད་ས་ཁུལ་གྱི་སྡེ་བའི་སློབ་ཆུང་དང་སློབ་འབྲིང་མང་ཆེ་བ་རྫོང་དུ་སྤར་ཏེ་སྔོན་ཆད་བཅའ་སྡོད་མིན་པའི་སློབ་མ་ཐམས་ཅད་ཀྱང་བཙན་གྱིས་བཅའ་སྡོད་སློབ་མར་བསྒྱུར། སྲིད་ཇུས་དེ་ལག་བསྟར་བྱས་པའི་ལོ་བཅུའི་རིང་ལ་རྒྱལ་ཡོངས་ཀྱི་སྡེ་བའི་སློབ་ཆུང་བརྒྱ་ཆ་ལྔ་བཅུའི་ཡན་སྒོ་བརྒྱབ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྡེ་བའི་སློབ་ཆུང་བརྒྱ་ཆའི་བརྒྱད་ཅུ་གྱ་ལྔ་སྒོ་བརྒྱབ་སྟེ་རྫོང་ལ་བསྲེས་ནས་ཐམས་ཅད་བཅའ་སྡོད་སློབ་ཆུང་གི་ངོ་བོར་བསྒྱུར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་སྤེལ་བའི་གྲངས་ཚད་གཞིར་བཞག་སྟེ་བཤད་ན། ༢༠༠༨་ཀྱི་ལོར་མཚོ་སྔོན་ཞིང་ཆེན་ལ་གཞུང་སྒྲུབ་ཐུན་མོང་སློབ་ཆུང་སློབ་གྲྭ་༢༥༥༦་ཡོད་པ་དང་། ༢༠༡༥་ལོར་༩༧༨་མ་གཏོགས་ལྷག་མེད་པ་དང་། གཞུང་སྒྲུབ་ཐུན་མོང་སློབ་འབྲིང་༤༩༡་ཡོད་པ་ཉུང་དུ་བཏང་སྟེ་༣༧༡་མ་གཏོགས་མེད། གནས་ཚུལ་འདིའི་ཡོང་ཁུངས་ནི་མཚོ་སྔོན་མི་རིགས་སློབ་ཆེན་ཆབ་སྲིད་སློབ་གླིང་གི་དགེ་རྒན་ཆེན་མོ་མཱ་ཚོན་ཧྥང་གི་དཔྱད་རྩོམ་མཚོ་སྔོན་བོད་ཁུལ་བཅའ་སྡོད་སློབ་མའི་སེམས་ཁམས་བདེ་ཐང་གི་གནས་སྟངས་དང་སྤྱི་ཚོགས་རོགས་རམ་ཐད་ཀྱི་འབྲེལ་ལམ་ལ་དཔྱད་པ་ཞེས་པ་ལས་བཏུས། (马存芳教授《青海藏区寄宿制学生心理健康状况及社会支持关系研究》)གྲངས་ཀ་་དེ་གཞིར་བཟུང་སྟེ་ཚོད་དཔག་བྱས་ན་བོད་ཁུལ་གྱི་སློབ་ལོ་རན་པའི་བྱིས་པ་བརྒྱ་ཆའི་དགུ་བཅུ་ཡན་ད་བར་བཅའ་སྡོད་སློབ་ཆུང་ན་བཅའ་སྡོད་བྱས་ཡོད་པར་འདོད། རོང་འབྲོག་སྡེ་བ་ཁག་གི་་སློབ་གྲྭ་གཏོར་ནས་རྫོང་ལ་སྤོར་བའི་སྲིད་ཇུས་དེ་ལ་རྒྱ་རིགས་གཙོ་བྱས་པའི་མང་ཚོགས་ཀྱིས་སྐྱོན་བརྗོད་ཟམ་མ་ཆད་པར་བྱས་པའི་སྟེང་། ༢༠༡༡་ལོར་ཀན་སུའུ་ཞིང་ཆེན་ཀྲུན་ཉུན་རྫོང་དུ་སློབ་མ་སྐྱེལ་ལེན་བྱེད་པའི་རླངས་འཁོར་ཞིག་ལ་ཟོང་འཁོར་ཆེན་མོ་ཞིག་གིས་བརྡུང་གཏུག་བརྒྱབ་སྟེ་བུ་བཅོལ་ཁང་གི་བྱིས་པ་༢༡་བསད་པའི་དོན་རྐྱེན་ཞིག་བྱུང་བ་དང་། རྐྱེན་ངན་དེ་ལ་ཁག་བཞག་སྟེ་སློབ་གསོ་པུའུ་ཡིས་སྤྱི་ཚོགས་ཀྱི་གནོན་ཤུགས་མ་ཐེག་པར་རྒྱལ་ཡོངས་སུ་ལོ་བཅུ་ཡི་རིང་ལ་ལག་བསྟར་བྱས་པའི་ཞིང་སྡེའི་ས་ཁུལ་གྱི་སྡེ་བའི་སློབ་ཆུང་དང་སློབ་འབྲིང་རྫོང་སོགས་ལ་སྤོར་བའམ་སློབ་གྲྭ་གཞན་དུ་ཟླ་སྒྲིལ་གཏོང་བའམ་མཉམ་་བསྲེས་བྱེད་པའི་ལས་གཞི་དེ་མཚམས་བཞག མང་ཚོགས་ཀྱིས་སྐྱོན་བརྗོད་བྱེད་དོན་དོན་གཙོ་བོ་གཅིག་ནི་བཅའ་སྡོད་སློབ་གྲྭའི་སྒྲོམ་གཞི་དང་ལག་ལེན་གྱིས་སློབ་མ་དང་དེའི་ཁྱིམ་མི་བཅས་ཀྱི་ལུས་སེམས་ལ་བར་མེད་དུ་ཉེན་ཁ་དང་སྡུག་བསྔལ་འཕར་མ་སྤྲད་པ་མ་ཟད། ལམ་ལུགས་དེས་སློབ་མའི་ཁྲིམས་མཐུན་གྱི་ཐོབ་ཐང་དང་བདེ་འཇགས་ལ་ཁག་ཐེག་མི་ཐུབ་ཅིང་། རྒྱལ་ཁབ་དང་སྲིད་གཞུང་གིས་གཏོང་དགོས་པའི་འོས་འགན་སློབ་གསོའི་འགྲོ་སོང་གི་ཆ་ཤས་དེ་སྲིད་གཞུང་གིས་གཡོ་སྒྱུའི་ཐབས་ལམ་ལ་བརྟེན་ནས་མང་ཚོགས་དང་ཁྱིམ་བདག་ལ་འགྲོ་སོང་དེ་གཏོང་དུ་བཅུག་པའི་ཕུགས་ངན་དེ་ལ་མ་རེངས་པའི་རྒྱུ་མཚན་ཡིན་ཟེར། 

