དེ་རིང་གི་གཏམ་བཤད་ཀྱི་མིང་ལ་ས་ཁྲིམས་རྣམ་བཤད་ཡུལ་ལྷ་དགྱེས་པའི་ཀུ་རེ་ཟེར། དེ་ཟེར་དོན་ཡང་ཚོགས་པ་འདིའི་ནང་གི་ཚོགས་མི་མང་ཆེ་བ་འབྲོག་པ་རེད། ཁོང་ཚོས་རྒྱལ་ཁབ་ཀྱི་ས་ཁྲིམས་སྐོར་ལ་སྐད་ཆ་ཞིག་བཤད་དགོས་ཞེས་སྐུལ་བའི་ངོ་མ་ཆོད་པར་ས་ཁྲིམས་ས་སྲིད་ཀྱི་སྐོར་ལ་སྐད་ཆ་མདོར་ཙམ་ཞིག་བཤད་དགོས་བྱུང་། རྒྱལ་ཁབ་འདིའི་ས་ཡི་ཁྲིམས་ལུགས་དང་ས་ཡི་སྲིད་ཇུས་དེ་དག་ང་ཚོ་བོད་ཡུལ་གྱི་བརྟན་མ་བཅུ་གཉིས་ལ་སོགས་པའི་ཡུལ་ལྷ་གཞི་བདག་གིས་ཀྱང་ཐོས་ན་ཀྱེ་མ་ཡ་མཚན་ཆེ། ཀུ་རེ་ཨེ་ཡིན་ནམ་ཞེས་བཞད་གད་ཤོར་སྲིད་པར་སྣང་བས་ཁ་བྱང་འདི་ལྟར་སྦྱར་བ་ཡིན། དེ་ལ་ཁྱེད་རྣམ་པས་འཆར་ཡན་དང་འགྲེལ་བརྗོད་གང་རུང་བྱས་ན་ཆོག

ད་དེ་རིང་གི་བཤད་པར་བྱ་བ་ནི་ས་ཞིང་གི་ཁྲིམས་དང་སྲིད་ཇུས་ཀྱི་སྐོར་ཡིན། རྒྱལ་ཁབ་དང་སྲིད་གཞུང་ཡ་རབས་ཤིག་ཡིན་ན། དེས་ཚན་རྩལ་དང་ཀླད་པ་ལ་བརྟེན་ནས་སྒོར་མོ་བཙལ་ནས་དཔལ་འབྱོར་སྒྲུབ་ཀྱིན་ཡོད། དེས་བེ་སང་(མི་དམངས)སྒེར་གྱི་རྒྱུ་ནོར་ལ་ལག་པ་འཆང་བར་འཛེམ་ཟོན་བྱེད་པ་ཞིག་ཡིན། རྒྱལ་ཁབ་དང་སྲིད་གཞུང་སྡུག་ཅག་ཅིག་ཡིན་ན། དེས་ག་དུས་ཡིན་ཡང་མི་དམངས་ཀྱི་རྒྱུ་ནོར་འཕྲོག་བཅོམ་བྱས་ཏེ་དཔལ་འབྱོར་སྒྲུབ་ཀྱིན་ཡོད། དེ་འདྲའི་རྒྱལ་ཁབ་དང་སྲིད་གཞུང་ཞིག་ལ་མི་སྒེར་གྱི་རྒྱུ་ནོར་ལ་བརྩི་བཀུར་བྱེད་དགོས་ཞེས་པའི་བསམ་པ་དང་ཀུན་སློང་ཡེ་ནས་མེད། དཔེར་ན། ང་ཚོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་སྲིད་གཞུང་དེ་ཚོ་ལྟ་བུའོ།།  