༢༠༡༥་ལོའི་ཡས་མས་སུ་རྔ་བ་ཁུལ་གྱིས་རྔ་བ་ཁུལ་གྱི་སློབ་གསོའི་སྲོལ་ཡིག་ལ་འགྱུར་བ་བཏང་ནས་ཁུལ་དེའི་འོས་འགན་སློབ་གསོའི་དུས་ཡུན་གྱི་སྟེང་ལོ་དྲུག་ཁ་སྣོན་བྱས་ཏེ་ལོ་བཅོ་ལྔར་བཏང་མཐར། ཁུལ་དེའི་ལོ་གསུམ་ཡན་དང་ལོ་བཅོ་བརྒྱད་མན་གྱི་བྱིས་པ་དང་གཞོན་སྐྱེས་ཐམས་ཅད་འོས་འགན་སློབ་གསོའི་ཁྱབ་ཁོངས་སུ་བསྡུས་ནས་བཅའ་སྡོད་སློབ་མ་མང་དུ་བཏང་བས་བྱིས་པ་ལོ་གསུམ་ལོན་མ་ཐག་པ་དག་གཞུང་གི་བཅའ་སྡོད་སློབ་གྲྭར་སྐྱེལ་དགོས་པའི་ཁྲིམས་སྲོལ་གྱི་ལུགས་སྲོལ་ཐོག་མར་བཏོད། སློབ་གསོའི་སྲོལ་ཡིག་དེ་ནི་ཁྲིམས་འགལ་ཡིན་པས་བཟློག་དགོས་པའི་སྐོར་ལ་ཁྲིམས་གླེང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་ལ་ཁྲིམས་ལུགས་བརྟག་དཔྱད་ཀྱི་རེ་ཞུ་ཞིག་བྲིས་ཡོད་ཀྱང་ཚིག་ཚོགས་ལ་འཇིགས་ཏེ་འདིར་བཀོད་མེད། ཞིབ་ཏུ་ཤེས་འདོད་ན་གཤམ་གྱི་འབྲེལ་ཐག་འདི་ནས་ཀྱང་བལྟ་ཐུབ། 

བོད་ཡིག་གི་འབྲེལ་ཐག http://trimleng.org/2018/05/03/constitution-review-on-compulsory-education-regulation-in-aba/ 

རྒྱ་ཡིག་གི་འབྲེལ་ཐག http://trimleng.org/2018/05/03/legal-review-on-abas-education-regulation-in-tibet/

གོང་གི་དཔེར་མཚོན་དུ་བཀོད་པའི་རྔ་བ་ཁུལ་གཅིག་པོ་མིན་པར་བོད་ཀྱི་ས་ཁུལ་གཞན་དག་དུའང་དེ་ལྟར་བཅའ་སྡོད་སློབ་མ་མང་དུ་བཏང་བའི་གནས་ཚུལ་བྱུང་ཡོད་པ་དང་། བཅའ་སྡོད་མིན་པའི་སྡེ་བ་དང་ཡུལ་ཚོའི་སློབ་ཆུང་དང་སློབ་འབྲིང་གཏོར་ཏེ་རྫོང་གི་བཅའ་སྡོད་སློབ་གྲྭར་བསྲེས་པ་དང་། འོས་འགན་སློབ་གསོའི་དུས་ཡུན་ཁྲིམས་འགལ་གྱིས་རིང་དུ་བསྲིངས་བ་ནི་བོད་ཀྱི་ས་ཁུལ་དུ་བཅའ་སྡོད་སློབ་མ་ཇེ་མང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན། 

བཅའ་སྡོད་སློབ་གྲྭས་སློབ་མའི་ལུས་སེམས་ལ་བསྐྱེད་པའི་གནོད་ཉེན། 

༢༠༡༢་ལོར། རྒྱལ་ཁབ་སློབ་གསོ་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱལ་ཡོངས་ཀྱི་སློབ་གསོའི་ལས་དོན་གྱི་ཞིབ་འཇུག་པ་གྲགས་ཅན་ཡང་ཏུང་ཕིན་(杨东平)གྱིས་བཤད་ན། སློབ་གསོ་པུའུ་ཡིས་རྩ་འཛུགས་བྱས་པའི་རྒྱལ་ཡོངས་རྨང་གཞིའི་སློབ་གསོའི་སྤུས་ཚད་ལྟ་རྟོག་ལྟེ་གནས་ཁང་(教育部基础教育质量监测中心)གིས་བཅའ་སྡོད་སློབ་གྲྭའི་སློབ་མའི་ལུས་སེམས་གཉིས་ཀྱི་འཚར་ལོངས་ཀྱི་ཐད་ལ་ལོ་གསུམ་རིང་རྒྱུན་མ་ཆད་པར་བརྟག་དཔྱད་བཏང་མཐར། བཅའ་སྡོད་སློབ་གྲྭའི་སློབ་མའི་ལུས་སེམས་ཀྱི་བདེ་ཐང་དང་སློབ་སྦྱོང་གི་སྦྱངས་འབྲས་གང་ཅིའི་ཐད་ནས་བཅའ་སྡོད་མིན་པའི་བསྐྱོད་སྦྱོང་སློབ་མའི་(走读生)ཆུ་ཚད་ལས་དམའ་བ་མ་ཟད་རྗེས་སུ་ལུས་པའི་བར་ཁྱད་ཀྱང་ཤིན་ཏུ་ཆེ་བའི་དཔྱད་འབྲས་ཐོན་ཡོད་ཟེར། ༢༠༡༥་ལོར་པེ་ཅིན་ཏུ་ཡོད་པའི་ཀིག་ལོའུ་ཡུན་དགེ་ལས་ཐེབ་རྩ་ཚོགས་པ་(北京歌路营慈善基金会)ཟེར་བའི་གཞུང་འབྲེལ་ཁེ་གཉེར་མིན་པའི་ཚོགས་པ་ཞིག་གིས་ཀྱང་ནང་ལོགས་ཀྱི་བཅའ་སྡོད་སློབ་གྲྭའི་གནས་སྟངས། བཅའ་སྡོད་སློབ་མའི་དཀའ་ཁག་དང་སྡུག་བསྔལ་བཅས་ལ་དམིགས་ཏེ་ཀྲུང་གོའི་ཞིང་སྡེ་ས་ཁུལ་གྱི་སློབ་གྲྭར་གནས་གཞི་བཅས་པའི་སློབ་མའི་གནས་སྟངས་ཞིབ་འཇུག་སྐོར་གྱི་སྙན་ཐོ་(中国农村住校生调查报告)ཞེས་པ་ཁྱབ་བསྒྲགས་བྱས་པ་དེས་སྤྱི་ཚོགས་སྟེང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་བཅའ་སྡོད་སློབ་གྲྭའི་གནད་དོན་ལ་རྒྱལ་ཡོངས་རང་བཞིན་གྱིས་གླེང་སློང་དང་ཐེར་འདོན་གྱི་མགོ་བཙུགས། (སྙན་ཐོ་དེ་རྒྱ་ཡིག་གི་སྟེང་འདི་ནས་ཀློག་ཐུབ། ) http://www.growinghome.org.cn/resource/site_1/2017/08/31/18-07-200468-1474959228.pdf