རྒྱ་ནག་ལ་གཏམ་དཔེ་ཞིག་ཡོད། དེ་ནི་སྲིད་གཞུང་གིས་མི་དམངས་ཀྱི་ལག་ནས་དཔལ་འབྱོར་གྱི་ཁེ་ཕན་རྩོད་མི་རུང་ཟེར།(官不与民争利) གཏམ་དཔེ་དེ་ནི་སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་འགོར་བའི་རྗེས། འོ་སྐོལ་གྱི་རྒྱལ་པོ་གཉའ་ཁྲི་བཙན་པོའམ་མུ་ཁྲི་བཙན་པོའི་རིང་ལ་རྒྱ་ནག་གི་ལཱོ་རྒྱལ་ཕྲན་གྱི་མདུན་ན་འདོན་ཞིག་གིས་བཤད་པའི་སྐད་ཆ་རེད། ཡིན་ནའང་དོན་དངོས་སུ་རྒྱ་ནག་གི་རྒྱལ་རབས་ཡོད་དོ་ཅོག་ནི་གཞུང་གིས་མི་དམངས་ཀྱི་ལག་གི་ཁེ་ཕན་དང་། ལྷག་པར་དུ་ས་ཞིང་བརྩད་ནས་ཆགས་འཇིག་གནས་གསུམ་བྱུང་བའི་ལོ་རྒྱུས་ཤིག་ཡིན། ད་སྐབས་ཀྱང་དེ་འདྲ་རེད། ས་གནས་སྲིད་གཞུང་གིས་མང་ཚོགས་ཀྱི་ལག་ན་ཅ་ལག་རིན་གོང་མཐོ་བ་གང་ཡོད་པ་དེ་དག་བཙན་གྱིས་འཕྲོག་པ་དང་ཐབས་ཀྱིས་གཡོ་ལེན་བྱས་དང་བྱེད་བཞིན་པ་དེས་མང་ཚོགས་ལ་དཀའ་ལས་སྣ་ཚོགས་བཟོས་ཡོད་པ་ད་སྐབས་མངོན་སུམ་གྱི་མཐོང་ཆོས་སུ་གྱུར་ཡོད་པ་དེ་རེད། ཁོང་ཚོས་མ་བྱིན་ལེན་པའི་སྒོ་ནས་མང་ཚོགས་ཀྱི་ལག་ནས་བླངས་པའི་སྒོར་མོ་དེ་དག་སྒེར་གྱིས་བག་མེད་དུ་ལོངས་སུ་སྤྱོད་པ་ལས་ཕྱིར་མང་ཚོགས་ཀྱི་སྟེང་དུ་མ་བཀོལ་བས་ད་བར་དབུལ་ཕྱུག་གི་ཧེ་བག་ཇེ་ཆེར་འགྲོ་བཞིན་པ་ཡང་དེ་རེད།  ཁོང་ཚོས་མང་ཚོགས་ཀྱི་ལག་ནས་ས་གཞི་བཙན་གྱིས་འཕྲོག་མ་ཐུབ་ན་སྲིད་ཇུས་བཟོས་ནས་འཕྲོག་གི་རེད། ད་སྐབས་ས་ཞིང་གི་གནད་དོན་ཡང་འདི་འདྲའི་ཛ་དྲག་གི་དུས་མཚམས་ཤིག་ལ་སླེབས་ཡོད། ས་ཞིང་བདག་དབང་གི་གནད་དོན་སེལ་མ་ཐུབ་ན་རྒྱལ་རབས་ཀྱི་མགོ་རྟིང་ཡང་སློག་ཡོད་པ་དེ་ཐེངས་གཅིག་ཐེངས་གཉིས་མ་རེད། རྒྱ་ནག་གི་ལོ་རྒྱུས་ཤེས་ན་གནད་དེ་ཤེས་པ་རེད། དེའི་ཕྱིར་རྒྱལ་ཁབ་ཀྱི་ས་ཁྲིམས་ཀྱི་སྐོར་གྱི་གཏན་འཁེལ་མང་ཆེ་བ་སྲིད་ཇུས་ལ་རག་ལས། ད་སྐབས་རིམ་གྱིས་ཁྲིམས་ཀྱིས་གཏན་འཁེལ་བྱེད་པའིརྣམ་པ་ཞིག་ཡོང་གི་འདུག ཡིན་ནའང་དེ་ལ་ཕུགས་ཡོད་མེད་ད་རུང་མི་ཤེས།  

རྩ་ཁྲིམས་ལྟར་ན་ས་ཞིང་བདག་དབང་ངམ་བདག་ཏུ་འཛིན་མཁན་ལ་རིགས་གཉིས་ཡོད། དེ་ནི་རྒྱལ་ཁབ་ཀྱིས་བདག་ཏུ་འཛིན་པ་དང་། ཐུན་མོང་གིས་བདག་ཏུ་འཛིན་པ་དེ་གཉིས་ཡིན། དེས་ན་ཅི་ཞིག་ལ་ཐུན་མོང་ཟེར་ཞེ་ན། ཐུན་མོང་ཞེས་པ་ནི་ཆབ་སྲིད་ཀྱི་ཐ་སྙད་ཅིག་ཡིན་པ་ལས། ཁྲིམས་ལུགས་ཀྱི་ཐ་སྙད་ཅིག་མིན། ཐུན་མོང་ནི་ཚོགས་པའམ་སྐྱིད་སྡུག་ཅིག་གི་དོན་ལ་གོ། བོད་ལ་སྐྱིད་ཚང་གཅིག་དང་སྡུག་སྐོར་གཅིག་ཅེས་བཤད་སྲོལ་ཞིག་ཡོད། ཕལ་ཆེར་དེ་འདྲའི་ཚོགས་པ་ཞིག་ལ་ཐུན་མོང་ཟེར་གྱི་ཡོད། དེ་ལ་ཡང་དབྱེ་ན་གྲོང་ཁྱེར་གྱི་ཐུན་མོང་དང་ཞིང་ལས་ཐུན་མོང་ཞེས་རིགས་གཉིས་ཡོད། དུས་རབས་སྔ་མའི་ལོ་རབས་ལྔ་བཅུའི་ནང་དུ་མཉམ་ལས་ཞེས་བྱ་བ་བྱུང་ཞིང་། སྐབས་དེར་ས་ཞིང་བདག་དབང་གི་ཐོབ་ཐང་མི་སྒེར་གྱི་ལག་ཏུ་ད་དུང་གནས་ཡོད། རང་རང་གི་ས་ཞིང་སྟེང་ནས་སོ་ནམ་བྱེད་པ་ལས་རྒྱལ་ཁབ་ཀྱིས་དེའི་བདག་དབང་ལ་ཇུས་གཏོགས་ཆེར་བྱས་མེད། མཉམ་ལས་ཀྱི་སྐབས་སུ་མཐོ་རིམ་མཉམ་ལས་ཞེས་བྱ་བའི་ནང་དུ་ཞིང་བ་དང་འབྲོག་པའི་ས་ཞིང་བདག་དབང་གི་ཐོབ་ཐང་མེད་པར་བཟོས་མོད་དེ་ལ་དཔག་པའི་རྒྱུ་ནོར་གྱི་ཐོབ་ཐང་སྤྲད་ཡོད་པ་རེད།

དེའི་རྗེས་སུ་མི་དམངས་གུང་ཧྲེ་ཡི་སྲིད་ཇུས་དར། གུང་ཧྲེ་ཟེར་བ་ནི་གཞུང་གི་སྤྱི་ཚོགས་ཀྱི་བསྡུས་མིང་ཡིན། སྲིད་ཇུས་དེའི་ངོ་བོ་ནི་ས་ཞིང་ཡོད་ཚད་གཞུང་ལ་བླངས་ནས་མཉམ་དུ་ངལ་རྩོལ་བྱེད་པ་དང་མཉམ་དུ་བགོ་བཤའ་བྱེད་པ་དེ་ཡིན། ལམ་ལུགས་དེ་དར་བ་ནས་བཟུང་རོང་འབྲོག་མང་ཚོགས་ཀྱི་ས་ཞིང་བདག་གིར་