མི་ཞིག་སྐྱེས་པ་ནས་བཟུང་སྟེ་ལག་ཆགས་རག་བར་དུ་བཅུད་ལྡན་གྱི་ཟས་དང་བྱམས་སྐྱོང་ཐམས་ཅད་ཀྱི་འབྱུང་ཁུངས་ནི་དེའི་ཕ་མ་དང་ཡང་ན་ཕ་མ་ལྟ་བུའི་བྱམས་བརྩེ་ལྡན་པའི་ཤ་ཉེ་སོགས་ཡིན། ཁོང་ཚོའི་གམ་ནས་བྱིས་པ་དེས་སེམས་ཁམས་བདེ་དང་ལྷོད་ལ་བབས་ཏེ་དངངས་སྐྲག་མེད་པར་ཞལ་ཟས་དང་རྩེད་མོ། གཉིད་སོགས་ལ་རོལ་ཏེ་བདེ་ཐང་ངང་འཚར་ལོངས་བྱུང་ཐུབ་པ་མ་ཟད། ཕ་མ་དྲན་པའམ་ཡུལ་དྲན་པ་ལ་སོགས་པའི་སྡུག་བསྔལ་འཐོལ་བ་དང་སྦྱར་བྱུང་དེ་མྱོང་མི་དགོས།  བྱམས་བརྩེའི་དྲོད་འཇམ་གྱི་ཁོར་ཡུག་མེད་པར་གཞན་གྱིས་ཟས་སྤྲད་པ་ཙམ་དང་ལྟ་སྐྱོང་ཙམ་གྱིས་བྱིས་པ་དེ་ལག་ཆགས་ཐུབ་མོད་འོན་ཀྱང་བྱིས་པ་དེ་རིགས་ལ་སྐབས་དེ་དང་དུས་ཕྱིས་སུ་ལུས་སེམས་ལ་ཐེབས་པའི་སྦྱར་བྱུང་གི་དཀའ་ངལ་དེ་དག་འཕྲལ་དང་ཡུན་གྱིས་ལུས་དང་སེམས་ངོར་རིམ་གྱིས་མངོན་ཡོང་། ཨ་མེ་རི་ཀའི་སེམས་ཁམས་བརྟག་དཔྱད་པ་རེ་འགས་སྤྲ་ཕྲུག་བཙས་མ་ཐག་པ་འགའ་དེ་དག་གི་མ་དང་བཀར་ནས་གཟབ་ཅིག་ནང་དུ་བཅུག་སྟེ་ལྕགས་མཁྲེགས་ཀྱིས་བཟོས་པའི་སྤྲ་མོ་ལ་ནུ་ར་ཞིག་བཀལ། དེ་ནས་ཤིང་བལ་གྱིས་སྤྲ་མོ་ཞིག་ལས་ཏེ་ལྕགས་ཀྱི་སྤྲ་མོའི་ཉེ་སར་བཞག་སྟེ་སྤྲ་ཕྲུག་གིས་ཅི་བྱེད་ལ་ཚོད་ལྟ་དང་བརྟག་དཔྱད་བྱས་པས། སྤྲ་ཕྲུག་དེ་ལྟོགས་སྐོམ་གྱི་སྐབས་སུ་ལྕགས་ཀྱི་སྤྲ་མོའི་གམ་དུ་ཕྱིན་ནས་དེའི་ནུ་ར་ནང་གི་འོ་མ་ནུས་བའི་རྗེས་སུ་ལྕགས་ཀྱི་སྤྲ་མོ་ལ་མ་ཆགས་པར་འཕྲལ་དུ་ཤིང་བལ་གྱིས་ལས་པའི་སྤྲ་མོའི་གམ་དུ་སོང་སྟེ་འདུག་པའི་དཔྱད་འབྲས་ཐོན། ཚོད་ལྟ་དེས་ཀྱང་སྤྲ་ཕྲུག་ལ་ཟས་རིགས་དགོས་པས་མི་ཚད་དྲོ་ས་བདེ་ས་ཞིག་ཀྱང་ངེས་པར་དུ་དགོས་པ་མཚོན་ཐུབ་ཟེར།  སྤྲ་ཕྲུག་འདི་རིགས་ལག་ཆགས་པའི་རྗེས་སུའང་རྒྱུན་ལྡན་གྱི་སྤྲའི་དཀྱིལ་འཁོར་དུ་མི་འགྲོ་ཞིང་གཤིས་ཀ་རྩིང་བོ། དངངས་སྐྲག་ཆེ་བ་ལ་སོགས་པའི་གཤིས་ཀ་དང་སྤྱོད་ལམ་མི་ལེགས་པ་མང་བའང་བརྟག་དཔྱད་པས་ཤེས་གསལ་བྱུང་། བཅའ་སྡོད་སློབ་གྲྭ་ནས་སློབ་ཕྲུག་རྣམས་ལ་ཟས་གོས་གནས་མལ་སྤྲོད་པའི་དགེ་རྒན་དང་ཇ་མ། སློབ་གཙོ་དང་ལས་བྱེད་དག་ནི་བྱིས་པའི་མིག་ལམ་གྱི་ནང་དུ་ནུ་ར་ཐོགས་པའི་ལྕགས་ཀྱི་སྤྲ་མོ་དེ་དང་འདྲ་བ་དང་། དེ་བཞིན་དུ་རེ་ཞིག་བྱམས་སྐྱོང་དང་ལུས་སེམས་ཀྱི་རོགས་རམ་བྱེད་མཁན་གྱི་དགེ་རྒན་སོགས་ནི་ཤིང་བལ་གྱིས་བྱས་པའི་སྤྲ་མོ་དང་འདྲ་ཡང་། དྲོད་ཁོལ་ཙམ་པོ་བ་དེས་རང་ཉིད་ལ་རྩེ་གཅིག་གིས་བྱམས་ཀྱིས་སྐྱོང་བའི་ཕ་མའི་དྲོད་འཇམ་ལ་སྦྲན་ཏུ་མེད། ཨ་རི་དང་ནུབ་ཕྱོགས་ཀྱི་སེམས་ཁམས་སྨན་པ་ཁ་ཤས་ཀྱིས་ཆུང་དུས་བཅའ་སྡོད་སློབ་གྲྭ་འགྲིམས་མྱོང་བའི་མི་ཕལ་ཆེ་བ་ལ་ཐུན་མོང་གི་ནད་རྟགས་མངོན་པ་བསྡོམས་ནས་དེ་ལ་བཅའ་སྡོད་སློབ་གྲྭའི་ནད་རྟགས་(Boarding School Syndrome)ཞེས་མིང་བཏགས་ཡོད་ཅིང་། ནད་རྟགས་དེའི་ཐུན་མོང་གི་རྣམ་པ་ཁ་ཤས་ནི་གཤམ་གསལ་ལྟར།

  • ངུ་དཀའ་བ། ངུ་འདོད་ཀྱང་ངུ་ས་རྙེད་པའི་ནུས་པ་ཞན་པ།
  • རང་ཉིད་ཀྱི་སེམས་ནང་གི་དགའ་སྡུག་གི་ཚོར་བ་དེ་གཞན་ལ་འཆད་པའམ་སྟོན་པར་མི་ནུས་པ།
  • ཁེར་འདུག་ལ་དགའ་བའམ་གོམས་པ།
  • ནམ་ནམ་ཞར་ཞར་གཞན་གྱིས་བསྟོད་ར་འཐེན་པ་དང་རོགས་རམ་ལ་རེ་ལྟོས་འཆའ་བར་དགའ་བ།
  • གཞན་གྱིས་གཅེས་སྤྲས་ཀྱི་མྱོང་བ་དབེན་པས་རང་གཞན་གཉིས་ལ་གཅེས་མི་ཤེས་པ། 
  • གཞན་གྱི་སྡུག་བསྔལ་ལ་བསམ་ཤེས་དང་སེམས་གསོ་བྱེད་མི་ཤེས་པ། 
  • ནམ་རྒྱུན་བྲེལ་འཚབ་ངང་འདུག་པ་ལས་ལྷོད་ལ་འབབ་མི་ཤེས་པའམ་མི་འབབ་པ།
  • མང་ཆེ་བ་ལ་ཕ་མས་སྲུང་སྐྱོབ་མེད་པས་གཞན་གྱིས་བཙན་གཡེམ་དང་བཙན་རེག་གི་བརྙས་བཅོས་(猥亵霸凌)་བྱས་རྐྱེན་མི་ཚེ་གང་བོར་དེའི་གྲིབ་སྐྱོན་གྱི་དངངས་པ་ལས་ཐར་མ་ཐུབ་པས་ཆགས་པ་ལ་སོགས་པའི་རྒྱུན་ལྡན་གྱི་འདོད་ཡོན་ལ་ལོངས་སྤྱོད་པར་ཞེད་སྣང་ཆེ་བ། 
  • མི་ཆ་མེད་ལ་འཛེམ་བག་དང་དོགས་ཟོན་མི་བྱེད་པར་འདྲིས་སླ་བ།
  • ཡི་མུག་ལྡང་སླ་བ་དང་ལྡང་བར་གོམས་པ། 