འཛིན་པའི་ཐོབ་ཐང་ཡོངས་སུ་ཤོར་ཏེ་ད་རག་བར་དུ་ཐོབ་ཐང་དེ་ཕྱིར་རག་མེད། སྲིད་ཇུས་དེས་ཀྱང་མི་དམངས་ལ་ཁྲིམས་ལུགས་ཀྱི་སྟེང་ན་ས་ཞིང་དང་འབྲེལ་བ་ཡོད་པའི་འབྲེལ་ཐག་དེ་བཅད་པ་རེད་ལ། དུས་དེ་ནས་བཟུང་ས་ཞིང་གི་གནད་དོན་དེ་སྲིད་ཇུས་ཀྱིས་བཀོད་འདོམས་བྱེད་པ་ལས་ཁྲིམས་ལུགས་དང་དམངས་ཁྲིམས་སོགས་ཀྱིས་བཀོད་འདོམས་བྱ་ཡུལ་མིན་པ་ཞིག་ཏུ་གྱུར། 

ཐུན་མོང་ཟེར་དུས་ངེས་ཅན་གྱི་ནང་དུ་གང་ཟག་སྒེར་གྱིས་གྲུབ་པའི་ཚོགས་པ་ཞིག་ལ་གོ། ང་ཚོའི་ཕལ་སྐད་དུ་སྡེ་བ་ཟེར་གྱི་ཡོད། དེ་སྔོན་ཐོན་སྐྱེད་རུ་ཁག་ཀྱང་ཟེར། ངས་བལྟས་ན་སྡེ་བའམ་ཐོན་སྐྱེད་རུ་ཁག་ཟེར་བ་དོན་ལ་གནས་པ་འདྲ། ད་བར་གྱི་ཁྲིམས་ལུགས་ཀྱིས་འདིའི་ཐད་ལ་ཤིན་ཏུ་མངོན་གསལ་གྱི་མཚན་ཉིད་ཅིག་བཞག་མེད།

དེ་ནས་སྡེ་དམངས་ལྷན་ཁང་དང་ཐུན་མོང་གི་དབར་ནའང་ཁྲིམས་ལུགས་ཀྱི་འགལ་འབྲེལ་སྣ་ཚོགས་ཡོད། ས་ཆ་ལ་ལ་ནས་སྡེ་དམངས་ལྷན་ཁང་གིས་དབང་ཆ་བཟུང་ནས་སྡེ་དམངས་ལ་ཐོབ་ཐང་མི་སྤྲོད་པ་དང་། ས་ཆ་ལ་ལ་ནས་སྡེ་དམངས་ཀྱིས་དབང་ཆ་བཟུང་ནས་སྡེ་དམངས་ལྷན་ཁང་ལ་དབང་ཆ་རྩ་བ་ནས་མི་སྤྲོད་པ་སོགས་ཡོང་གི་ཡོད། སྡེ་དམངས་ལྷན་ཁང་གི་ཁྲིམས་བཅས་པ་ནས་བཟུང་། ནུབ་རྒྱུད་ས་ཁུལ་དང་དཔལ་འབྱོར་ཞན་པའི་ས་ཁུལ་ནས་སྡེ་དམངས་ལྷན་ཁང་གིས་ས་ཞིང་བདག་དབང་གི་ཐོབ་ཐང་བཟུང་སྟེ། ཐུན་མོང་དངོས་ལ་བདག་དབང་དེ་སྤྲོད་ཀྱི་མེད། སྤྱིར་བཏང་ཁྲིམས་ལུགས་ལྟར་ན་སྡེ་དམངས་ལྷན་ཁང་ནི་ཆབ་སྲིད་ཚོགས་པ་ཞིག་ལས་དཔལ་འབྱོར་གྱི་བདག་དབང་འཛིན་ཆོག་པའི་ཚོགས་པ་ཞིག་མིན། སྡེ་དམངས་ལྷན་ཁང་བྱུང་བ་ནས་བཟུང་ཐུན་མོང་ཚོགས་པའི་དབང་ཐང་རིམ་གྱིས་ཉམས་དམས་སུ་སོང་ཡོད། སྡེ་དམངས་ཀྱི་ས་ཞིང་འགན་གཙང་ལེན་གྱི་གན་རྒྱ་འཇོག་དུས་སྡེ་དམངས་ལྷན་ཁང་དང་མཉམ་དུ་འཇོག་གི་ཡོད་པ་མ་གཏོགས་ཐུན་མོང་དཔལ་འབྱོར་ཚོགས་པ་དང་མཉམ་དུ་འཇོག་གི་མེད། དོན་དངོས་གནས་བཤད་ན་དེ་སྔོན་གྱི་ཐུན་མོང་དཔལ་འབྱོར་ཚོགས་པ་དེ་ད་སྐབས་མེད་པ་འདྲ། ད་སྐབས་ཤར་ཕྱོགས་ཡར་རྒྱས་སུ་སོང་ཡོད་པའི་ས་ཆ་ནས་ས་ཞིང་མ་རྐང་ལ་བཞག་སྟེ་མ་རྐང་ཁྱིམ་ཚང་རེ་ལ་བགོ་བཤའ་བྱས་ཤིང་། བགོ་བཤའ་བྱས་པའི་རྗེས་སུ་མི་འཕེལ་ན་མ་རྐང་མི་འཕེལ་བ་དང་མི་བྲི་ན་མ་རྐང་མི་བྲི་ཞེས་པའི་ལམ་ལུགས་ཤིག་དར་བཞིན་ཡོད། དེ་ནི་དེ་སྔོན་གྱི་མི་འཕེལ་ན་ས་མི་འཕེལ། མི་བྲི་ན་ས་མི་བྲི་ཞེས་པའི་ལམ་ལུགས་དང་གཅིག་རེད། དེའི་ཕྱིར་ས་ཞིང་གི་གྲངས་ཚད་གཏན་འཁེལ་བྱེད་པ་དེ་ཡང་གནད་དོན་ཞིག་ཡིན།

དེ་ནས་རང་གི་ས་ཞིང་ཐོག་ནས་ཁང་པ་འཛུགས་བསྐྲུན་བྱེད་པ་དེ་རེད། ས་གཞི་དོ་དམ་ཁྲིམས་ཀྱི་དོན་ཚན་༤༣་ལྟར་ན། རོང་འབྲོག་གི་ས་ཞིང་སྟེང་ནས་སོ་ནམ་མི་བྱེད་པར་འཛུགས་སྐྲུན་བྱེད་རྒྱུ་ཡིན་ན། ཐོག་མར་ས་ཞིང་དེའི་ངོ་བོ་ཐུན་མོང་ལ་དབང་བ་དེ་སྲིད་གཞུང་དང་རྒྱལ་ཁབ་ལ་དབང་བར་བསྒྱུར་བའི་རྗེས་སུ་ད་གཟོད་འཛུགས་སྐྲུན་དང་ཉོ་ཚོང་བྱས་ཆོག་ཅེས་གཏན་འཁེལ་བྱས་ཡོད། གནད་དོན་འདི་ན་ཡོད། འབྲོག་པ་རྩྭ་ཆུ་མི་བཟང་བའི་རྩྭ་ས་ཞིག་ཚོང་དཔོན་ནོར་བུ་ས་ཉོས་ནས་ཀོ་ཧྥུ་(高尔夫)སྤོ་ལོ་རྩེད་ས་ཞིག་ཏུ་བསྒྱུར་ཏེ་ཚོང་གཉེར་བྱེད་བསམ་ན་དེ་ནི་ཁྲིམས་དང་འགལ། ཁྲིམས་མཐུན་གྱི་བརྒྱུད་རིམ་ནི་རྒྱལ་ཁབ་ཀྱིས་རྩྭ་ས་དེ་ཁྱེད་ཀྱི་ལག་ནས་བཙན་གྱིས་བླངས་ཏེ་ཚོང་དཔོན་ནོར་བུར་བཙོང་། ཚོང་དཔོན་གྱིས་སྲིད་གཞུང་ལ་སྒོར་འབོར་ཆེན་སྤྲད་པའི་རྗེས་སུ་སྤོ་ལོ་རྩེད་ས་བཟུང་། དེ་ནས་སྲིད་གཞུང་གིས་འབྲོག་པ་དེ་ལ་སྒོར་བཅུ་ཆ་གཅིག་ཙམ་སྤྲད་དེ་དོན་དག་རྫོགས་པར་མཛད། འདི་ནི་རྒྱལ་ཁབ་འདིའི་ས་ཁྲིམས་ཀྱི་ཆོ་འཕྲུལ་ངོ་མ་དེ་རེད། ཡུལ་ལྷ་གཞི་བདག་མ་དགོས་དོན་མི་ཤེས་པའི་བླུན་པོ་ཞིག་གིས་ཀྱང་སྐད་འདི་གོ་ན་གད་མོ་ཤོར་གྱི་རེད། ཚོགས་ཆེན་བཅོ་བརྒྱད་ཀྱི་སྐབས་སུ་གནད་འདི་ལ་འགྱུར་བ་ཅུད་ཟད་བཏང་ཡོད་ཟེར། འོན་ཀྱང་འགྱུར་བ་ཆེན་པོ་ཞིག་ད་དུང་བཏང་མེད། དེ་ནི་གཙོ་བོ་རང་གི་ཁང་གཞིས་བསྐྲུན་པའི་ས་ཐོག་གི་ཁང་ཁྱིམ་དེ་གཞན་ལ་བཙོང་ཆོག་མིན་གྱི་གནད་དོན་རེད། གོང་ནས་བཤད་པ་ནང་བཞིན་རེད། ཁྱེད་ཀྱིས་ཁྱེད་ཀྱི་གན་རྒྱ་ལས་བྱུང་བའི་ས་ཐོག་ནས་ཁང་ཐོག་བརྩེགས་ནས་ཚོང་་གཉེར་བྱས་མི་ཆོག་མོད། རྒྱལ་ཁབ་ཀྱིས་ཁྱེད་ཀྱི་ལག་ནས་ས་དེ་བླངས་ནས་ཁང་ཐོག་བརྩེགས་མཁན་ལ་བཙོང་སྟེ་ཁེ་གཉེར་བྱས་ཆོག་པ་མ་ཟད་ཁྱེད་ལ་སྐད་ཆ་མང་པོ་བཤད་པའི་ཐོབ་ཐང་མེད། ས་ཁྲིམས་ཀྱི་གནད་དོན་གཙོ་བོ་འདི་ལ་ཐུག་ཡོད།

དེ་ནས་གན་རྒྱ་ཡི་སྐོར་རེད། གན་རྒྱ་ཞིག་འཇོག་དགོས་ན་ཕན་ཚུན་གྱི་གོ་གནས་འདྲ་མཉམ་ཡིན་དགོས་པ་མ་ཟད། གན་རྒྱ་དེ་རང་གར་བཤིག་ཆོག་གི་མ་རེད། སྡེ་དམངས་ལྷན་ཁང་ཡིན་ན་འདྲ། ཐུན་མོང་དཔལ་འབྱོར་ཚོགས་པ་ཡིན་ན་འདྲ། གན་རྒྱ་་བཞག་ཕྱིན་ཆད་ནས་བཟུང་དོ་བདག་གི་ཐོབ་ཐང་དེ་ཐོད་པའི་མིག་ལྟར་བསྲུང་དགོས་པ་མ་གཏོགས་གྱང་ཁའི་རྩྭ་ལྟར་འདུག་མི་རུང་། དེ་རིང་ཞང་སྲིད་གཞུང་ཡོང་ནས་དེ་བ་ཚང་གི་རྩྭ་ས་ལེན་དགོས་ཟེར་ན་ཡ་ཟེར། སང་ཉིན་རྫོང་སྲིད་གཞུང་ཡོང་ནས་ད་ལོར་དབྱར་སར་རུ་བཀལ་མི་ཆོག་ཟེར་ན་ཡང་ཡ་ཟེར། དེ་ནི་སྡེ་དམངས་ལྷན་ཁང་དང་ཐུན་མོང་དཔལ་འབྱོར་ཚོགས་པ་དེ་ལ་ནུས་པ་མེད་པའམ་སྙིང་སྟོབས་མེད་པའི་དན་རྟགས་རེད། འབྲོག་པ་དང་སྡེ་བའི་བར་ན་གན་རྒྱ་ཡོད་པ་རེད། གན་རྒྱ་ལས་སླ་བོར་བཤིག་ན་ཁྲིམས་དང་འགལ་ཡོད་པ་མ་ཟད་མི་ཆོས་དང་ཡང་འགལ། ཕོ་རབ་ཚིག་ཐོག འཕར་བ་རྗེས་ཐོག་དགོས་པ་ལས། སྔ་བྲོ་མགོ་ལ་རྭ་བཏགས་ནས་ཤྭ་ཡི་གྲལ་ལ་འགྲོ་བ་དང་། ཕྱི་བྲོ་རྐུབ་ལ་རྩམ་པ་བརྐུས་ནས་དགོ་ཡི་གྲལ་དུ་ཚུད་ན་མི་འགྲིག དེ་མི་གཞི་མ་བཟང་བ་རེད། ནམ་ཡིན་རུང་དྲང་པོས་གཞུང་བསྲངས་ན་སྒོང་ངས་རྟ་འཁྱོག་པའི་སྙིང་སྟོབས་དེ་དགོས། ལྷག་པར་དུ་དེང་གི་དུས་སྐབས་འདིར་འདི་འདྲའི་ཆོད་སེམས་དགོས་པ་རེད། དེ་གནད་དོན་གཅིག་རེད། དེ་ནས་ས་ཞིང་བདག་དབང་གི་ཐོབ་ཐང་རེད། དེའི་སྐོར་ལ་ལོ་རེ་རེའི་ཟླ་དང་པོའི་ནང་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཞེས་པ་ཞིག་སྤེལ་ནས་གསལ་བཤད་དང་བཀོད་འདོམས་བྱེད་ཀྱིན་ཡོད། ༢༠༠༧ ལོར་དངོས་ཟོག་བདག་དབང་གི་ཁྲིམས་ཀྱིས་ས་ཞིང་འགན་གཙང་ལེན་ཚོང་གཉེར་ཐོབ་ཐང་ནི་དངོས་ཟོག་བདག་དབང་གི་ཁེ་ཕན་བཀོལ་སྤྱོད་ཀྱི་བདག་དབང་ཐོབ་ཐང་ཡིན་པ་གཏན་འཁེལ་བྱས་པའི་རྗེས་སུ། རོང་འབྲོག་མང་ཚོགས་ཀྱི་གན་རྒྱ་ལས་ཐོབ་པའི་ཐོབ་ཐང་དེ་ཁྲིམས་ལུགས་ཀྱི་ངོས་ནས་ཤུགས་ཆེ་རུ་བཏང་ཡོད། འདིའི་སྐབས་སུ་རང་རང་གི་རྩྭ་ས་དེ་ལ་བདག་དབང་ཐོབ་ཐང་ཐོ་འགོད་བྱེད་དགོས་པ་དེ་ཤེས་དགོས། དེ་ནི་རང་ཉིད་ལ་བརྒྱུད་པའི་བདག་དབང་ཡོད་པ་མཚོན་བྱེད་ཀྱི་ཡིག་ཆ་ཞིག་ཡིན། ཡིག་ཆ་དེའི་ནང་དུ་རང་གི་རྩྭ་སའི་མཚམས་དང་རྒྱ་ཁྱོན་སོགས་བཀོད་ཡོད། དེ་མ་ནོར་བར་བྱ་དགོས་པ་གལ་ཆེ།