གོང་གི་ནད་རྟགས་དེ་དག་ལ་ལ་འཕྲལ་དུ་མངོན་ལ་ནད་རྟགས་མང་ཆེ་བ་སློབ་མ་དེ་དག་གི་་མི་ཚེའི་ཁྲོད་དུ་ལྷག་པར་དུ་དར་ལ་བབས་པའམ་རྒས་པའི་དུས་སུ་རིམ་གྱིས་མངོན་ཡོང་བ་ཞིག་ཡིན་པ་སེམས་ཁམས་སྨན་པས་བརྗོད། 

པེ་ཅིན་གྱི་ཀུག་ལོའུ་ཡུན་ཚོགས་པས་དཔྱད་འབྲས་ནང་དུ་བཅའ་སྡོད་སློབ་མའི་ཟས་གོས་གནས་མལ་སོགས་ཀྱི་འཚོ་བའི་མཐུན་རྐྱེན་དང་ཡོ་ཆས་ཤིན་ཏུ་ཞན་པ་ནི་ཡོངས་ཁྱབ་ཏུ་གནས་པའི་གནད་དོན་ཞིག་ཡིན་པ་དང་དེ་རྒྱུ་རྐྱེན་གཅིག་ནི་དབུས་དང་ས་གནས་སྲིད་གཞུང་གིས་བཅའ་སློབ་གྲྭ་ལ་འགྲོ་གྲོན་འདང་ངེས་ཅན་གཏོང་མི་འདོད་པའི་དབང་གིས་བྱུང་བ་རེད་ཅེས་བསྟན་ཡོད།  བཅའ་སྡོད་སློབ་གྲྭས་སློབ་མ་སོ་སོའི་ལུས་ཀྱི་འབྱུང་ཁམས་ལ་དམིགས་པའི་བཅུད་ལྡན་གྱི་ཞལ་ཟས་སྦྱོར་མི་ཐུབ་པ་དང་། ཆུ་ཚན་དང་མལ་གོས་བཀྲུ་བ་དང་ལྷིང་འཇགས་ངང་ཉལ་ཐུབ་པའི་ཁོར་ཡུག་ཚད་ལྡན་ལ་སོགས་པ་མཁོ་སྤྲོད་མི་བྱེད་པའམ་ཚད་ལྡན་ལྟར་མཁོ་སྤྲོད་བྱས་མེད་པའི་རྐྱེན་གྱིས་སློབ་མ་དེ་དག་ལ་རྣ་ནད་(中耳炎)དང་པགས་ནད། མིད་པའི་ནད་དང་སོ་ནད་བཅས་ནད་རིགས་བཞི་ཕོག་པའི་གྲངས་ཚད་བསྐྱོད་སྦྱོང་སློབ་མ་ལས་ཤིན་ཏུ་མཐོ་བ་མ་ཟད། བཏུང་ཟས་ཀྱི་རིགས་ལ་བཅུད་དང་སྡེབ་སྦྱོར་ཞན་པའི་དབང་གིས་བཅའ་སྡོད་སློབ་མའི་གཟུགས་ཀྱི་རིང་ཚད་ཀྱང་བསྐྱོད་སྦྱོང་སློབ་མ་ལས་ཆ་སྙོམས་པའི་ལི་མའེ་༦་ནས་༡༠་(6-10厘米)་ཡིས་ཐུང་བར་བཤད། ཞིབ་འཇུག་པས་ཉིན་ཞྭ་ཞིང་ཆེན་དུ་བཅའ་སྡོད་སློབ་མའི་ཟས་རིགས་ལ་བརྟག་དཔྱད་བཏང་བའི་སྙན་ཞུ་ཞིག་གི་ནང་དུ་བཅའ་སྡོད་སློབ་མའི་ཉིན་རེའི་ཟས་བཅུད་ཀྱི་རོལ་ཚད་(营养摄入)དེ་བསྐྱོད་སྦྱོང་སློབ་མའི་རོལ་ཚད་ཀྱི་བརྒྱ་ཆའི་རེ་བདུན་མ་གཏོགས་མེད་པ་དང་། རྒྱལ་ཁབ་ཀྱིས་བཅའ་སྡོད་སློབ་མའི་ཟ་མའི་འགྲོ་གྲོན་ཐད་སློབ་མ་རེ་ལ་ཉིན་རེར་རྒྱ་སྒོར་གསུམ་མ་གཏོགས་སྤྲོད་ཀྱི་མེད་པའི་རྒྱུ་མཚན་གྱིས་སློབ་མ་ལ་ལ་བཀྲེས་ལྟོགས་ཀྱིས་མནར་བ་དང་། ལ་ལ་ཟས་བཅུད་མ་མཉམ་པའམ་ཟས་བཅུད་ཀྱིས་མ་འདང་བ་ལ་སོགས་པའི་དབང་གིས་ལུས་ཀྱི་འཚར་ལོངས་ལ་གནོད་པ་ཆེན་པོ་ཐེབས་ཡོད་པ་རེད་ཅེས་བསྟན། 