རྩྭ་སའི་བདག་དབང་གི་ཐོབ་ཐང་རྣམ་པ་གསུམ་དུ་དབྱེ་ཡོད་པ་དེ་ཡང་ཤེས་དགོས། དེ་ནི་རང་གི་རྩྭ་ས་དེའི་སྟེང་ན་ཡོད་པའི་ཐོབ་ཐང་གསུམ་སོ་སོར་བཀར་ཆོག་པ་དེ་ལ་ཟེར། རང་གིས་ཕྱུགས་ཟོག་འཚོ་མི་ཐུབ། རྩྭ་ས་བདག་སྐྱོང་བྱེད་མི་ཐུབ་ན་གཞན་ལ་གླས་ནས་དོ་དམ་བྱེད་དུ་བཅུག་ན་ཆོག དེ་སྔོན་འདི་ལྟར་བྱས་ན་ཐོབ་ཐང་ཤོར་བའི་ཉེན་ཁ་ཡོད། ད་སྐབས་དེ་ལྟར་བྱས་ཆོག་པ་མ་ཟད་རྩྭ་སའི་ཐོབ་ཐང་དེ་དངུལ་ཁང་སོགས་ནས་བུ་ལོན་ལེན་པར་གཏའ་མར་ཡང་བཞག་ཆོག་ཟེར།

མཐའ་མར་རྩྭ་ས་གཞུང་བཞེས་བྱེད་པའི་སྐོར་རེད། རྩ་ཁྲིམས་ཀྱི་ནང་དུ་སྤྱི་ཕན་གྱི་ཆེད་དུ་མི་སྒེར་གྱི་ས་ཞིང་གཞུང་བཞེས་བྱས་ན་ཆོག་ཅེས་གཏན་འཁེལ་བྱས་ཡོད་པས། ས་གནས་སྲིད་གཞུང་ལ་འབྲོག་པའི་ལག་ནས་རྩྭ་ས་གཞུང་བཞེས་བྱེད་པའི་དབང་ཐང་དེ་ཡོད། ཡིན་ན་ཡང་གཞུང་བཞེས་བྱེད་དགོས་ན་རྒྱུ་མཚན་ཡང་དག་ཅིག་དགོས། དེ་ནི་ས་ཞིང་དེ་ཀུན་ལ་ཕན་པའི་ལས་གཞི་ཞིག་གི་ཆེད་དུ་བཀོལ་སྤྱོད་བྱེད་པ་ཞིག་ཡིན་དགོས། འདི་ནས་ཤེས་དགོས་པ་ཞིག་ནི་ཀོའོ་ཧྥུ་སྤོ་ལོ་རྩེད་ར་སོགས་ནི་ཀུན་ཕན་ལས་གཞི་མིན་པས་རྒྱུ་མཚན་འདི་དག་ལ་ཁག་བཞག་ནས་རྩྭ་ས་གཞུང་བཞེས་བྱས་མི་ཆོག གཞུང་བཞེས་བྱས་ན་ཡུལ་ལྷ་གཞི་བདག་ཀྱང་དགོད་རྒྱུ་ཡོང་གི་རེད། དེ་མ་ཡིན་པར་གཞུང་བཞེས་བྱེད་སྐབས་གཞུང་བཞེས་ཀྱི་དམིགས་ཡུལ་དང་རྒྱུ་མཚན། གུན་གསབ་དང་འཇལ་སྟངས་སོགས་ཞིབ་ཚགས་པོར་བྲིས་ནས་གསལ་བསྒྲགས་སྤེལ་ཏེ། དོ་བདག་མོས་མཐུན་ཡོད་མེད་དང་མོས་མཐུན་མེད་ན་ཅི་ཞིག་བྱེད་དགོས་པ་སོགས་སྤྱི་བསྒྲགས་བྱེད་དགོས། གསང་བའི་སྒོ་ནས་ལས་དོན་འདི་རིགས་སྒྲུབ་མི་ཆོག དེ་རིང་གི་གཏམ་བཤད་འདི་ཙམ་གྱིས། ད་བདེ་མོ་བྱོས།