བཅའ་སྡོད་སློབ་ཆུང་དང་དང་སློབ་འབྲིང་གི་སྡོད་ཁང་རེ་རེའི་ནང་དུ་ཆ་སྙོམས་སློབ་མ་བརྒྱད་ནས་བཅུ་མཉམ་དུ་བསྡད་ཡོད་པ་དང་དཔལ་འབྱོར་གྱི་མཐུན་རྐྱེན་ཞན་པའི་ས་ཆའི་བཅའ་སྡོད་སློབ་གྲྭའི་སྡོད་ཁང་གཅིག་གི་ནང་དུ་སློབ་མ་ཉི་ཤུ་ལྷག་མཉམ་དུ་འདུག་པའི་གནས་སྟངས་ཀྱང་ཡོད། མལ་ཁང་དེ་དག་ལ་རྒྱུན་ལྡན་གྱི་གཙང་སྦྲའི་ཡོ་བྱད་དང་ཆབ་ཁང་ལ་སོགས་མེད་པའི་དབང་གིས་དགོང་མོ་ཉལ་བའི་སྐབས་སུ་ལོ་ན་ཆུང་བའི་སློབ་མ་ཕྱི་རོལ་གྱི་ཆབ་ཁང་ལ་འགྲོ་མ་ཕོད་པར་གཅིན་སོགས་བསྲན་ནས་བསྡད་པའི་རྐྱེན་གྱིས་ལུས་ལ་གནོད་པ་བཟོས་པ། སྐྱོབ་མེད་པའི་ཉལ་ཁྲི་མཐོན་པོ་ལས་མར་ལྷུང་སྟེ་དབང་བོ་དང་རྐང་ལག་ལ་རྨས་སྐྱོན་ཐེབས་པ། འགོས་ནད་འགོས་པའི་ཉེན་ཁ་ཆེ་བ་ལ་སོགས་པའི་ཉེན་ཁ་དང་གནོད་པ་མང་བ་མ་ཟད། དགུན་ཁར་གྲང་ངར་ཆེ་བའི་ས་ཁུལ་དུ་སློབ་མར་སོལ་དུག་དང་གློག་ཕོག་སྟེ་ཤི་རྨས་བྱུང་བ་ཡང་མང་། སློབ་གྲྭའི་བདེ་སྲུང་གི་ཆ་རྐྱེན་དང་མཐུན་རྐྱེན་ཞན་པའི་དབང་གིས་སྤྱི་ཚོགས་སྟེང་གི་མི་ངན་ཁག་སློབ་མའི་མལ་ཁང་སོགས་སུ་ཡོང་སྟེ་སློབ་མར་རྡུང་རྡེག་དང་བཙན་གཡེམ་ལ་སོགས་པའི་ཉེས་སྤྱོད་བྱེད་པའང་ཡོད་ལ་། དེ་བཞིན་སློབ་ཕྲུག་དག་ལ་བཙན་གཉོམ་ཤོར་ཅིང་། སློབ་གྲྭའི་ལྟ་རྟོག་གི་ནུས་པས་མ་འདང་བར་སློབ་མ་བཙན་པོ་དག་གིས་སློབ་མ་གཉོམ་ཆུང་དག་ལ་རྡུང་རྡེག་དང་མཐོང་ཆུང་གིས་ཐུབ་ཚོད་གཏོང་བཞིན་པ་(霸凌)ཡང་མཐོང་ཆོས་ཡིན། །ནམ་རྒྱུན་བཅའ་སྡོད་སློབ་མ་ལ་གཞན་གྱིས་གནོད་པ་བྱས་ན་སློབ་མ་དེས་འཕྲལ་དུ་ཕ་མ་དང་གཉེན་ཉེ་སོགས་ལ་བཤད་པའི་གོ་སྐབས་མེད་པ་དང་དགེ་རྒན་སོགས་ལ་བཤད་པར་ཡིད་ཆེས་དང་སྤོབས་པ་སོགས་མེད་པས་མི་བཤད་པའི་རྐྱེན་གྱིས་རང་ཉིད་ལ་ཐེབས་པའི་གནོད་སྐྱོན་གསང་ནས་བཞག་པས་ཉེས་སྤྱོད་མང་པོ་ཞིག་ཕྱིར་མངོན་ཐུབ་གིན་མེད། ན་ཚོད་ཆུང་བའི་བུ་མོ་ལ་གཞན་གྱིས་བཙན་གཡེམ་ཐེབས་པའི་རྗེས་སུ་དེས་ཕ་མ་དང་དགེ་རྒན་སོགས་ལ་མ་བཤད་པར་གསང་སྟེ་བུ་མོ་དེ་ལ་མངལ་ཆགས་ནས་བཙས་རྟགས་མངོན་པའི་དུས་སུ་ད་གཟོད་དོན་རྐྱེན་དེ་མི་རྣམས་ཀྱིས་ཤེས་ཚོར་བྱུང་བའང་ཡོད། དེ་བཞིན་ཏུ་སློབ་གྲྭའི་དགེ་རྒན་དང་དོ་དམ་པས་ཀྱང་བཅའ་སྡོད་སློབ་གྲྭའི་སྒྲོམ་གཞིའི་ངན་མཚང་དེ་དག་ལ་གླགས་བལྟས་ནས་སློབ་མར་མནར་གཅོད་དང་འཁྲིག་པའི་ཉེས་སྤྱོད་(性犯罪)བྱས་དང་བྱེད་བཞིན་པའི་ཉེས་སྤྱོད་ཀྱང་བྱུང་མྱོང་ཡོད། ཁྱིམ་བདག་གིས་དོན་དེ་དག་ཤེས་ཚོར་བྱུང་དུས་སློབ་གྲྭ་དང་། དགེ་རྒན། ཁྲིམས་འཛིན་ལས་ཁུངས་བཅས་ཀྱིས་དོན་དག་དེ་ལ་ཁ་བཅས་ཏེ་བཤད་ས་མེད་པར་གཏོང་བའམ། སློབ་མའི་ཁྱིམ་ཚང་ལ་དངུལ་ཙམ་སྤྲད་དེ་དོན་དག་མེད་པར་བཟོ་བ་ནི་སྤྱི་ཡོངས་དང་ལྷག་པར་དུ་དཔལ་འབྱོར་སོགས་ཀྱི་འཁོས་ཁ་ཞན་པའི་ས་ཁུལ་གྱི་ལས་ཀ་བྱེད་སྟངས་ཤིག་ཏུ་གྱུར་ཡོད།

ཁྲིམས་ལུགས་དང་རྒྱལ་སྤྱིའི་ཆིངས་ཡིག་སོགས་ཀྱི་གནང་བཀག་སྒྲུབ་གསུམ་གྱི་ཚད་གཞི།

བྱིས་པ་དང་གཞོན་ནུ་རྣམས་ལ་སློབ་གསོ་ཐོབ་པའི་ཐོབ་ཐང་ཡོད་པ་ནི་རྩ་ཁྲིམས་དང་སློབ་གསོའི་ཁྲིམས། འོས་འགན་སློབ་གསོའི་ཁྲིམས་བཅས་ཀྱིས་གཏན་དབབ་བྱས་པའི་གཞི་རྩའི་ཐོབ་ཐང་ཞིག་ཡིན། དེའི་རྒྱུ་མཚན་གྱིས་ས་གནས་སྲིད་གཞུང་ལ་རང་གི་མངའ་ཁོངས་ཀྱི་བྱིས་པ་དང་གཞོན་ནུ་རྣམས་ཀྱིས་སློབ་གསོའི་ཐོབ་ཐང་ཉེ་འཁྲིས་སུ་ལོངས་སུ་སྤྱོད་པ་ལ་སློབ་གྲྭ་དང་དགེ་རྒན་དང་སྐྱེལ་འདྲེན་སོགས་ཀྱི་མཐུན་རྐྱེན་སྦྱོར་བའི་འོས་འགན་ཡོད། ། འོས་འགན་སློབ་གསོའི་ཁྲིམས་ཀྱི་ནང་དུ་བྱིས་པ་དང་གཞོན་ནུ་རྣམས་ཀྱིས་རང་གི་སྡོད་གནས་ཀྱི་ཉེ་འཁྲིས་སུ་སློབ་གསོ་ཐོབ་པའི་ཐོབ་ཐང་ཡོད་ཅེས་གཏན་ལ་ཕབ་ཡོད་ཅིང་། ཁྲིམས་ཡིག་འདིའི་ནང་གི་ཉེ་འཁྲིས་ཞེས་པའི་གོ་དོན་ནི་སློབ་གསོ་པུའུ་ཡིས་༡༩༨༧་ལོར་གཏན་འབེབས་བྱས་པའི་༼འོས་འགན་སློབ་གསོའི་སློབ་སྒྲུབ་ཆ་རྐྱེན་གྱི་ཚད་གཞི་དང་ལག་བསྟར་ཐབས་ལམ། འཆར་འགོད་སྡོམ་རྩིས་ཚད་ཐིག་གི་གནད་དོན་སོགས་གཏན་དབབ་བྱེད་དགོས་པའི་སྐོར་ཀྱི་བསམ་འཆར་རེ་འགའ་༽(《关于制定义务教育办学条件标准、义务教育实施步骤和规划统计指标问题的几点意见》)ཞེས་བྱ་བའི་ཡིག་ཆའི་ནང་དུ། སློབ་གྲྭ་དང་སློབ་མའི་ཁྱིམ་ཚང་བར་གྱི་བར་ཐག་དེ་སྤྱི་ལེ་གསུམ་གྱི་ཚུན་ཡིན་དགོས་ཤིང་། སློབ་ཆུང་སློབ་མ་ཁྱིམ་ཚང་ནས་སློབ་གྲྭར་རྐང་ཐང་དུ་སོང་ན་སྐར་མ་སུམ་བཅུ་ནས་བཞི་ཅུ་ཞེ་ལྔ་་ཡི་ནང་དུ་སླེབས་ངེས་པ་ཞིག་ཡིན་དགོས་ཤིང་། སློབ་འབྲིང་སློབ་མ་ཡིན་ན་སྐར་མ་དྲུག་བཅུའམ་དུས་ཚོད་གཅིག་གི་ནང་དུ་སླེབས་ཐུབ་པའི་བར་ཐག་ཅིག་ཡིན་དགོས་ཤིང་། སློབ་མ་བསྡད་ཡོད་ས་དང་སློབ་གྲྭའི་བར་ཐག་དེ་སྤྱི་ལེ་གསུམ་གྱི་ནང་ཚུན་ཡིན་དགོས་ཞེས་གསལ་ཁ་བཏོད་ནས་གཏན་དབབ་བྱས་པ་དེ་ལ་གོ་དགོས། འོན་ཀྱང་དེང་སྐབས་བར་ཐག་དེ་སྤྱི་ལེ་ལྔའམ་དྲུག་ཏུ་བཏང་ཡོད་པ་སློབ་གསོ་པུའུ་ཡི་དཔོན་ཆེན་གྱི་གཏམ་བཤད་ལས་ཐེངས་ཁ་ཤས་ཐོས་མོད་དེ་འབྲེལ་གྱི་ཡིག་ཆ་མཐོང་མེད། དེའི་རྒྱུ་མཚན་གྱིས་དེང་སྐབས་སྡེ་བ་དང་ཚོ་ཆུང་ལའང་སློབ་ཆུང་དང་སློབ་འབྲིང་མང་དུ་གཟིག་དགོས་པ་ལས་རེ་གཉིས་མ་གཏོགས་མེད་པ་དེ་ཚར་བཅད་དེ་སློབ་མ་རྒྱང་ཐག་རིང་བའི་རྫོང་ཁག་ཏུ་བཏང་ན་སློབ་མའི་ཉེ་འཁྲིས་སུ་སློབ་གསོ་ཐོབ་པའི་ཐོབ་ཐང་དེ་སྟོང་གཏམ་དུ་འགྱུར་རོ། 

སློབ་གསོ་བ་གྲགས་ཅན་ཡང་ཏུང་ཕིན་གྱིས་གཞུང་སྒྲུབ་ཀྱི་བཅའ་སྡོད་སློབ་གྲྭ་ཉིང་དགོས་ནི་སྲིད་གཞུང་གིས་འོས་འགན་སློབ་གསོའི་ཐད་ལ་འགྲོ་སོང་ཉུང་དུ་གཏོང་བའམ་མི་གཏོང་བ་དེ་ཡིན་ཞེས་བཤད་ཡོད་པ་བཞིན།  གྲངས་ཉུང་མི་རིགས་ས་ཁུལ་སོགས་སུ་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་བྱིས་གཞོན་རྣམས་དེ་དང་དེའི་ཕ་མའི་འདོད་མོས་ཡོད་མེད་ལ་མ་བལྟས་པར་སློབ་མ་ཐག་རིང་གི་སློབ་གྲྭ་ཞིག་ཏུ་བཅའ་སྡོད་བྱེད་དུ་བཅུག་སྟེ་ཁྱིམ་དུ་ལོག་མི་ཆོག་པར་བཏང་བ་ནི་སློབ་གསོའི་མིང་བཟུང་སྟེ་བྱིས་པ་བཙན་བཀག་བྱས་ནས་ཁྱིམ་ཚང་གི་བདེ་སྐྱིད་དང་ཐོབ་ཐང་སྣང་མེད་དུ་བཏང་བའམ་ཁོ་ཚོའི་རྒྱུན་ལྡན་གྱི་འཚོ་བར་གཏོར་བརླག་བཏང་བ་རེད་མ་གཏོགས་སྲིད་གཞུང་གིས་ཡུལ་མཐར་གནས་པའི་མང་ཚོགས་ལ་ཤ་ཚ་བའམ་ཕན་འདོགས་པའི་ཀུན་སློང་དང་སྦྱོར་བ་མིན། སྲིད་གཞུང་གིས་ཕ་མ་དང་བུ་ཕྲུག་ལ་གདམ་གསེས་དང་མོས་མཐུན་གྱི་རང་དབང་མ་སྤྲད་པར་བཙན་གྱིས་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ལག་བསྟར་བྱས་ཏེ་ཕ་མ་བུ་ཕྲུག་སོ་སོར་བཏང་སྟེ་བུ་ཕྲུག་དེ་དག་གི་འཚོ་བའི་བདེ་འཇགས་དང་བདེ་ཐང་ལ་འགན་ཁུར་ཆ་ཚང་མི་འཁུར་བའམ་ཁུར་བའི་འདོད་པ་དང་ནུས་པ་མེད་པ་ནི་དེང་སྐབས་གཞུང་སྒྲུབ་བཅའ་སྡོད་སློབ་གྲྭའི་དེ་ཉིད་ཡིན། སྲིད་གཞུང་གིས་གཞུང་དངུལ་བཏང་ནས་སློབ་གྲྭ་འཐོལ་པ་བསྐྲུན་མི་དགོས་པ་དང་དགེ་རྒན་འཐོལ་བ་བསྐྱེད་བསྲིང་བྱེད་མི་དགོས་པའི་ཆེད་དུ་ངམ་གནག་གི་སྲིད་ཇུས་འདི་རིགས་ལག་བསྟར་བྱས་པའི་དོན་དངོས་རིམ་གྱིས་ཕྱིར་མངོན་ཡོང་གི་ཡོད། ཀྲུང་གོ་རྒྱལ་ཁབ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་སྤྱི་ཆིངས་(儿童权利公约)གི་ནང་དུ་སྔ་མོ་ཉིད་ནས་ཞུགས་ཏེ་ཆིངས་ཡིག་དེ་བསྲུང་བར་ཁས་བླངས་པའི་རྒྱལ་ཁབ་ཀྱི་གྲས་ཡིན། ཆིངས་ཡིག་དེའི་དོན་ཚན་དགུ་བ་ནང་ཆིངས་ཡིག་ལ་ངོས་ལེན་བྱེད་པའི་རྒྱལ་ཁབ་ཀྱིས་བྱིས་པ་དང་དེའི་ཕ་མའི་མོས་མཐུན་མེད་པར་བྱིས་པ་དང་ཕ་མ་སོ་སོ་ཁ་བཀར་མི་ཆོག་ཅིང་། གལ་ཏེ་དེ་ལྟར་དགར་དགོས་ཚེ་ཁྲིམས་མཐུན་གྱི་བརྒྱུད་རིམ་བརྒྱུད་དེ་ཁྲིམས་ཁང་གིས་ཁྲིམས་ལུགས་ལ་བརྟེན་ནས་བརྟག་དཔྱད་བཏང་མཐར་ཐག་བཅད་ནས་དགར་ན་ནི་དམིགས་བསལ་ཡིན་ཞེས་བཀོད་ཡོད་པ་དེ་ལ་སྲིད་གཞུང་གིས་རྒྱབ་འགལ་བྱས་ཡོད། གཞུང་སྒྲུབ་བཅའ་སྡོད་སློབ་གྲྭ་ནི་སྲིད་གཞུང་གིས་སློབ་གསོ་ལག་བསྟར་གྱི་མིང་ཐོག་ནས་རང་གིས་དབང་བསྒྱུར་ཟིན་པའི་མངའ་ཁོངས་ཀྱི་མི་རིགས་གཞན་རིགས་རྒྱུད་བཙན་སྒྱུར་སྤེལ་པའི་ལག་ཆ་གཙོ་བོ་ཞིག་ཡིན་པས་སྦྱོར་བ་དེ་རིགས་ལ་འགྲོ་བ་མིའི་རིགས་ལ་རྒོལ་བའི་ཉེས་སྤྱོད་(反人类罪行)་བསྐྱེད་པའི་ངོ་བོ་ཡང་ཡོད། ༢༠༡༧་ལོའི་ཟླ་༡༡་པའི་ཚེས་༢༤་ཉིན། ཁ་ན་ཏའི་སྲིད་བློན་ཅ་སི་ཏྲིན་་ཁྲོ་མདོ་(Justin Trudeau )ཡིས་ཁ་ན་ཏའི་སྲིད་གཞུང་གིས་མི་ལོ་བརྒྱ་ལྷག་གི་རིང་ལ་རྒྱལ་ཁབ་དེའི་གཞི་འཛིན་མི་རིགས་ཀྱི་རིགས་རྒྱུད་བཙན་སྒྱུར་བྱེད་ཆེད་གཞི་འཛིན་མི་རིགས་ཀྱི་བྱིས་གཞོན་དག་བཙན་གྱིས་གཞུང་སྒྲུབ་བཅའ་སྡོད་སློབ་གྲྭར་ཁྲིད་དེ་སློབ་གསོ་སྲིད་ཇུས་ལག་བསྟར་བྱས་པ་ནི་ནོར་འཁྲུལ་ཡིན་པར་ངོས་ལེན་བྱས་ཏེ་ཁ་ན་ཏའི་རྒྱལ་ཁབ་ཀྱི་ཚབ་བྱས་ནས་ཁ་ན་ཏའི་གཞི་འཛིན་མི་རིགས་ལ་འགྱོད་གཤགས་དང་དགོངས་དག་ཞུས་ཡོད་པ་འདིས་ཀྱང་གཞུང་སྒྲུབ་བཅའ་སྡོད་སློབ་གྲྭའི་ངོ་བོ་དང་དེའི་ཟབ་སར་སྦས་པའི་དམིགས་ཡུལ་དེ་དག་མཚོན་ནུས།

མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་སུམ་ཅུ་སོ་བདུན་གྱི་ནང་དུ་གྲངས་ཉུང་མི་རིགས་ཀྱི་འབྲོག་ཁུལ་དང་རི་སུལ་ས་ཁུལ་བཅས་སུ་བཅའ་སྡོད་སློབ་ཆུང་དང་སློབ་འབྲིང་འཛུགས་པའི་ཐབས་ལམ་གཙོ་བོར་བཟུང་སྟེ་འོས་འགན་སློབ་གསོར་ཁག་ཐེག་དང་ལག་བསྟར་བྱེད་རྒྱུ་ཡིན་ཞེས་གཏན་འཁེལ་བྱས་པའི་ཁྲིམས་ཡིག་དེ་ནི་དབུས་སའི་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་བྱིས་པ་དང་གཞོན་ནུ་རྣམས་བཅའ་སྡོད་སློབ་གྲྭར་འདེད་སྤྱད་ཀྱི་ཁྲིམས་ལུགས་ལག་ཆ་དང་རྒྱབ་རྟེན་ཏུ་གྱུར་ཡོད་པ་དང་། ཁྲིམས་ཡིག་དེ་གོང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་སྤྱི་ཆིངས་ལ་རྒྱབ་འགལ་བྱས་པའི་གནད་དོན་ཡོད་པར་བསམ། གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་ནས་ཐབས་ལམ་གཙོ་བོ་གང་ལ་བརྟེན་ནས་མི་ཆོས་དང་མཐུན་པར་འོས་འགན་སློབ་གསོ་སྤེལ་བ་ནི་གྲངས་ཉུང་མི་རིགས་རྣམས་ཀྱི་དབང་ཐང་དང་ཐོབ་ཐང་ཡིན་པ་ལས། ཁྲིམས་ལུགས་ཀྱིས་མཐའ་གཅིག་ཏུ་དེ་དག་གི་མི་ལུས་རང་དབང་དང་ཁྱིམ་ཚང་ཐོབ་ཐང་སྣང་མེད་དུ་བཏང་སྟེ་བཅའ་སྡོད་སློབ་གྲྭ་སྤེལ་དགོས་ཟེར་ན་རྩ་ཁྲིམས་ཀྱི་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་གཞན་གྱིས་གནོད་འཚེ་བཏང་མི་ཆོག་ཅེས་དང་། གཉེན་སྒྲིག་དང་། ཁྱིམ་ཚང་དང་། ཨ་མ་དང་བྱིས་པ་བཅས་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པ་(婚姻、家庭、母亲和儿童受国家的保护。)ཅེས་འཁོད་ཡོད་པའི་རྩ་དོན་ལའང་ཐད་ཀར་འགལ་ཡོད་པ་མཐོང་ཐུབ། 

མཐའ་དོན། 

མདོར་ན། བྱ་མོ་ཞིག་གིས་རང་གིས་བཙས་པའི་བྱེའུ་བྱ་མོ་གཞན་ལ་བཅོལ་ནས་གཉོར་སྐྱོང་བྱེད་དུ་མི་འཇུག་པ་དང་། དེ་བཞིན་དུ་ཕག་དང་འབྲི་དང་དུད་འགྲོ་གཞན་གྱིས་ཀྱང་དེ་ལྟར་མི་བྱེད་ན། སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་གིས་བརྟག་དཔྱད་དང་བསམ་བློ་འོས་མཚམ་མ་བཏང་བར་རངཉིད་ཀྱི་ཤ་ཁྲག་ལས་མཆེད་པའི་ལོ་ན་ཤིན་ཏུ་ཕྲ་བའི་ཕྲུ་གུ་དེ་དག་་བཅའ་སྡོད་སློབ་གྲྭ་དང་དགེ་རྒན་དང་དོ་དམ་པ་ཆ་རྒྱུས་མེད་པ་དག་ལ་བཅོལ་ཅིང་གཏད་དེ་རང་ཉིད་བློ་བདེ་བག་ཕེབས་ངང་འདུག་ཐུབ་པ་དེ་ལ་ཡ་མི་མཚར་རམ། ཡ་མི་ངའམ། གྲོ་ནས་ཞིག་འཚིག་སོང་ན་དེ་ས་འོག་ལ་བཏབ་ཀྱང་ལོ་ཏོག་འབྱུང་བའི་གོ་སྐབས་མེད་པའི་དཔེ་བཞིན་བྱིས་པ་དང་གཞོན་ནུ་ཞིག་གི་ལུས་སེམས་ཀྱི་བདེ་ཐང་དང་བདེ་འཇགས་ཆུང་དུས་ནས་བཅོམ་བརླག་བྱས་ཚེ་བྱིས་པ་དེ་མི་ཚེ་གང་པོར་བདེ་སྐྱིད་ཀྱི་འཚོ་བར་རོལ་བའི་གོ་སྐབས་དབེན་པར་འགྱུར་རོ། དགེ་རྒན་ཆེན་མོ་མཱ་ཚུན་ཧྥང་གིས་མཚོ་སྔོན་བོད་ཁུལ་དུ་བཅའ་སྡོད་སློབ་གྲྭའི་གྲངས་ཚད་ཐུན་མོང་སློབ་གྲྭ་དང་བསྡུར་ན་ཚད་ལས་བརྒལ་བར་མང་བ་དང་། མགོ་ལོག་ཁུལ་ན་སློབ་ཆུང་༥༥་ཡོད་པའི་ནང་དུ་༥༡་བཅའ་སྡོད་སློབ་ཆུང་ཡིན་པ་དང་། ཡུལ་ཤུལ་ཁུལ་ན་སློབ་ཆུང་༡༡༤་ཡོད་པ་ནང་༡༡༠་བཅའ་སྡོད་སློབ་ཆུང་ཡིན། བཅའ་སྡོད་སློབ་གྲྭ་དང་སློབ་མའི་ཁྱིམ་ཚང་གི་བར་ཐག་རིང་བའི་རྐྱེན་གྱིས་སློབ་མ་རྒྱུན་ཏུ་རང་ཡུལ་ལ་འགྲོ་བའི་གོ་སྐབས་དབེན་པས་ཕ་མའི་བྱམས་བརྩེ་ལ་མྱོང་རོལ་གྱི་གོ་སྐབས་ཉུང་བ། སློབ་གྲྭའི་འཚོ་བ་དང་བདེ་འཇགས་ཀྱི་མཐུན་རྐྱེན་ཞན་པ་ལ་སོགས་པའི་རྐྱེན་གྱིས་བོད་ཁུལ་གྱི་བཅའ་སྡོད་སློབ་མ་ལ་སེམས་དང་རྟོག་པའི་ནད་གདོན་དཔེར་ན་སྲ་འཐས་མཁྲེགས་ཆོད་ཀྱི་སེམས་ནད་(强迫症)(OCD)དང་་ཨུ་ཚུགས་མཐར་སྐྱེལ་གྱི་སེམས་ནད།(偏执症) ཡི་མུག་དང་སེམས་འཚིག་གི་སེམས་ནད་(焦虑症)སོགས་ཀྱི་ནད་རྟགས་རྒྱལ་ཡོངས་ཀྱི་ཐུན་མོང་སློབ་མ་དང་བསྡུར་ན་མང་བར་མངོན་ཅེས་བསྟན་ཡོད། ཟས་ཕ་མས་བགོས་ན་མང་ཉུང་མེད། ཕ་མ་ནི་བུ་ཕྲུག་གི་ཁམས་དང་མོས་པ་སོགས་ལེགས་པར་ཤེས་མཁན་ཡིན་པས་བྱིས་པ་དང་གཞོན་ནུ་ཚོར་མཚོན་ན་ཕ་མ་ནི་ཆེས་བཟང་བའི་དགེ་རྒན་དང་ཁྱིམ་ཚང་ནི་ཆེས་བཟང་བའི་སློབ་གྲྭ་ཡིན། ཟས་དགེ་རྒན་དང་སློབ་གཙོ་དང་ཇ་མ་སོགས་ལ་བགོ་རུ་བཅུག་ན་དེ་དག་གིས་ཆགས་སྡང་གི་དབང་གིས་ཆེ་ཆུང་དང་མང་ཉུང་དང་བཟང་ངན་གྱི་ཁྱད་ཤོར་བར་བྱེད་པ་ནི་མིའི་ཆོས་ཉིད་ཡིན་ཙང་། ང་ཚོས་རང་གི་ལོ་ན་གསུམ་ཡན་ནས་བཅོ་ལྔ་མ་ལོན་པའི་བུ་ཕྲུག་དག་བཅའ་སྡོད་སློབ་གྲྭ་རུ་སྐྱེལ་མིན་ལ་བསམ་བློ་བཞི་སུམ་བཅུ་གཉིས་གཏོང་རན་ལ་ཐོན་པ་མ་ཟད་སྲིད་གཞུང་གིས་བོད་མི་བྱིངས་ལ་འདོད་མོས་ཡོད་མེད་ལ་མ་ལྟོས་པར་གཞུང་སྒྲུབ་བཅའ་སྡོད་སློབ་གྲྭ་སྤེལ་བར་དབང་ཐང་ཡོད་མེད་དང་། དེ་ལྟར་སྤེལ་བའི་རྒྱབ་ལོགས་ཀྱི་མཐོང་ཆོས་སུ་མ་གྱུར་བའི་བསམ་སྦྱོར་ལ་ཞིབ་འཇུག་དང་དོགས་ཟོན་ཡང་བྱེད་རན། རྒྱ་རིགས་དང་ཁ་ཆེའི་རིགས་སོགས་ལ་བཅའ་སྡོད་སློབ་མ་ལྟོས་འཇོག་གིས་ཤིན་ཏུ་ཉུང་བ་དང་བོད་རིགས་ལ་བཅའ་སྡོད་སློབ་མ་ཤིན་ཏུ་མང་པའི་དངོས་ཡོད་གནས་ཚུལ་དང་དེ་ལས་མཆེད་པའི་གནོད་སྐྱོན་ལ་བསམ་བློ་བཏང་སྟེ། ཚར་བཅད་ཟིན་པའི་བོད་རིགས་ཀྱི་སྡེ་བའི་ཐུན་མོང་གི་སློབ་གྲྭ་སླར་གསོ་དང་མེད་པ་གསར་བསྐྲུན་བྱས་ཏེ་རང་ཉིད་ཀྱི་བུ་ཕྲུག་གིས་རང་ཁྱིམ་གྱི་ཉེ་ས་ནས་བདེ་ཐང་གིས་འོས་འགན་སློབ་གསོར་རོལ་ཐུབ་པ་ལ་འབྲེལ་ཐོགས་ཀྱི་ལས་དོན་ཁག་འབད་དེ་བསྒྲུབ་དགོས་པར་མཐོང་།